སྟག་ཚང་སེང་གེ་བསམ་གྲུབ་རྫོང།
སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ཞབས་ཀྱིས་བཅགས་གནང་བའི་སྦས་གནས་ཁྱད་པར་ཅན་མང་རབས་ཅིག་ཡོད་པའི་ནང་ལས་ གཅིག་འདི་ སྤ་རོ་རྫོང་ཁག་ལུ་ཡོད་པའི་བྱིན་ཅན་དང་ཁྱད་དུ་འཕགས་པའི་གནས་མཆོག་སྟག་ཚང་དཔལ་ཕུག་གི་གནས་འདི་ཨིན། དེ་མ་ཚད་ གནས་འདི་ དད་པ་བསྐྱེད་ས་དང་བསོད་ནམས་བསགས་པའི་རྟེན་འབྲེལ་གྱི་ཞིང་མཆོག་ངོ་མ་ཅིག་ཨིནམ་སྦེའཛམ་གླིང་ནང་སྙན་གྲགས་སོང་སྟེ་ཡོདཔ་ཨིན་མས།
དེ་ཡང་ དུས་རབས་ ༨ པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ སྟག་ཚང་ལུ་བྱོན་ཏེ་ རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་སྐབས་ མོན་མོ་བཀྲ་ཤིས་ཁྱེའུ་སྒྲོན་ཡང་ སྐུ་ལུས་འདོད་གུར་བསྒྱུར་བས་ སྟག་མོའི་ཚུལ་དུ་སྤྲུལ་ཏེ་ གདུག་པའི་བདུད་དང་དམ་སྲི་ག་ར་བཏུལ་ཏེ་དམ་ལུ་བཏགས་གནང་ནུག། གནས་དེ་དང་པ་ར་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས། གུ་རུ་རིན་པོ་ཆེ་གིས་བོད་མཆིམས་ཕུ་ལས་རིམ་པ་བཞིན་དུ་ཞབས་ཀྱིས་བཅགས་ཏེ་བོད་ཡུལ་ག་ར་བྱིན་གྱིས་བརླབས། སྟག་ཚང་གསུམ་ སྐུའི་གནས་འོན་ཕུ་སྟག་ཚང། གསུང་གི་གནས་ཁམས་ཀྱི་སྟག་ཚང། ཐུགས་ཀྱི་གནས་མཆོག་དམ་པ་མོན་སྤ་གྲོ་སྟག་ཚང། ལུ་བྱོན་ཡོད་པའི་ནང་ལས་ དང་པ་ར་ མོན་སྤ་གྲོ་སྟག་ཚང་ལུ་བྱོན་ཏེ་ གཏེར་ཐམས་ཅད་ལུང་བྱང་བཏབ་སྟེ་ཐུགས་ཀྱི་གནས་སྦེ་བྱིན་གྱིས་བརླབས་གནངམ་ལས། ལུང་བསྟན་དང་འཁྲིལ་པ་ཅིན་ གནས་འདི་ནང་འགོ་དང་པ་ག་གིས་བསྒྲུབ་རུང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཚུགས་ཟེར་གསུངས་ནུག། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པད་མ་སམ་བྷ་ཝ་གིས་ ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་པའི་གནས་ཆེན་ཐུན་མོང་མ་ཡིན་པ་ སྐུའི་གནས། གསུང་གི་གནས། ཐུགས་ཀྱི་གནས། ཡོན་ཏན་གྱི་གནས།ཕྲིན་ལས་ཀྱི་གནས་ཚུ་ སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་གནས་མཆོག་མོན་གྱི་སྤ་གྲོ་སྟག་ཚང་སྦེ་བརྩིཝ་ཨིན་པས།
ལྷག་པར་དུ་ གུ་རུ་གིས་ལུང་བསྟན་གནངམ་བཞིན། (ཕན་བདེ་ལེགས་བཤད་དབང་ཕྱུག (༢༠༡༥ ཤོགས་གྲངས་༡༤) འདི་ནས་མ་འོངས་ཐ་མའི་དུས༔ ཁྱོད་ཀྱི་སྤྲུལ་པ་རྣམ་ལྔ་འབྱེད༔ སངས་རྒྱས་བསྟན་པ་ཡུན་དུ་བསྲིང༔ ཟེར་གསུངས་བཞིན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པ་ལྔ་མ་བྱོན་པའི་ཧེ་མ་མཁའ་འགྲོ་མཆོག་མོན་སེང་གེ་རྫོང་ལས་བཀྲ་ཤིས་ཁྱེའུ་སྒྲོན་དང་གཅིག་ཁར་ སྤ་གྲོ་སྟག་ཚང་ལུ་བྱོན་ཏེ་རང་དོན་གྱི་དཀའ་བ་མཐའ་མ་བདེ་སྟོང་ཟུང་འཇུག་ཐིག་ལེའི་དཀའ་བ་སྤྱད་དེ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གྱི་ཞལ་གཟིགས་ཏེ་ ཚེ་ལ་དབང་བའི་དངོས་གྲུབ་ཐོབ་པའི་གནས་རྩ་ཅན་ཅིག་ཨིན་པས།
སྟག་ཚང་འདི་ ཕྱི་ལས་ལྟཝ་ད་བྱག་གུར་འདྲོག་སི་སི་སྦེ་མཇལ་རུང། ནང་ན་ལྷོདཔ་ད་ ཕོ་བྲང་ག་ནི་བ་དགའ་ཏོག་ཏོ་ཡོདཔ་མ་ཚད་ ནང་རྟེན་ཚུ་ཡང་གཅིག་བ་གཅིག་རྩ་ཆེཝ་སྦེ་མཇལ་ཚུགས་དོ་ཡོདཔ་ཨིན། ཕྱི་རྒྱལ་གྱི་ལྟ་བཤལཔ་ཚུ་དུས་ཨ་རྟག་ར་དུས་ཚོད་བཏོན་ཏེ་ སྟག་ཚང་གི་གནས་རྩ་ཅན་འདི་མཇལ་བར་འགྱོ་དོ་ཡོདཔ་ཨིན་པས།
ཁུངས་གཏུག།
[ཞུན་དག]- ཕན་བདེ་ལེགས་བཤད་དབང་ཕྱུག། (༢༠༡༥) གནས་ཡིག་ཀུན་ཕན་ལམ་སྟོན།
- ཕན་དེ་ལེགས་བཤད་དབང་ཕྱུག (༢༠༡༥) གནས་ཡིག་ཀུན་ཕན་ལམ་སྟོན།