སྙན་ཆ་གི་རིགས།
ཆོས་ལྡན་འབྲུག་གི་རྒྱལ་ཁབ་འདི་ནང་ལུ་ རྒྱལ་ཁབ་ཀྱི་རང་དབང་རང་བཙན་བདག་འཛིན་འབད་ནིའི་དོན་ལུ་ ལམ་ལུགས་སྲོལ་མ་འདྲཝ་ལེ་ཤ་ར་ཡོདཔ་ཨིན། དེའི་ནང་ལས་ཡང་ སྙན་ཆ་གི་རིགས་ལས་འགོ་བཟུང་རྒྱལ་ཁབ་ཀྱི་ངོ་རྟགས་བདག་འཛིན་འབད་ཚུགས་པའི་ནུས་པ་རྒྱ་ཆེཝ་སྦེ་་ར་ཡོདཔ་ཨིན། སྙན་ཆ་ཟེར་མི་འདི་ ལྷ་མོ་དབྱངས་ཅན་མ་ལུ་ཁྱད་ཆོས་བརྗོད་པའི་ཚུལ་བཟུམ་ཅིག་ཨིན་པས། དེ་ཡང་ རང་བཞིན་གྱི་སྙན་ཆ་དང་ཁྱད་ཆོས་དང་འཁྲིལ་ཏེ་བཟོ་ཡོད་པའི་སྙན་ཆ་ཁག་གཉིས་ཡོདཔ་ཨིན། རང་བཞིན་གྱི་སྙན་ཆ་འདི་ ཕྱིའི་་ཅ་ཆས་དང་འཁྲིལ་མ་དགོ་པར་རང་སོའི་སྐད་ཀྱི་ཐོག་ལས་ཕུལ་མི་ཅིག་ལུ་སླབ་ནི་དང་ ཁྱད་ཆོས་ཀྱི་སྙན་ཆ་འདི་ སྙན་ཆ་གི་ཅ་ཆས་ཚུ་དང་འཁྲིལ་ཏེ་ཕུལ་མི་ཅིག་ལུ་སླབ་ཨིན།
སྙན་ཆ་འདི་ལུ་ཡང་སྐྲོག་ཐངས་དབྱངས་རིང་དང་དབྱངས་ཐུང་ཟེར་གཉིས་ལུ་དབྱེ་སྟེའདུག། དབྱངས་རིང་འདི་ གཙོ་བོ་ཆོས་འབྲེལ་དང་སྔར་སྲོལ་བཟང་པོའི་ཞབས་ཁྲ་དང་འཁྲིལ་ཏེ་ལག་ལེན་འཐབ་ནི་དང སྙན་ཆ་དང་གཟུགས་ཀྱི་རྣམ་འགྱུར་ཚུ་ཡང་ལྷོད་ལྷོད་སྦེ་་གདོང་དགའ་མཛུམ་དང་གུས་ཞབས་ཀྱི་ཐོག་ལས་ཕུལཝ་ཨིན། དབྱངས་ཐུང་འདི་ སྤྱིར་བཏང་འབོད་སྒྲ་ཕུལ་བའི་སྐབས་ལག་ལེན་འཐབ་ཨིན། དེ་ཡང་ གཟུགས་ཀྱི་རྣམ་འགྱུར་དང་སྙན་ཆ་ཡང་ཨ་ཙི་མགྱོགས་དྲགས་ཡོད་པའི་ཁར་ གདོང་གི་རྣམ་འགྱུར་ཡང་ཞབས་ཁྲའི་ཚིག་དང་སྙན་ཆ་ཚུ་དང་འཁྲིལ་ཏེ་ཕུལཝ་ཨིན། ཚེ་རིང་ཆོས་སྐྱིད་དང་དགེ་ལེགས་དབང་ཕྱུག་ ( ༢༠༡༥ ཤོག་གྲངས་ ༧༢) འབྲུག་རྒྱལ་ཁབ་ནང་ལུ་ གླུ་གཞས་ཕུལ་བའི་སྐབས་གཙོ་བོ་ར་སྙན་ཆ་ཁག་བཞི་ལུ་བརྟེན་དགོཔ་ཨིན། དེ་ཡང་ དབྱངས་ཅན། སྒྲ་སྙན། པྱི་ཝང། གླིངམ་བཅས་བཞི་ཡོདཔ་ཨིན།
དང་པ་་དབྱངས་ཅན་འདི་ དབྱངས་ཧན་ཏོང་ཏོ་སྦེ་་གོ་ནི་འདི་གིས་དབྱངས་ཅན་ཟེར་སླབ་ཨིན། དེའི་རྒྱུ་ཡང་ཤིང་དང་ལྕགས་ཚུ་གིས་བཟོ་བཟོཝ་ཅིག་ཨིན་པའི་ཁར་ ལག་ལེན་འཐབ་པའི་སྐབས་ལྷ་མོ་དབྱངས་ཅན་མའི་གསུངས་སྐད་་གོ་དོ་བཟུམ་སྦེ་ རྣ་བར་ཧན་ཏོང་ཏོ་སྦེ་་གོ་ནི་འདི་གིས་དབྱངས་ཅན་ཟེར་སླབ་ཨིན། དབྱངས་ཅན་འདི་ དབྱངས་སྙན་དང་སྙན་འགྱུར་གྱི་སྙན་ཆ་ཅིག་ཨིན་པའི་ཁར་ མི་དབང་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༥༤ ལུ་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་འགོ་བཙུགས་གནངམ་དང་འབྲེལ་ བོད་ལས་འབྱོན་མི་སློབ་དཔོན་ ཨཱ་མ་ནིའུ་ལ་གིས་འབྲུག་རྒྱལ་ཁབ་ནང་འགོ་དང་པ་དབྱངས་ཅན་འདི་ངོ་སྤྲོད་མཛད་གནང་ནུག། དབྱངས་ཅན་འདི་མང་ཆེ་ཤོས་ཅིག་འབོད་སྒྲ་གི་སྐབས་ལུ་ལག་ལེན་འཐབ་དོ་ཡོདཔ་ཨིན་པས། བཀྲ་ཤིས་ཚེ་རིང།(༢༠༢༡)
གཉིས་པ་སྒྲ་སྙན་འདི་རང་ལུགས་ཀྱི་སྙན་ཆ་ཅིག་ཨིན། སྒྲ་སྙན་འདི་སྒྲ་ཧན་ཏོང་ཏོ་སྦེ་་གོ་བའི་སྙན་ཆ་ཅིག་འབདཝ་ལས་སྒྲ་སྙན་ཟེར་སླབ་ཨིན་པས། དེ་ཡང་ རྒྱུ་ཤིང་དང་སེམས་ཅན་གྱི་པགས་ཀོ་ལས་གྲུབ་པའི་ཁར་བཟོ་རྣམ་ཚུ་ཡང་པར་བརྐོ་སྟེ་འཇའ་ཆི་ཆི་སྦེ་ཡོདཔ་ཨིན། སྙན་ཆ་སྒྲ་སྙན་གྱི་ངོ་བོ་འདི་ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཞི་ལས་ འཕྲིན་ལས་ཀྱི་འགྲོ་དོན་མཛད་པའི་དོན་ཨིནམ་ལས་ ལྷ་མོ་དབྱངས་ཅན་མའི་ཕྱག་ལུ་བསྣམས་མིའི་དོན་དག་ཡང་འདིཨིན་པས། སྒྲ་སྙན་འདི་ལུ་ཐགཔ་བདུན་ཡོད་མི་དེ་ཡང་ ཧེ་མ་མཁའ་འགྲོ་བདུན་ཁྲུས་གནང་བའི་སྐབས་ཁོང་གི་སྒྲ་སྙན་ཚུ་ཤིང་གུ་ལས་དཔྱངས་བཞགཔ་ད། གཡུས་ཁའི་དྭཝ་བུཚ་ཅིག་གིས་མཐོང་སྟེ་སྒྲ་སྙན་བསྐྲོགས་ནུག། དེ་ལས་མཁའ་འགྲོ་ཚུ་ལོག་ཕུར་འབྱོནམ་ད་ མཁའ་འགྲོ་ཆུང་ཤོསམ་འདི་ དྭཝ་བུཚ་འདི་ལས་མོ་རའི་སྒྲ་སྙན་ལོག་ལེན་ནི་སྦེ་་རྟིང་་མ་ལུད་སོ་ནུག། དེ་འབདཝ་ད་བུཚ་འདི་གིས་སྒྲ་སྙན་འདི་ཁོ་ལུ་ཞུ་དགོ་པས་ཟེར་ཞུཝ་ད་ མཁའ་འགྲོ་གིས་དེ་སྦེ་གསུངས་ནུག། ཁྱོད་ཀྱིས་སྒྲ་སྙན་འདི་གནམ་ནུབ་མོ་མ་གཏོགས་དུས་ཚོད་གཞན་མི་ནང་མ་བསྐྲོགས་པར་བཞག་ནི་དང་ མི་གཞན་མི་ལུ་མ་པ་ལས་རབསྐྲོག་མ་བཅུག་ཟེར་གསུངམ་བཞིན་དུ་ བུཚ་འདི་གིས་ཡང་ཁས་བླངས་འབད་དེ་ དྭཝ་བུཚ་འདི་ཉིནམ་གཅིག་བ་གཅིག་ཕྱུགཔོ་ཐལཝ་ད་གཡུས་ཁའི་མི་ཚུ་ཁོ་ལུ་བལྟ་ཧ་ལས་ཏེ་ ཁོ་ག་དེ་སྦེ་འབདཝ་ཨིན་ན་ཤེས་དགོ་མནོ་སྟེ་སྡོད་ནུག། ཚར་གཅིག་འབདཝ་ད་ བུམོ་དག་པ་ཅིག་གིས་ཁོ་གི་སྐོར་ལས་ཤེས་ཏེ་ ཁོ་གི་སྒྲ་སྙན་འདི་འབག་འགྱོ་སྟེ་སྐྲོགཔ་ད་ གནམ་ཉི་མ་ཡང་བསྐྲོག་སར་མཁའ་འགྲོ་གིས་གཟིགས་ཏེ། མཁའ་འགྲོ་དགོངསམ་ཁྲེལ་ཏེ་སྒྲ་སྙན་གྱི་ཐགཔ་གཅིག་བཏོགས་བཏང་དཔ་་ལས་ ད་རེས་ནངས་པ་་སྒྲ་སྙན་གྱི་ཐགཔ་བདུན་ཡོད་ས་ལས་གཅིག་ཐུང་ཀུ་སྦེ་ཡོད་མི་འདི་ དེ་ལས་བརྟེན་ཏེ་ཨིན་པས། དེ་འབདཝ་ལས་ ཐགཔ་རིངམོ་དྲུགཔོ་འདི་ཨ་ཞེམོ་་གི་ཐགཔ་དང་ཐུང་ཀུ་འདི་ནུམོ་གི་ཨིནམ་སྦེ་བཤད་ནི་འདུག།
གསུམ་པ་ པྱི་ཝང་འདི་ རྒྱུ་རྭཝ་དང་ཤིང་ལ་སོགས་པ་དང་ གཞུ་ཐག་ལག་ལེན་འཐབ་སྟེ་སྐྲོགཔ་ཨིན་པས། པྱི་ཝང་གི་མགུ་ཏོ་གུར་ནོར་བུ་དང་བྱ་ཚེ་རིངམོ་ཟེར་བཟོ་རྣམ་མ་འདྲཝ་ལེ་ཤ་བཟོ་ནི་འདུག། པྱི་ཝང་གི་ཐགཔ་འདི་ རྟའི་མཇུགམ་གིས་བཟོ་དོ་ཡོདཔ་སྦེ་བཤད་ནི་འདུག། པྱི་ཝང་གི་བཟོ་རྣམ་འདི་ཡང་ རྒྱ་རྫིའི་དབྱིབས་བཟུམ་སྦེ་ཡོད་པའི་ཁར་ སེམས་ཅན་གྱི་པགས་ཀོ་ཕྱ་སི་སི་གིས་སྦྱར་ཏེ་བཟོཝ་ཨིན་པས། པྱི་ཝང་འདི་ང་བཅས་ར་དཔལ་ལྡན་འབྲུག་པའི་ཆོས་སྲུང་ཡུལ་འཁོར་སྲུང་གི་ཕྱག་མཚན་ཨིནམ་སྦེ་་བཤདཔ་ཨིན་པས།
བཞི་པ་ གླིངམ་ཟེར་མི་འདི་ རྒྱུ་སྦ་དང་སྤག་ཤིང་དེ་ལས་ལྕགས་ཚུ་གིས་བཟོ་སྟེ་ འདི་གུར་་དོང་དྲུག་སྤེད་དེ་ཚད་གཞི་དང་ལྡནམ་སྦེ་བཟོ་སྟེ་ འཕུ་བའི་སྐབས་ལུ་་སྒྲ་ཧན་ཏོང་ཏོ་སྦེ་་གོ་མི་ཅིག་ལུ་སླབ་ཨིན། དེ་ཡང་ ང་བཅས་རའི་རྒྱལ་ཁབ་དང་ཕྱིའི་རྒྱལ་ཁབ་ནང་ལས་ཕར་དར་ཁྱབ་འགྱོ་བའི་ཁར་ མི་ཚུ་གིས་ཡང་སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན། ལ་ལུ་ཅིག་གིས་སླབ་མིའི་ནང་འབད་བ་ཅིན་ གླིངམ་འདི་ནོར་རྫིཔ་ཚུ་གིདོན་ལུ་ཁག་ཆེ་ཤོས་དང་དགའ་ཤོས་ཅིག་སྦེ་་རྩིཝ་ཨིན། གླིངམ་འདི་སངས་རྒྱས་ཤཱཀྱ་ཐུབ་པ་ལུ་མཆོད་པ་ཕུལ་བའི་མཁའ་འགྲོ་མ་ མཆོད་པའི་ལྷ་མོ་གིས་དུས་རྒྱུན་དུ་ཕྱག་ལུ་བསྣམས་ཏེ་བཞུགསཔ་ཨིན་པའི་ལོ་རྒྱུས་འདུག། སྙན་ཆ་འདི་ཚུ་རང་རང་སོ་སོའི་སྒྲ་དབྱངས་དང་གླུ་གཞས་ཚུ་གི་མགྱོགས་ལྷོད་དང་འཁྲིལ་ཏེ་སྐྲོགཔ་ཨིན་པས།
ཁུངས་གཏུག།
[ཞུན་དག]- བཀྲ་ཤིས་ཚེ་རིང། (༢༠༢༡) རྒྱལ་གཞུང་ཟློས་གར་སློབ་སྦྱོང་་ལྟེ་བ།
- ཚེ་རིང་ཆོས་སྐྱིད་དང་དགེ་ལེགས་དབང་ཕྱུག། (༢༠༡༥) མི་ལོ་ ༦༠ འཁོར་བའི་དུས་སྟོན།
- ཚེ་རིང་ཆོས་སྐྱིད་དང་དགེ་ལེགས་དབང་ཕྱུག། (n.d.) མི་ལོ་ ༦༠ འཁོར་བའི་དུས་སྟོན།