སྡེ་སྲིད་རིན་བྱོན།

Wikipedia ལས།

སྡེ་སྲིད་ཁྲི་རབས་དང་པ་དབུ་མཛད་བསྟན་འཛིན་འབྲུག་རྒྱལ་གྱི་སྐོར།[ཞུན་དག།]

སྡེ་སྲིད་མ་མཛད་གོང་གི་མཛད་པ། སྡེ་སྲིད་དང་པ་ དབུ་མཛད་བསྟན་འཛིན་འབྲུག་རྒྱལ་འདི་ གཙང་པ་རྒྱ་རས་ཀྱི་སློབ་མ་གཙོ་བོར་འགྱུར་མི་ གྲུབ་ཐོབ་གཏེར་ཁུངས་པའི་གདུང་རྒྱུད་ལུ་ སྤྱི་ལོ་ ༡༥༩༡ སྟོན་པའི་འདས་ལོ་ཉིས་སྟོང་བཞི་བརྒྱ་དྲུག་ཅུ་རེ་དགུ་ རབ་བྱུང་བཅུ་པའི་ལྕགས་ཡོས་ཀྱི་ལོ་ལུ་ དགོན་འོབས་མཚོའི་ཡུལ་གསར་བླ་བྲང་ནང་སྐུ་འཁྲུངས་ནུག། དགོན་འོབས་མཚོ་པའི་གདུང་རྒྱུད་ཚུ་ཧེ་མ་ལས་ བོད་ར་ལུང་དང་འབྲེལ་བ་སྦོམ་ཡོདཔ་མ་ཚད་ དགོན་འོབས་མཚོ་པའི་མི་མང་ཤོས་ར་ ར་ལུང་ལུ་ཆོས་ལུ་བྱོན་དོ་ཡོདཔ་ལས་ སྡེ་སྲིད་མཆོག་ཡང་ དགུང་ལོ་ ༡༡ གམ་ ཕྱིའི་གྲངས་ཚད་ལྟར་ན་ དགུང་གྲངས་ ༡༠ བཞེས་པའི་ སྤྱི་ལོ་ ༡༦༠༡ གི་ལོ་ལུ་ འབྲུག་ར་ལུང་ལུ་ ཆོས་ལུ་བྱོན་གནང་ནུག། དེའི་སྐབས་ ཞབས་དྲུང་ངག་དབང་རྣམ་རྒྱལ་ཡང་ དགུང་ལོ་ ༨ བཞེས་མི་འདི་དང་ཆོས་ཞུཝ་ད་ མཚན་ལུ་བསྟན་འཛིན་འབྲུག་རྒྱས་ཟེར་གསོལ་ཡོདཔ་ད་ འབྲུག་པའི་བཀའ་བརྒྱུད་ཀྱི་ཁྲིད་དང་གདམས་ངག་དབང་ཚུ་ཡོངས་རྫོགས་ཞུ་ནུག། དེ་མ་ཚད་ བླ་མ་མཁས་གྲུབ་མང་རབས་ཅིག་བསྟེན་ཏེ་ གར་ཐིག་དབྱངས་གསུམ་དང་ རྩིས་གཞུང་ལ་སོགས་པའི་གཞུང་ཆེན་ཚུ་ལུ་ ཕུལ་དུ་ཕྱིན་པར་མཛད་གནང་ནུག།

ཕྱག་འགན་བཞེས་པའི་སྐོར། ཤེས་བྱ་ཀུན་ལུ་མཁས་པ་སྦྱངས་ཡོདཔ་མ་ཚད་ ཕྱག་ལཱ་ག་ཅི་ར་མཛད་རུང་ གྲོས་ཐག་ཆེ་ཏོག་ཏོ་སྦེ་མཛད་ནི་ཡོདཔ་ལས་ བསྟན་འཛིན་འབྲུག་རྒྱལ་མཆོག་ དགུང་ལོ་ ༢༠ བཞེསཔ་ད་ ཞབས་དྲུང་རིན་པོ་ཆེའི་གདན་ས་ར་ལུང་ལུ་ཡོད་པའི་གྲྭ་ཚང་གསར་བཙུགས་མཛད་ཡོད་མི་ བན་ཚང་གྲྭ་ཚང་གི་དབུ་མཛད་སྦེ་བསྐོ་བཞག་མཛད་གནང་ནུག། དེའི་ཚེ་དབུ་མཛད་མཆོག་གིས་ ཞབས་དྲུང་མཆོག་ལུ་ངོ་ལྐོག་ག་ནི་ཡང་མེད་པའི་ཐོག་ལས་ ཕྱག་ལཱ་གནངམ་ལས་བརྟེན་དབུ་མཛད་མཆོག་ལུ་ དབུ་མཛད་ཀྱི་ཕྱག་འགན་དང་གཅིག་ཁར་ ཞབས་དྲུང་མཆོག་གིས་ཕྱག་མཛོད་ཀྱི་འགན་ཁུར་ཡང་བཀལ་ནུག། ཕྱི་མ་སྤྱི་ལོ་ ༡༦༡༦ གི་ལོ་ལུ་ བོད་ལུ་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ གཙང་སྡེ་སྲིད་གཉིས་ཀྱི་བར་ན་བཏབ་མ་བདེཝ་བྱུང་ནི་འདི་གིས་དང་ བླ་མ་ཆོས་སྐྱོང་ཚུ་གི་ལུང་བསྟན་དུས་ལུ་བབས་པ་ལུ་བརྟེན་ ཆིབས་ཁ་ལྷོ་ལུ་བསྒྱུར་བའི་བསྒང་ཡང་ དབུ་མཛད་མཆོག་གིས་རྒྱབ་སྐྱོར་གང་དྲག་མཛད་ཡོདཔ་མ་ཚད་ དབུ་མཛད་རང་གི་ནུ་གཅུང་འབྲུག་རྣམ་རྒྱལ་གྱིས་རྒྱབ་སྐྱོར་གཙོ་བོ་མཛད་ནུག། ཞབས་དྲུང་མཆོག་ལྷོ་མོན་འདི་ནང་ཕེབས་པའི་ཤུལ་ལུ་ཡང་ དབུ་མཛད་མཆོག་གིས་ ཕྱག་འགན་དབུ་མཛད་དང་ཞབས་དྲུང་གི་ཕྱག་མཛོད་གཉིས་ཀྱིས་མ་དོ་བར་ ཕྱག་འགན་གཞན་དང་གཞན་ལེ་ཤ་ཅིག་ར་བཞེས་ཏེ་ སྐྱབས་མགོན་གོང་མའི་ཐུགས་བཏེགས་ཅིག་སྦེ་བཞུགས་ནུག། ལྗོངས་འདི་ནང་ ཞབས་དྲུང་མཆོག་གིས་མ་འོངས་མཐའ་དོན་དང་ ལུང་བསྟན་དུས་ལུ་བབས་ལས་ རྫོང་བཞེངས་ཏེ་གདན་ས་བཏབ་གནང་པའི་སྐབས་ལུ་ ཞབས་དྲུང་མཆོག་ལུ་མ་རངས་མི་ ནང་མི་བླམ་ཁག་ལྔ་དང་ ཕྱིའི་བོད་ཀྱི་སྡེ་སྲིད་གཙང་མ་ཚུ་གིས་དམག་ ལན་གྲངས་ག་དེ་ཅི་ར་འོང་རུང་ འདིའི་གདོང་ལན་སྦེ་དབུ་མཛད་མཆོག་གིས་བྱོན་གནང་སྟེ་ ཞབས་དྲུང་མཆོག་གི་སྐུ་ལུ་ཉེན་ཁ་ག་ཡང་མེདཔ་བཟོ་གནང་མི་ སྐྱེས་བུ་དམ་པ་ཅིག་ཨིན་མས། དེའི་ཚེ་ རྒྱ་བོད་གཉིས་ལས་ ཞབས་དྲུང་ལུ་ཕྱག་ཞུ་ནི་ཁོ་བ་ང་དྲག་ཟེར་བའི་མི་ཁ་ཤུགས་ཅན་ལེ་ཤ་ར་ཐོན་མི་ལུ་གཟིགས་ཏེ་ དབུ་མཛད་མཆོག་གིས་ཞབས་དྲུང་ལུ་ དབུ་མཛད་ཁོ་ར་དགོངས་ཞུ་མཛད་ནིའི་སྐོར་ལས་ཞུཝ་ད་ ཞབས་དྲུང་མཆོག་གིས་འདིའི་ལན་ལུ་ ཚིག་གཅིག་ར་མ་གསུངས་པར་ དབུ་མཛད་མཆོག་སྤང་རི་ཟམ་པ་ལུ་ཁྱིད་བྱོན་ནུག། སྤང་རི་ཟམ་པ་ལུ་ལྷོདཔ་ད་ རྒྱལ་བ་རྒོད་ཚང་པའི་གསུང་འབུམ་ལྗགས་ལུང་དང་ ཡེ་ཤེས་མགོན་པོའི་བཀའ་དབང་གནང་སྟེ་ དུས་འདི་ནས་བཟུང་དབུ་མཛད་ཁྱོད་དགོངས་ཞུ་ནི་མེན་པར་ དཔལ་ལྡན་འབྲུག་པའི་བསྟན་པ་ལུ་ཕན་ཐོགས་པའི་ཕྱག་ལཱ་མཛད་དགོ་ཟེར་གསུངས་གནང་ནུག། དེའི་ཤུལ་ལུ་ དབུ་མཛད་མཆོག་གིས་ ཧེ་མ་བ་ལྷག་པའི་ཕྱག་འགན་འཁུར་གྱིས་བཞེས་ཏེ་ བསྟན་པ་དང་ འགྲོ་བ་ལུ་ཕན་པའི་ཕྱག་ལཱ་ཙང་ཙ་ར་མཛད་གནང་ནུག། སྤྱི་ལོ་ ༡༦༤༠ ལུ་ སྤུ་ན་རྫོང་གི་ནང་ན་ འབྲུག་པའི་ཆོས་སྲིད་ཀྱི་ལུགས་ཐོག་མར་གཞི་བཙུགས་མཛད་པའི་ཤུལ་ལུ་ ཆོས་དང་འབྲེལ་གར་ཐིག་དབྱངས་གསུམ་སོགས་ཀྱི་ཁྲིམས་སམ་སྲོལ་གཞན་ག་དང་ཡང་མ་འདྲཝ་སྦེ་བཟོ་གནང་ཡོདཔ་མ་ཚད་ སྲིད་དང་འབྲེལ་བའི་ཁྲིམས་ཚུ་ སྐྱབས་མགོན་གོང་མའི་བཀའ་བཞིན་ ཧེ་མ་ཞབས་དྲུང་མཆོག་ ཆོས་རྒྱལ་སྲོང་བཙན་སྒམ་པོ་ལུ་སྐྱེ་བ་བཞེས་བཞུགསཔ་ད་ སློལ་གཏོད་མཛད་གནང་མི་ ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལུ་གཞི་བཞག་སྟེ་ སྲིད་འབྲེལ་གྱི་ཁྲིམས་ཡང་སྲོལ་གཏོད་མཛད་གནང་ནུག། སྡེ་ཁྲི་ལུ་བྱོན་པ། དབུ་མཛད་བསྟན་འཛིན་འབྲུག་རྒྱལ་མཆོག་གིས་ ཞབས་དྲུང་འབྲུག་ལུ་མ་བྱོན་གོང་ལས་ར་ཕྱག་ལཱ་ཚུ་ ངོ་ལྐོག་གང་ཡང་མེད་པའི་ཐོག་ལས་མཛད་ཡོདཔ་མ་ཚད་ ལྷོ་རོང་ལུ་བྱོན་པའི་ཤུལ་ལས་ཡང་ ཕྱག་ལེགས་ཤོམ་སྦེ་ཞུ་བ་ལུ་བརྟེན་ སྤྱི་ལོ་ ༡༦༥༡ གི་ལོར་ ཞབས་དྲུང་རིན་པོ་ཆེ་མཆོག་ ཐུགས་དམ་རིམ་གཉིས་བཞུགས་པའི་དུས་ལས་འགོ་བཙུགས་ དབུ་མཛད་མཆོག་སྡེ་སྲིད་དང་པའི་ཁྲི་ལུ་བསྐོ་བཞག་མཛད་ཡོད་རུང་ ཞབས་དྲུང་གི་དགོངས་རྫོགས་ཨིན་ཟེར་ག་ནི་ཡང་བསྒྲུབ་ནི་མེདཔ་ལས་ ལེགས་དར་ཕུལ་ནི་ལ་སོགས་པའི་རྟེན་འབྲེལ་རྩིས་སྲུང་ཡང་ག་ནི་ཡང་ཞུ་མ་ཚུགས་པས། ཞབས་དྲུང་མཆོག་ཐུགས་དམ་ལུ་མ་བཞུགསཔ་ཅིག་ཁར་ དྲུང་དམ་ཆོས་རྒྱལ་མཚན་ལུ་བཀའ་གནང་ཡོད་མི་འདི་ དབུ་མཛད་སྡེ་ཁྲི་ལུ་བྱོན་པའི་ཤུལ་ལུ་ གསལ་ཤིང་གསལ་བར་གསལ་བསྒྲགས་མཛད་ཡོདཔ་དང་ དུས་དེ་ལས་འགོ་བཟུང་ ཕྱག་མཛོད་བསྟན་འཛིན་འབྲུག་རྒྱལ་མཆོག་ གཞུང་འབྲེལ་གྱི་ཐོག་ལས་ སྡེ་སྲིད་དང་པ་ཨིནམ་སྦེ་གསལ་བཏོན་མཛད་ཡོདཔ་མ་ཚད་ མཁན་ཆེན་པད་དཀར་འབྱུང་གནས་ཡང་རྗེ་མཁན་ཁྲི་རབས་དང་པ་ཨིན་པར་གསལ་བཏོན་མཛད་གནང་ནུག།

ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་གཞུང་འོག་ལུ་བཙུགས་ཚུལ། ནུབ་ཕྱོགས་ཀྱི་དགྲ་བླམ་ཁག་ལྔ་སོགས་བཏུལ་བའི་ཤུལ་ རྒྱལ་ཁབ་འདི་ཚར་གཅིག་སྐྱིད་པོ་་སྐྱོང་ཡོད་རུང་ ཤར་ཕྱོགས་ཀྱི་དགྲ་རྣམས་ཀྱིས་ངོ་ལོག་རྐྱབ་རྐྱབ་ས་ར་སྡོད་ནི་འདི་གིས་ རྒྱལ་ཁབ་སྲུང་སྐྱོབ་ཀྱི་དོན་ལུ་ གྲ་སྒྲིག་རྐྱབ་རྐྱབ་ས་ར་སྡོད་དགོ་དོ་ཡོདཔ་ཨིན་པས། ཨིན་རུང་ ཀྲོང་གསར་དཔོན་སློབ་ མི་འགྱུར་བསྟན་པ་མཆོག་གིས་ སྡེ་སྲིད་བསྟན་འཛིན་འབྲུག་རྒྱལ་ལུ་ཞུ་བ་ཕུལ་ཏེ་ ཤར་ཕྱོགས་ཀྱི་དམག་དཔུང་ མེ་རག་མན་ཆད་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ཕྱོགས་སུ་གཏོགས་མི་ག་ར་ གཞུང་གི་དབང་དུ་ སྤྱི་ལོ་ ༡༦༥༥ ལུ་གྱུར་གནང་ནུག། ཆོས་སྲིད་གཉིས་ཀྱི་ལུགས་སྲོལ་རྒྱུན་སྐྱོང་། ཧེ་མ་ཞབས་དྲུང་རིན་པོ་ཆེ་ཞལ་བཞུགས་སྐབས་ སྲོལ་གཏོད་གནང་མི་ཆོས་སྲིད་ཀྱི་ལུགས་མི་ཉམས་གོང་འཕེལ་གཏང་ཐབས་དང་ ཉམས་པ་གསོ་སྐྱོང་མཛད་ཐབས་ལུ་ སྤུ་ན་ཁ་དང་རྫོང་གཞི་ཚུ་ནང་གི་དགེ་འདུན་པ་ཚུ་ལུ་ འཆད་རྩོད་རྩོམ་གསུམ་གྱི་སློབ་སྦྱོང་ལུ་ནན་གཏན་འབད་བཅུག་ཡོདཔ་མ་ཚད་ གསང་སྔགས་རྙིང་མའི་ལུགས་ པད་གླིང་བརྒྱུད་འཛིན་ཡང་ ཉམས་པ་གསོ་སྐྱོང་གི་དོན་དུ་ པདྨ་གླིང་པའི་སྐུ་གདུང་འདི་ཡང་ སྤུ་ན་ཁ་ལུ་ གདན་འདྲེན་ཞུ་སྟེ་ ཞབས་དྲུང་རིན་པོ་ཆེའི་སྐུ་གདུང་དང་དབྱེ་བ་མེདཔ་སྦེ་ བསྙེན་བཀུར་ཞབས་ཏོག་ཞུ་ནུག། དེ་དང་གཅིག་ཁར་ སྡེ་སྲིད་མཆོག་གིས་ སྲིད་ཀྱི་ཁྲིམས་ཡང་དམ་ཟབ་མཛད་པའི་སྐབས་ མི་ལ་ལུ་གཅིག་གིས་སྐུར་པ་བཏབ་མི་ཐོན་ཏེ་འདི་ར་འབད་རུང་ ཧེང་བཀལ་ཅིག་དམ་ཟབ་མཛད་ཡོདཔ་ལས་ རྒྱལ་ཁབ་ནང་ འཇིགས་སྣང་ཆེ་རུང་ཞི་བདེ་གི་ངང་ལུ་སྐྱོངས་ནུག། སྡེ་སྲིད་མཆོག་གི་མཛད་པ་མཐའ་མ། ས་སྐྱོང་དབུ་མཛད་བསྟན་འཛིན་འབྲུག་རྒྱལ་མཆོག་གིས་ སྡེ་ཁྲི་ལོ་ལྔའི་རིང་ལུ་སྐྱོངས་བའི་མཐའ་མར་ སྤྱི་ལོ་ ༡༦༥༥ གི་ལོ་ལུ་སྡེ་ཁྲི་ལས་དགོངས་ཞུ་མཛད་གནང་ནུག།

༼སྡེ་སྲིད་གཉིས་པ་བསྟན་འཛིན་འབྲུག་སྒྲའི་མཛད་རྣམ།༽[ཞུན་དག།]

དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་སྔོན་བྱོན་རྒྱལ་བ་གོང་མ་ ཁོ་བོ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ རྒྱལ་ཁབ་ཀྱི་མིང་ལུ་འབྲུག་དང་ དེ་ནང་གི་མི་ཚུ་ལུ་འབྲུག་པ་ཟེར་བཏགས་གནང་པའི་ཤུལ་ལུ་ རྒྱལ་ཁབ་ནང་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པ་གཞི་བཙུགས་མཛད་གནང་ནུག། དེའི་སྐབས་ཆོས་ཀྱི་དབུ་ཁྲིད་སྐྱབས་རྗེ་རིམ་བྱོན་དང་ སྲིད་ཀྱི་ཧོངས་ལས་ སྡེ་སྲིད་ཀྱིས་རྒྱལ་ཁབ་འདི་སྐྱོང་སྡོད་ནུག། ལྷོ་མོན་གྱི་རྒྱལ་ཁབ་འདི་ནང་ སྡེ་སྲིད་དང་པོ་དབུ་མཛད་བསྟན་འཛིན་འབྲུག་རྒྱས་ལས་ སྡེ་སྲིད་ ༥༩ པ་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ཚུན་བྱོན་པའི་ནང་ལས་ འབྲུག་སྡེ་སྲིད་གཉིས་པ་བསྟན་འཛིན་འབྲུག་སྒྲའི་མཛད་རྣམ་མདོར་བསྡུས་ཙམ་ཞུ་བ་ཅིན།

འབྲུག་གི་སྡེ་སྲིད་གཉིས་པ་ས་བདག་མི་དབང་བསྟན་འཛིན་འབྲུག་སྒྲ་ནི་ སྤྱི་ལོ་ ༡༦༠༢ ཆུ་ལུག་ལོ་ལུ་ ལྷོ་མོན་གྱི་དབུས་ཀྲོང་གསར་མང་སྡེ་ཡུལ་གླིང་ལུ་ འབྲུག་པའི་གདུང་རབས་ མི་ཕམ་བསྟན་པའི་ཉི་མའི་སྲས་སུ་སྐུ་འཁྲུངས་ནུག། དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ་དང་ ཡབ་གཅིག་པའི་སྐུ་མཆེད་འབདཝ་ལས་ ཞལ་གྱི་དབྱིབས་ཚུ་ཡང་ཞབས་དྲུང་དང་ཆ་མཚུངས་པའི་ལོ་རྒྱུས་ ཆོས་འབྱུང་དང་རྒྱལ་རབས་ཚུ་ནང་བཤད་ནི་འདུག། ཁོ་གི་མཚན་ལུ་ལ་སྔོན་ཆོས་རྗེ་དང་ ཆོས་རྗེ་ལ་སྔོན་པ་དང་ ལ་སྔོན་སྤྲུལ་པའི་རིན་པོ་ཆེ་ཟེར་ཞུཝ་ཨིན་མས། ཁོ་གི་མཚན་ལུ་ལ་སྔོན་ཟེར་ཞུ་དགོ་མི་འདི་ཡང་ གདན་ས་ར་ལུང་དང་ཉེ་བའི་ ལ་སྔོན་ཟེར་མི་སློབ་མ་དང་སྦྱིན་བདག་ཆོས་རྗེ་གངས་ཅན་པའི་སྐུ་སྐྱེ་ཨིནམ་སྦེ་ ཀུན་མཁྱེན་པད་མ་དཀར་པོའི་རྣམ་ཐར་ ཐུགས་རྗེ་ཆེན་པོའི་ཟློས་གར་ལས་གསུངས་བཞག་ནུག། སྡེ་སྲིད་རང་ཉིད་སྐུ་ན་ཆུང་ཀུའི་བསྒང་ལས་ བོད་ར་ལུང་ལུ་ཆོས་ལུ་བྱོན་ཏེ་ ཡབ་མི་ཕམ་བསྟན་པའི་ཉི་མ་ལས་ ཆོས་བཀའ་ཡོངས་རྫོགས་དང་ ཚད་མ་དང་གསོ་བའི་རིག་པ་རྣམས་ལ་སློབ་སྦྱོང་མཛད་པའི་ཤུལ་ ཞབས་དྲུང་རིན་པོ་ཆེ་ཆིབས་ཁ་ལྷོ་ལུ་བྱོནམ་ད་ ཕྱག་ཞུ་སྟེ་བྱོན་ནུག།

སྤྱི་ལོ་ ༡༦༡༦ མེ་མོ་འབྲུག་ལོ་ལས་བཟུང་སྟེ་ ཞབས་དྲུང་རིན་པོ་ཆེ་དང་འབྲེལ་བ་མེད་པར་ སྐྱབས་མགོན་གོང་མའི་ཐུགས་གཏད་ཅིག་སྦེ་ ཕྱི་ནང་གསང་གསུམ་གྱི་སྐུ་དགྲ་བཏུལ་ནི་དང་ ཆོས་སྲིད་བསྟན་པའི་ལས་སྣ་བརྩམ་ནི་ལུ་ མེད་ཐབས་མེད་པའི་ལས་རོགས་པ་ཅིག་སྦེ་ཕྱག་ཞུ་ནུག། ཡང་སྤྱི་ལོ་ ༡༦༣༩ ལུ་ བོད་གཙང་སྡེ་སྲིད་ཀྱི་དམག་ཐེངས་གསུམ་པའི་སྐབས་ ལྷོ་འབྲུག་གི་རང་དབང་རང་བཙན་ལུ་དགོངས་ཏེ་ ཞབས་དྲུང་རིན་པོ་ཆེ་ གདན་ས་ལྕགས་རི་ལུ་སྐུ་ཟུར་བཞུགས་པའི་སྐབས་ ཁོ་བོ་སྟན་འཛིན་འབྲུག་སྒྲས་ སྐུ་སྲུང་གཙོ་བོ་ཅིག་སྦེ་ཕྱག་ཞུ་ནུག། དེ་མ་ཚད་ སྤྱི་ལོ་ ༡༦༤༢ ལུ་བོད་དགའ་ལྡན་ཕོ་བྲང་གི་གཞུང་གསར་གྱི་དབུ་བརྙེས་པའི་སྐབས་ ལྷོ་འབྲུག་ལས་ རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་ལུ་དམིགས་ཏེ་ བཀྲ་ཤིས་མཛད་སྒོའི་ཕྱག་མཇལ་དང་འབུལ་བ་ཕུལ་བར་ ཁོ་གི་འགོ་འདྲེན་ཐོགས་སོང་ཡོདཔ་མ་ཚད་ གཞུང་གསར་དང་གཅིག་ཁར་གསུང་གྲོས་ཚུ་ཡང་ བློ་རྩལ་ཅན་མང་པོ་ཞིག་གི་ཐག་ཆོདཔ་སྦེ་མཛད་གནང་ནུག། སྤྱི་ལོ་ ༡༦༤༥ ལུ་དཔལ་འབྲུག་པ་རིན་པོ་ཆེས་ སྤ་རོ་རིན་སྤུངས་རྫོང་བཞེངས་བསྒྲུབས་ད་ བསྟན་འཛིན་འབྲུག་སྒྲ་འདི་ སྤ་རོ་སྤྱི་བླ་དང་པའི་སྒོ་གནས་གནང་ནུག། སྤྱི་ལོ་ ༡༦༤༨ ལུ་ བོད་གཞུང་དགའ་ལྡན་ཕོ་བྲང་གིས་དམག་ཆེན་ཐེངས་གཉིས་པ་འབྲུག་ལུ་བཏངམ་ད་ སྤ་རོ་ཁ་ཐུག་ལས་དམག་སྡེའི་སྤྱི་ཁྱབ་བསྟན་འཛིན་འབྲུག་སྒྲས་མཛད་ཐོགས་ བོད་གྱི་དམག་སྡེའི་གདོང་ལེན་མཛད་དེ་ དམག་རྒྱལ་ཁ་ཐོབ་པ་མ་ཚད་ ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་ ཆིངས་འགྲིགས་ཏེ་བར་འདུམ་མཛད་པའི་སྐུ་ངོ་ལུ་བོད་དམག་ཚེ་ཐར་བའི་དྲན་རྟེན་ལུ་ སྤ་རོ་འབྲུག་རྒྱལ་རྫོང་འདི་སྤྱི་ལོ་ ༡༦༤༩ ལུ་ ཆོས་རྗེ་བསྟན་འཛིན་འབྲུག་སྒྲས་གསར་བཞེངས་གནང་ནུག། འབྲུག་པའི་སྡེ་སྲིད་དང་པོ་བསྟན་འཛིན་འབྲུག་རྒྱས་སྐུ་བཤེགས་པའི་སྐབས་ལུ་ ཆོས་རྗེ་བསྟན་འཛིན་འབྲུག་སྒྲ་ སྤྱི་ལོ་ ༡༦༥༦ གནམ་ལོ་མེ་སྤྲེལ་ལོ་ལུ་ འབྲུག་གི་སྡེ་སྲིད་གཉིས་པའི་གསེར་ཁྲི་མངའ་གསོལ་ཞུ་ནུག། སྤྱི་ལོ་ ༡༦༥༦ མེ་སྤྲེལ་ཟླ་བ་སྡེ་སྲིད་རང་ཉིད་གསེར་ཁྲིར་ཕེབས་ཏེ་ ཟླཝ་གཉིས་ཡང་མ་ལངམ་ལས་ བོད་ཀྱི་གོང་ས་ལྔ་པ་རྒྱལ་བ་བློ་བཟང་རྒྱ་མཚོ་དང་ བོད་ཀྱི་སྡེ་སྲིད་ རྒྱ་ལེ་ཆོས་མཛད་བསོད་ནམས་རབ་བརྟན་ ནང་སོ་ཨའུ་ཟེར་སླབ་མི་གིས་ འབྲུག་རྒྱལ་ཁབ་ཁོང་གི་མངའ་འོག་ལུ་བཙུགས་ནིའི་དོན་ལུ་ བོད་ཁྲིད་སྐོར་བཅུ་གསུམ་དང་ཧོར་སོག་འདྲེས་མའི་དམག་ཆེན་ཐེངས་གསུམ་པ་འབྲུག་ལུ་བཏང་ནུག། དེའི་སྐབས་བོད་ཀྱི་དམག་སྡེ་ཚུ་འབྲུག་པའི་ཤར་ཕྱོགས་དང་ནུབ་ཕྱོགས་ དེ་ལས་དབུས་ཕྱོགས་དང་བྱང་ཕྱོགས་ཀྱི་ས་གནས་ཐདམ་ཐད་ཁ་ལས་འཛུལ་འོངམ་ད་ སྡེ་སྲིད་བསྟན་འཛིན་འབྲུག་སྒྲ་གིས་ སྐྱབས་མགོན་གོང་མ་ཞབས་དྲུང་རིན་པོ་ཆེ་ སྐུ་མཚམས་བཞུགས་པའི་བུག་སྒོ་ལས་སྐྱབས་ཞུ་བ་དང་ དཔལ་ལྡན་འབྲུག་པའི་བཀའ་སྲུང་དམ་པ་ཡེ་ཤེས་མགོན་པོ་དང་ དཔལ་ལྡན་མ་ཧཱ་ཀ་ལ་ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོར་ དམིགས་བསལ་གྱི་སྐྱབས་ཞུའི་གསོལ་མཆོད་དང་ དམག་ཟློགས་ཀྱི་སྐུ་རིམ་སོགས་གནང་སྟེ་ འདི་འཕྲོས་ལས་ཕྱོགས་སོ་སོའི་རྫོང་དཔོན་གྱིས་གཙོས་པའི་དམག་དཔོན་དང་ ཁས་བླངས་དཔའ་རྩལ་ཅན་གྱི་དམག་དཔུང་གྲ་སྒྲིག་དང་ བཀོད་ཁྱབ་དམ་ནོན་གྱི་ཐོག་ལས་དམག་འཐབ་ཀྱི་གཡུལ་ངོ་ལུ་བཞུགས་གནང་ནུག། བོད་དམག་དཔུང་ཆེན་འོང་རུང་འབྲུག་དམག་ལས་རྒྱལ་ཁ་ཐོབ་མ་ཚུགས་པར་ དམག་ཡུན་ས་སྤྲེལ་ཟླ་བ་ ༨ པ་ལས་ ས་བྱ་ཟླཝ་ ༦ པ་ཚུན་གྱི་ནང་འཁོད་ལུ་ བོད་ཀྱི་དམག་དཔོན་གོང་མ་ སྡེ་དཔོན་བཀྲ་ཤིས་བརྩེགས་པ་ལ་སོགས་པའི་འགོ་དཔོན་སུམ་ཅུ་དང་། དམག་དཔོན་འོག་མ་དང་ལྡིང་དཔོན་ གཞན་ཡང་དམག་མི་སུམ་བརྒྱ་ལྷགཔ་ཅིག་བཙོན་ལུ་བཟུང་ཡོདཔ་ལས་ བོད་དམག་རྣམས་ཀྱི་རྒྱལ་ཁ་ཐོབ་མ་ཚུགས་པའི་ཁར་ ལོག་འགྱོ་བ་ལུ་དམག་དཔོན་རྣམས་ཀྱིས་ཕམ་ཁ་ལེན་ཏེ་ སོག་དམག་གཞན་གྱི་གདོང་ཁར་ངོ་ཚ་སྟེ་ལོག་མ་སྟེར། ཟླ་བ་གསུམ་པ་ལས་ས་དྲོད་ཀྱི་འབར་བའི་བསྒང་ལས་ དུག་སྦྱང་དང་འབུཔ་གིས་དམག་མི་ལ་ལུ་ཤི་ ལ་ལུ་ན་སྟེ་ མ་ཤི་གསོན་པོའི་ལུས་ལུ་དམྱལ་བའི་སྡུག་བསྔལ་མྱོང་དགོཔ་བྱུང་ནུག། ལྷོ་མོན་གྱི་རྒྱལ་ཁབ་འདི་ཆུང་ཀུ་ཅིག་ལས་མེད་རུང་ དཔུང་སྟོབས་ཆེ་བའི་བོད་དམག་གིས་མ་ཐུབ་མི་འདི་ སྐྱབས་མགོན་གོང་མའི་ཐུགས་རྗེ་དང་། དཔལ་ལྡན་འབྲུག་པའི་བཀའ་སྲུང་དམ་པས་མཐུ་རྩལ། ས་བདག་མི་དབང་སྡེ་སྲིད་རང་ཉིད་ལ་ ཐུན་མོངས་མ་ཡིན་པའི་རིག་རྩལ་ལས་ སྡེ་སྲིད་ཁྲི་ཐོག་གི་ཕྱག་ལཱ་དང་པ་དེ་ར་ གྲུབ་འབྲས་བླ་ན་མེད་པ་ཅིག་བྱུང་ནུག། སྡེ་སྲིད་རང་ཉིད་ བྱང་ཆུབ་སེམས་པའི་བདག་ཉིད་ཅན་དང་། ཐུགས་རྒྱུད་བཟང་བ་དང་། མཁྱེན་རྒྱ་ཆེ་བའི་སྟོབས་ཀྱིས་ ལུགས་གཉིས་ཀྱི་བཀའ་ཁྲིམས་ཡང་ འདི་འཕྲོ་ལས་འཇམ་རྩུབ་ཀྱི་མཐའ་ལུ་མ་ལྷུང་བར་ སྔོན་སྡེ་སྲིད་དང་པོའི་སྒྲིག་ལམ་རྩུབ་པ་ཚུ་ཡང་ དུམ་གྲ་ཅིག་སངས་སོ་ནུག།

སྡེ་སྲིད་ཁོ་ར་ཚད་མ་དང་གསོ་བའི་རིག་པ་ལུ་མཁས་དྲག་ཡོདཔ་ལས་ དགེ་འདུན་གྲྭ་ཚང་ཚུ་ནང་ སྐྱབས་མགོན་གོང་མའི་ཐུགས་བཞེད་ལྟར་ ཚད་མ་རིག་པའི་བཤད་གྲྭ་གསར་བཙུགས་གནང་ནུག། དེ་མ་ཚད་དགེ་སློང་ཚུ་ལུ་ཚོགས་རྒྱུགས་ཕུལ་ནིའི་ལམ་སྲོལ་ཚུ་ཡང་བཙུགས་ཏེ་ ཚོགས་རྒྱུགས་ཕུལ་ཚུགས་མི་ཚུ་ལུ་གཟེངས་བསྟོད་གནང་སྟེ་ ཤེས་ཡོན་ལུ་དང་འདོད་དང་སྤྲོ་བ་བསྐྱེད་ཐབས་མཛད་ནུག། ཡང་ནད་ཀྱིས་འཛིན་ཏེ་ཉམས་ཐག་སྡོད་མི་འགྲོ་བ་ཡོངས་ལུ་དམིགས་ཏེ་ འབྲུག་དང་གཞན་རྒྱལ་ཁབ་ཚུ་ལས་ སྨན་རིགས་སོགས་བསྡུ་སྟེ་ ཕྱག་མཛོད་ནང་སྨན་རིགས་ཡོངས་སུ་མཁོ་སྒྲུབ་མཛད་ཞིནམ་ལས་ དགོས་མཁོ་ཅན་ཚུ་ལུ་གནང་བ་མ་ཚད་ བོད་གངས་ཅན་གྱི་སྨན་པ་རྣམས་ལ་ཡང་ སྨན་གྱི་སྦྱིན་པ་ལེན་ཐེངས་གཉིས་གནང་བ་མ་ཚད་ སྡེ་སྲིད་རང་གི་བྱ་བ་ལས་ཀྱི་འཁོར་ལོ་དང་ བསྟན་པའི་ཕུགས་ཀྱི་མཛད་པ་ཡང་མང་རབས་ཅིག་ཡོད། སྡེ་སྲིད་བསྟན་འཛིན་འབྲུག་སྒྲ་མཆོག་ནི་དཔལ་ལྡན་འབྲུག་པའི་གདུང་རིགས་ཨིན་པའི་ཁར་ ཆོས་སྲིད་ལུགས་གཉིས་ལུ་ཐུགས་རིག་མཁས་ནས་ མངའ་འབངས་བྱམས་ཀྱིས་སྐྱོང་བ་དང་། རྒྱལ་ཁབ་དང་བསྟན་པ་ལུ་གནོད་པའི་དགྲ་ཚུ་ཡང་བཏུལ་ཏེ་ དཀར་པོ་དགེ་བའི་མཛད་པ་ཤིན་ཏུ་རྒྱ་ཆེ་བའི་ཕྱག་ཤུལ་སྦོམ་བཞག་སྟེ་ སྤྱི་ལོ་ ༡༦༦༧ མེ་ལུག་ཟླ་བ་ ༢ པའི་ཚེས་ ༡༥ ལུ་དགོངས་པ་རྫོགས་ནུག། སྡེ་སྲིད་བསྟན་འཛིན་འབྲུག་སྒྲ་ལུ་ གདུང་བསམ་དུང་དཀར་དགོན་པ་ལུ་སྲས་བསོད་ནམས་དར་རྒྱས་ཟེར་མི་ཅིག་འཁྲུངས་ཡོདཔ་དང་ སྤ་རོ་ལུ་སྤྱི་བླ་མཛད་པའི་སྐབས་ཧཱུ་རལ་་ཆོས་རྗེ་འབྲུག་དཔལ་བཟང་ཟེར་མི་ཅིག་ཟུར་སྲས་ཡོད་པའི་ལོ་རྒྱུས་ཚུ་ཡང་བཤད་ནི་འདུག།

༼སྡེ་སྲིད་ཁྲི་རབས་གསུམ་པ་ས་སྐྱོང་མི་དབང་ཆོས་རྒྱལ་མི་འགྱུར་བརྟན་པའི་མཛད་རྣམ།༽[ཞུན་དག།]

ས་སྐྱོང་མི་དབང་མཆོག་སྤྱི་ལོ་ ༡༦༡༣ ལུ་བོད་ཀྱི་གཡུས་སྨིན་འཁྱིད་ཟེར་ས་ལུ་འཁྲུངས་ནུག། དེ་བསྒང་མཚན་ལུ་དམ་ཆོས་ལྷུན་གྲུབ་ཟེར་ཞུ་ནུག། སྐུ་ན་ཆུང་ཀུ་བསྒང་ལས་ ཞབས་དྲུང་རིན་པོ་ཆེ་དང་ ཡོངས་འཛིན་ལྷ་དབང་བློ་གྲོས་ལས་ དཔལ་ལྡན་འབྲུག་པའི་དབང་ཁྲིད་གདམས་ངག་དང་ གར་ཐིག་དབྱངས་གསུམ་དང་རིག་པའི་གནས་བཅུ་ཚུ་སྦྱང་བརྩོན་གནང་ནུག། དགེ་སློང་དམ་ཆོས་ལྷུན་གྲུབ་འདི་ གྲྭ་ཚང་གི་སྡེ་ནང་ག་ཅི་ར་འབད་དགོ་རུང་ ཚགས་ཁར་ཚུད་མི་ཅིག་ཨིནམ་ལས་ དབུ་མཛད་འབྲུག་རྣམ་རྒྱལ་གྱི་ཤུལ་ལས་ར་ ལྕགས་རི་གྲྭ་ཚང་གི་དབུ་མཛད་སྦེ་བཀལ་གནང་ནུག། དེ་གི་ཤུལ་ལས་བླ་མ་ཞབས་དྲུང་རིན་པོ་ཆེ་གིས་ གདན་ས་ཤར་ཁྱུང་སེང་ཁ་དར་རྒྱས་དགོན་པའི་བླམ་སྦེ་བཏང་གནང་ནུག།

ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་དབང་འོག་ལུ་བསྡུ་བ། སྐྱབས་མགོན་གོང་མའི་ལུང་བསྟན་དང་འཁྲིལ་ཏེ་ སྤྱི་བླ་མི་འགྱུར་བརྟན་པ་གིས་ ཤར་རྫོང་དྲུག་གི་ནང་ ཀྲོང་གསར་ལུ་བཅགས་ཏེ་སྒྲུབ་ཁང་ཆུང་ཀུ་ཅིག་ཡོད་མི་དེ་ནང་ ཆོས་འཁོར་རབ་བརྟན་རྩེའི་རྫོང་བཞེངས་ཞིནམ་ལས་ མཚན་ཡང་འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་རྩེ་ཟེར་གསོལ་ནུག། དེ་ལས་བུམ་ཐང་སྡེ་བཞི་དབང་འོག་ལུ་བཙུགས་ཏེ་ གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལས་ གཏེར་ཆེན་པོ་པདྨ་གླིང་པའི་སྐུ་གདུང་ཡིད་བཞིན་ཡང་ རྒྱལ་ས་སྤུ་ན་ཁ་ལུ་གདན་འདྲེན་ཞུ་ནུག། ཧེ་མ་ཡོངས་འཛིན་ངག་གི་དབང་ཕྱུག་གི་གདན་ས་ བྱ་དཀར་སྒྲུབ་སྡེ་ཆགས་ས་ལུ་བྱ་དཀར་རྫོང་བཞེངས་ནིའི་གྲ་སྒྲིག་རྐྱབ་སྟེ་ རྫོང་དཔོན་ཡང་གཉེར་པ་ལོང་བ་ཟེར་མི་འདི་བཀལ་ནུག། འབྲུག་ཤར་ཕྱོགས་ཁ་ཐུག་གི་མ་འགྲིགས་པའི་བྱེལཝ་འཐོན་དོ་ཡོད་པའི་ནང་ལས་ དང་པ་ར་གཞུང་དམག་ཀུར་སྟོད་ལུ་ལྷོད་དེ་ ཀུ་རེ་སྟོད་ཀྱི་དཔོན་ཆེན་དར་མ་དང་རྒྱལ་པོ་དགའ་བ་དང་གཅིག་ཁར་ཕྱད་མདའ་རྐྱབ་ད་ གཞུང་དམག་ལུ་འབད་མ་ཚུགས་པར་ དཔོན་དང་རྒྱལ་པོ་ཚུ་བཙོན་ལུ་བཟུང་། ཀུ་རེ་སྟོད་སྨད་ཀྱི་འབངས་འཁོར་ག་ར་མངའ་འོག་ལུ་བཙུགས་ནུག། ཡོངས་འཛིན་ངག་གི་དབང་ཕྱུག་གིས་གླེང་གླེང་ཟེར་ས་ལུ་སྒྲུབ་སྡེ་བཙུགས་ཡོད་པའི་གདན་ས་ལུ་ རྫོང་བཞེངས་ནི་འགོ་བཙུགས་ཏེ་ རྫོང་གི་མིང་ཡང་ལྷུན་གྲུབ་རིན་ཆེན་རྩེའི་རྫོང་ཟེར་བཏགས་ནུག། དེ་ལས་གཞུང་དམག་ལོང་ལུང་པའི་ཕྱོགས་ལུ་འགྱོ་སྟེ་ ལོང་ལུང་པའི་སྡེ་དཔོན་ག་ར་གཞུང་དམག་ལུ་འདྲོགས་ཏེ་ མདོ་གསུམ་ཚུན་གྱི་འབངས་འཁོར་ག་ར་མངའ་འོག་ལུ་བཙུགས་ཞིནམ་ལས་ སྡོང་བསྟི་ལུ་རྫོང་བཞེངས་ནི་འགོ་བཙུགས་ཏེ་རྫོང་གི་མིང་ཡང་ ཁོ་ལོང་བཀྲ་ཤིས་གཡང་རྩེ་རྫོང་ཟེར་བཏགས་ནུག། དམག་དཔོན་སྤྱི་བླ་མི་འགྱུར་བརྟན་པ་དང་འབྲུག་རྣམ་རྒྱལ་གཉིས་ཀྱིས་ གཞོང་སྒར་ལུ་བྱོན་ཏེ་ འབངས་འཁོར་ག་ར་དཔལ་ལྡན་འབྲུག་པའི་མངའ་འོག་ལུ་བཙུགས་ཏེ་ གཞོང་སྒར་ལུ་རྫོང་བཞེངས་ནི་འགོ་བཙུགས་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་སྒོ། སྡེ་སྲིད་གཉིས་པ་ཆོས་རྗེ་བསྟན་འཛིན་འབྲུག་སྒྲ་ སྤྱི་ལོ་ ༡༦༦༧ པའི་ཚེས་ ༡༥ ལུ་དགོངས་པ་རྫོགསཔ་ལས་ དེ་སྐབས་ལྕོགས་གྲུབ་དང་འོས་འབབ་ཆེ་ཤོས་ ཀྲོང་གསར་སྤྱི་བླ་ཨིནམ་ལས་ སྤྱི་ལོ་ ༡༦༦༧ ཟླཝ་ ༣ པའི་ཡར་ཚེས་ལུ་ཀྲོང་གསར་སྤྱི་བླ་ཆོས་རྒྱལ་མི་འགྱུར་བརྟན་པ་མཆོག་ སྡེ་སྲིད་གསུམ་པའི་གསེར་ཁྲིར་ བཞུགས་གྲལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དང་བཅས་པའི་ཐོག་ལུ་མངའ་གསོལ་ཞུ་ནུག། དེ་སྐབས་གསེར་ཁྲི་མངའ་གསོལ་གྱི་དགའ་སྟོན་རྟེན་འབྲེལ་ལུ་ སྒང་སྟེང་སྤྲུལ་སྐུ་སྐུ་འཕྲེང་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱང་བྱོན་ནུག། སྡེ་སྲིད་ཁྲི་ཐོག་གི་མཛད་ཤུལ། ཆོས་རྒྱལ་མི་འགྱུར་བརྟན་པ་སྡེ་སྲིད་ཀྱི་ཁྲི་ཁར་ལྷོད་དེ་ ཟླཝ་གཅིག་གི་ནང་འཁོད་ལུ་ར་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ དགུང་ལོ་ ༣༠ བཞེས་ཡོད་མི་འདི་ དགེ་འདུན་དམངས་ཀྱི་གྲས་ལས་བཏོན་ཏེ་ བླ་མ་ཁྲི་པ་ཟེར་མཚན་ཕུལ་ནུག། སྡེ་སྲིད་ཁོ་ར་ཕྱི་ནང་གསང་གསུམ་གྱི་ཕྱག་ལཱ་ག་ཅི་མཛད་དགོ་རུང་ རྒྱལ་སྲིད་བསྟན་འཛིན་རབ་རྒྱས་དང་བསྟུན་གྲོས་མཛད་དེ་གནང་ནུག། སྡེ་སྲིད་གོང་མའི་ཕྱག་ལཱ། སྡེ་སྲིད་གཉིས་པའི་ཕྱག་ལཱ་འཕྲོ་གོང་སའི་དགོངས་རྫོགས་ལུ་དམིགས་པའི་ མཆོད་རྟེན་བརྒྱད་ཀྱི་དངུལ་འབུམ་བཞེངས་མི་འདི་ སྤྱི་ལོ་ ༡༦༧༠ ལུ་མཇུག་བསྡུ་ཡོདཔ་དང་ བཀའ་འགྱུར་གསེར་བྲིས་ཀྱི་ཕྱག་ལཱ་སྤྱི་ལོ་ ༡༦༧༤ ལུ་མཇུག་བསྡུ་གནང་ནུག། རྫོང་གཞིས་གསར་བཞེངས། གསང་ཟབ་ཆོས་རྫོང་འདི་ སྤྱི་ལོ་ ༡༦༣༤ ལུ་ཉམས་ཆག་ཤོར་མི་འདི་ ལོག་སྤྱི་ལོ་ ༡༦༧༡ ལུ་རྩ་བ་ལས་གསར་བཞེངས་གནང་སྟེ་ རབ་གནས་ཡང་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཞུ་སྟེ་གནང་ནུག། སྡེ་སྲིད་མཆོག་གིས་ སྤུང་ཐང་ཞབས་དྲུང་རྩེའི་གཟིམ་ཁང་ལེགས་བཅོས་དང་ གླིང་བཞི་གཡུལ་རྒྱལ་རྫོང་དང་ནུབ་དྷ་ལིང་རྫོང་ཚུ་ཡང་གསར་བཞེངས་མཛད་གནང་ནུག། འབྲུག་བོད་ཀྱི་དམག་གི་སྐབས་ལུ་ བུམ་ཐང་ཁ་ཐུག་ལས་ བྱ་དཀར་རྫོང་ཚར་གཅིག་ཤོར་རུང་ སྡེ་སྲིད་མི་འགྱུར་བརྟན་པ་གིས་བླ་མ་ངག་དབང་རབ་བརྟན་གྱིས་འཁྱིད་པའི་དམག་རྒྱབ་བཏང་སྟེ་ བྱ་དཀར་རྫོང་ལོག་ཐོབ་པ་མ་ཚད་ བོད་དམག་བུམ་ཐང་་ལས་བདའ་བཏང་སྟེ་ བྱ་དཀར་གཡུལ་ལས་རྣམ་རྒྱལ་རྫོང་ཟེར་བའི་མཚན་གསོལ་ཞུ་ནུག། དེ་ལས་དམག་གི་རྒྱལ་ཁ་འབྲུག་པ་གིས་ཐོབ་ལས་ གླིང་བཞི་རྫོང་གསརཔ་བཏབ་སྟེ་ རྫོང་གི་མིང་ཡང་གླིང་བཞི་གཡུལ་རྒྱལ་རྫོང་ཟེར་མཚན་གསོལ་ནུག། སྒར་སྐོར་ལུ་བྱོན་པ། ས་སྐྱོང་མི་དབང་སྡེ་སྲིད་ཆོས་རྒྱལ་མི་འགྱུར་བརྟན་པ་དང་ བླ་མ་ཁྲི་པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་གཉིས་ སྤྱི་ལོ་ ༡༦༧༦ པའི་ཟླཝ་ ༤ པའི་ནང་ ཐིམ་རྫོང་ཨའུ་ཚེ་རིང་གིས་འགོ་འདྲེན་ཐོག་ལས་ ཀྲོང་གསར་ཁ་ཐུག་སྒར་སྐོར་ལུ་ཆིབས་བསྒྱུར་གནང་ནུག། ཀྲོང་གསར་ལུ་དངུལ་འབུམ་མཆོད་རྟེན་ཐོག་ཚད་མ་རབ་གནས་གནང་སྟེ་ མགོན་ཁང་ནང་བཙུགས་ཞིནམ་ལས་ བུམ་ཐང་ལུ་གནས་སྐོར་ལུ་བྱོན་ཏེ་ རྫོང་གཞིས་ལྷ་ཁང་ མགོན་ཁང་ཚུ་ལུ་རབ་གནས་ཐུགས་སྨོན་ཚུ་གནང་ནུག། དཔལ་ལྡན་འབྲུག་པའི་གདུང་གི་ཐུགས་འདོད། ཞབས་དྲུང་རིན་པོ་ཆེ་མཆོག་མ་བཞུགས་རུང་ རྒྱལ་བའི་སྲས་ཡབ་བསྟན་པའི་ཉི་མའི་ཡང་སྲིད་ རྒྱལ་སྲས་འཇམ་དཔལ་རྡོ་རྗེ་མཆོག་ དཔལ་ལྡན་འབྲུག་པའི་གདུང་བརྒྱུད་ཅིག་ཞུ་ནིའི་དོན་ལུ་ འཆར་གཞི་བརྩམས་ཏེ་ སྤྱི་ལོ་ ༡༦༧༨ ལུ་དཔལ་ལྡན་གདུང་རིགས་ལས་ཨིན་པའི་ ཞབས་དྲུང་ཀླུ་ལྡིངས་པའི་སྲས་མོ་འདི་དཔོན་སློབ་ཀྱིས་ལེགས་བསྒྲིགས་ཐོག་ལས་ ཞབས་དྲུང་རྩེའི་བདག་མོར་ཕུལ་ནུག། དེ་ལས་ཟླཝ་ལྔ་དྲུག་དེ་ཅིག་ལས་ ཞབས་དྲུང་རིན་པོ་ཆེའི་གདུང་བརྒྱུད་ སྲསམོ་ཅིག་འཁྲུངས་མི་ལུ་མཚན་ཡང་ མཚོ་སྐྱེས་རྡོ་རྗེ་ཟེར་གསོལ་ནུག། སྐུ་མཚམས་ལུ་བཞུགས་པ། ས་སྐྱོང་མི་དབང་ཆོས་རྒྱལ་མི་འགྱུར་བརྟན་པ་མཆོག་ དགོང་ལོ་ ༦༧ སྤྱི་ལོ་ ༡༦༧༩ ལུ་ སྤུངས་རྫོང་པ་དགེ་འདུན་ཆོས་འཕེལ་དང་དགོངས་པ་མི་མཐུན་པའི་གནད་རེ་ཐོན་ཏེ་ཡོད་ནི་འདི་གིས་ དཀའ་ངལ་ཚུ་ཞི་ནིའི་དོན་ལུ་ ལོ་དེའི་དགུན་གྱི་རིང་ སྡེ་སྲིད་མཆོག་ཐིམ་ཕུག་རྫོང་ནང་ སྐབས་ཅིག་སྐུ་མཚམས་ལུ་བཞུགས་ནིའི་ཐུགས་ཐག་བཅད་ནུག། དེ་སྐབས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་ རྟ་མགོ་ལུ་སྐུ་མཚམས་བཞུགས་ཡོད་ས་ལས་ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ལུ་གདན་འདྲེན་ཞུ་སྟེ་ སྡེ་སྲིད་ངོ་ཚབ་མཛད་དགོ་པའི་གསོལ་བཏབ་བཞིན་ རྒྱལ་སྲས་མཆོག་སྡེ་སྲིད་ངོ་ཚབ་མཛད་ནིའི་དོན་ལུ་ སྤུ་ན་ཁ་ལུ་ཕེབས་ནུག། སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ། སྡེ་སྲིད་མཆོག་ལུ་ཧེ་མ་ལས་ར་ མ་རངས་པ་ཡོད་མི་སྤུངས་རྫོང་པ་བགྲེསཔ་དགེ་འདུན་ཆོས་འཕེལ་གྱིས་ ཁོ་རའི་ཉམས་རོགས་ཚུ་དང་གཅིག་ཁར་ གསང་བའི་འཆར་གཞི་བརྩམས་ཏེ་ཡོད་མི་ སྤྱི་ལོ་ ༡༦༨༠ ཟླཝ་ ༡༢ པའི་ནང་ སྤུ་ན་ཁ་ལུ་སྦེ་ སྡེ་སྲིད་མཆོག་ལུ་ངོ་ལོག་གི་དམག་དཔུང་ཧང་ཏོ་མ་ལུ་འོང་ནུག། དེ་ལས་སྡེ་སྲིད་མཆོག་ཞབས་དྲུང་གདུང་བརྒྱུད་འཛིན་པ་ སྲས་འཇམ་དཔལ་རྡོ་རྗེའི་གཟིམ་ཁང་ནང་བྱོག་སྟེ་བྱོན་ནུག། དེ་ལས་སྡེ་སྲིད་མཆོག་ཁྲི་ལས་དགོངས་ཞུ་མཛད་གནངམ་ད་ མཁན་ཆེན་བསོད་ནམས་འོད་ཟེར་དང་དགེ་འདུན་དམངས་ཀྱིས་ སྡེ་སྲིད་ཀྱི་སྲོག་སྐྱབས་མཛད་གནང་ནུག། སྡེ་སྲིད་མཆོག་ཁྲི་ལས་དགོངས་ཞུ་མཛད་ཞིནམ་ལས་ ཁོ་རའི་ཐུགས་འདོད་བཞིན་དུ་ ཞབས་དྲུང་རིན་པོ་ཆེའི་སྒྲུབ་ཁང་གི་སྦོ་ལོགས་ཁར་ མཚམས་ཁང་ཅིག་རྐྱབ་སྟེ་བཞུགས་ནུག། དེ་སྐབས་ཕྱག་ཞུ་མི་ དྲུང་ཡིག་སྦེ་བཞུགས་མི་ གྲུབ་ཆེན་ངག་དབང་བསམ་གཏན་གྱིས་ཕྱག་ཞུ་སྟེ་ ཉིན་མཚན་མེད་པར་ ཕྱག་ཞུ་ནུག། དགོངས་པ་རྫོགས་ཤིང་དགོངས་རྫོགས་སྒྲུབ་པ། སྤྱི་ལོ་ ༡༦༨༠ ལུ་སྐུ་མཚམས་ལུ་བཞུགས་པའི་སྐབས་ སྡེ་སྲིད་མཆོག་ སྐུ་གཟུགས་མ་བདེ་བར་ དྲོ་པ་བྱཔོ་འབོ་བའི་དུས་མཚམས་ལུ་ བདེ་བ་ཅན་གྱི་སྨོན་ལམ་འགོ་བཙུགས་གནང་སྟེ་ སྨོན་ལམ་རྫོགསཔ་ཅིག་ཁར་ དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་སྟེ་ བདེ་བ་ཅན་གྱི་ཞིང་ཁམས་ལུ་བྱོན་སོ་ནུག། སྡེ་སྲིད་མཆོག་དགོངས་པ་རྫོགས་པའི་ཤུལ་ལུ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ བཀའ་འགྱུར་སྐྱ་པོད་ཚངམ་སྦེ་ གསར་གཞེངས་མཛད་གནང་ནུག། དེ་གི་མ་ཚད་པར་ སྟག་རྩེ་ལུ་ ལྷ་ཁང་ཐོག་གཉིས་གསརཔ་སྦེ་་བཞེངས་བཅུག། ཀྲོང་གསར་རྫོང་ནང་ དངུལ་འབུམ་མཆོད་རྟེན་གྱི་གཡས་གཡོན་ལུ་ ཙན་དན་དཀར་དམར་གྱི་མཆོད་རྟེན་དང་ རྣམ་རྒྱལ་མཆོད་རྟེན་ཡང་བཞེངས་བཅུག་སྟེ་ དགོངས་པ་རྫོགས་ཐབས་ཀྱི་བསྔོ་སྨོན་ཡང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཁོ་ར་གིས་མཛད་གནང་ནུག་གོ།

༼སྡེ་སྲིད་ཁྲི་རབས་བཞི་པ་ཆོས་ཀྱི་རྒྱལ་པོ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་མཛད་རྣམ།༽[ཞུན་དག།]

རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གི་རིགས་རུས་ནི་ དཔལ་ལྡན་འབྲུག་པ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་གདུང་བརྒྱུད་དྲི་མ་མེད་པ་ལས་ཨིན་པས། གདུང་བརྒྱུད་འཛིན་པ་མང་རབས་བྱོན་པའི་ནང་ལས་ བླ་ན་མེད་པ་ཕ་ཇོ་འབྲུག་སྒོམ་ཞིག་པོའི་རྣམ་སྤྲུལ་ རྟ་མགོ་ཆོས་རྗེ་ཚེ་དབང་བསྟན་འཛིན་བྱོན་ནུག། རྟ་མགོ་ཆོས་རྗེ་ཚེ་དབང་བསྟན་འཛིན་དང་ ཅང་སྒང་ཁ་བླ་མའི་སྲས་མོ་དམ་ཆོས་བསྟན་འཛིན་གཉིས་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ སྤྱི་ལོ་ ༡༦༣༨ ཟླཝ་ ༡༡ པའི་ཚེས་ ༡༣ ལུ་རྟ་མགོའི་གདན་ས་ལུ་སྐུ་འཁྲུངས་ནུག། རྒྱལ་སྲས་བསྟན་འཛིན་རབ་རྒྱས་འཁྲུངས་པའི་ལོ་རྒྱུས་ ཞབས་དྲུང་རིན་པོ་ཆེ་གིས་གསན་སྟེ་ དཔལ་ལྡན་འབྲུག་པའི་གདུང་བརྒྱུད་བྱུང་མི་ལུ་ ངེའི་བསམ་པ་རྫོགས་ཅི་ཟེར་ ཐུགས་མཉེས་སྦོམ་བྱུང་སྟེ་ དབང་དང་བྱིན་རླབས་ཚུ་གནང་ནུག།

སྐུ་ཡོན་གསན་བཞེས་དང་གྲྭ་ཚང་གི་སྡེར་ཞུགས་པ། རྒྱལ་སྲས་མཆོག་དགུང་ལོ་ ༤ ལས་སྐུ་ཡོན་དང་པ་ཡུམ་གྱིས་ གསལ་བྱེད་ལས་འགོ་བཙུགས་ཏེ་ཕུལཝ་ད་ དཀའ་ངལ་ག་ནི་ཡང་མེད་པར་མཁྱེན་ཚུགསཔ་མ་ཚད་ ཡབ་ཚེ་དབང་བསྟན་འཛིན་ལས་དབང་ཆོས་ལ་སོགས་པ་གནང་ནུག། དགུང་ལོ་ ༦ བཞེསཔ་ད་ ཡབ་ཚེ་དབང་བསྟན་འཛིན་དགོངས་པ་རྫོགས་རན་ཁར་ ཡུམ་དང་མ་སྨད་ཚུ་ཞབས་དྲུང་རིན་པོ་ཆེ་ལུ་ བཅོལ་གཏམས་མཛད་དེ་ ཡབ་ཁོ་ར་གཤགས་སོ་ནུག། དགུང་ལོ་ ༨ བཞེསཔ་ད་ ཞབས་དྲུང་རིན་པོ་ཆེ་གིས་ གྲྭ་ཚང་སྡེ་ནང་བཙུགས་གནངམ་ད་ སྐྲ་ཕུད་བཞེས་ཏེ་ མཚན་ཡང་ངག་དབང་བསྟན་འཛིན་རབ་རྒྱས་ཟེར་གནང་ནུག། དེ་ལས་སྐུ་ཡོན་རིམ་པར་བཞེས་ཐབས་ལུ་ རྗེ་མཁན་དང་པ་ པད་དཀར་འབྱུང་གནས་དང་ རྗེ་བསྟན་འཛིན་ལྷུན་གྲུབ་ དབུ་མཛད་བསྐང་རྒྱུན་པ་ཚུ་ སློབ་དཔོན་སྦེ་བསྟེན་བཅུག་ནུག། རྒྱལ་སྲས་མཆོག་ལུ་ ཞབས་དྲུང་རིན་པོ་ཆེའི་ཐུགས་ཀྱི་བརྩེ་བ་གཞན་དང་མ་འདྲཝ་གནང་སྟེ་ དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཚུ་གནངམ་མ་ཚད་ ཁོ་ར་ག་ཏེ་བྱོན་སར་འཁྱིད་བྱོན་ཏེ་ དབང་ལུང་དང་བཀའ་ཆོས་ཚུ་ག་ཅི་གནང་རུང་ གཅིག་ཁར་བཞག་སྟེ་གནང་དོ་ཡོདཔ་མས། ཞབས་དྲུང་རིན་པོ་ཆེའི་རྒྱལ་ཚབ་ བླ་མ་ཁྲི་པར་མངའ་གསོལ་བ། རྒྱལ་སྲས་མཆོག་དགུང་ལོ་ ༣༠ བཞེསཔ་ད་ ཆོས་རྒྱལ་མི་འགྱུར་བརྟན་པ་ སྡེ་སྲིད་གསུམ་པའི་གསེར་ཁྲི་ལུ་མངའ་གསོལ་ཞུ་བའི་སྐབས། རྒྱལ་སྲས་རིན་པོ་ཆེ་འདི་གྲྭ་ཚང་གི་དགེ་སློང་གྲས་ལས་བཏོན་ཏེ་ སྤྱི་ལོ་ ༡༦༦༧ ལུ་ བླམ་ཁྲི་པ་ཟེར་ཞབས་དྲུང་རིན་པོ་ཆེའི་རྒྱལ་ཚབ་དང་པ་ ཁྲི་རིན་པོ་ཆེའི་གོ་གནས་ཕུལ་ནུག། ཆོས་ཕྱོགས་ཀྱི་མཛད་པ། དགུང་ལོ་ ༣༡ བཞེསཔ་ད་ རྟ་མགོ་སྒྲུབ་སྡེ་ཚུ་ལུ་ཁྲིད་འགོ་དང་པ་གནང་བ་མ་ཚད་ ལྕགས་ཁྱི་ལུ་དངུལ་འབུམ་ཆེན་མོའི་རབ་གནས་གནང་ནུག། མཁན་ཆེན་པད་དཀར་འབྱུང་གནས་དགོངས་པ་རྫོགས་ཏེ་ རྗེ་མཁན་ཆེན་ཁྲི་རབས་ ༢ པ་མཁན་ཆེན་བསོད་ནམས་འོད་ཟེར་ སྤྱི་ལོ་ ༡༦༧༢ ལུ་མངའ་གསོལ་ཞུ་ནུག། དེ་གི་ཤུལ་ལས་ སྡེ་སྲིད་ཀྱིས་གདན་འདྲེན་ཞུ་སྟེ་ སེམས་རྟོགས་ཁ་རྫོང་བསྐྱར་བཞེངས་བསྒྲུབས་པའི་རབ་གནས་གནང་ནུག། གདན་ས་སྤུ་ན་ཁ་ལུ་བདེ་མཆོག་སྒྲུབ་རིལ་དང་ ཞབས་དྲུང་རྩེའི་གཟིམ་ཁང་ལེགས་བཅོས་གསར་བསྒྲུབས་ཀྱི་རབ་གནས་གནང་སྟེ། ལོག་གདན་ས་ལྕགས་རི་ལུ་སྐུ་མཚམས་གནང་བཞུགས་ནུག། སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་སྒོ། གཞུང་ལྷན་རྒྱས་ཀྱི་ཚོགས་དང་གྲྭ་ཚང་འདུས་སྡེ་ཐམས་ཅད་དགོངས་པ་གཅིག་མཐུན་གྱི་ཐོག་ལས་ སྤྱི་ལོ་ ༡༦༨༠ ལུ་རྒྱལ་སྲས་མཆོག་དགུང་ལོ་ ༤༣ བཞེསཔ་ད་ སྡེ་སྲིད་བཞི་པ་སྦེ་མངའ་གསོལ་ཞུ་ནུག། རྒྱལ་ཡོངས་ཀྱི་ཁྲི་དར་འབུལ་བའི་རིམ་པ། རྗེ་མཁན་ཁྲི་རབས་གཉིས་པ་བསོད་ནམས་འོད་ཟེར་གྱིས་ དར་དཀར་ལུ་ཁྲི་དར་གྱི་འབུལ་བ་དང་། འཕགས་པའི་དགེ་འདུན་འདུས་པ་རྒྱ་མཚོའི་ཁྲི་དར་གྱི་འབུལ་བ། དེ་ལས་སྤུངས་ཐངས་ཀྱི་རྫོང་དཔོན་དགེ་འདུན་ཆོས་འཕེལ། ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་གི་རྫོང་དཔོན། དབང་འདུས་ཕོ་བྲང་རྫོང་དཔོན་ བསྟན་འཛིན་པད་དཀར་གྱིས་ཁྲི་དར་འབུལ་བ་དང་། དེ་ལས་གླིང་བཞི་གཡུལ་རྒྱལ་རྫོང་འཛིན་གསོལ་ལ་སོགས་པའི་སོ་སོའི་ཁྲི་དར་གྱི་འབུལ་བ། སྡེ་སྲིད་ཁྲི་ཐོག་གི་མཛད་ཤུལ། སྤྱི་ལོ་ ༡༦༨༠ ལུ་དབང་རྫོང་འབྲུག་བསྟན་འཛིན་ལུ་བསྐོ་བཞག་གནང་ནུག། སྤྱི་ལོ་ ༡༦༨༡ ལུ་ཡབ་ཚེ་དབང་བསྟན་འཛིན་གྱི་སྤྲུལ་སྐུ་བྱོན་པའི་སྐྲ་ཕུད་བཞེས་ཏེ་མཚན་ལུ་ མི་ཕམ་ངག་དབང་འབྲུག་རྒྱས་ཟེར་གསོལ་ཏེ་ དགེ་འདུན་གྲྭ་ཚང་གི་སྡེ་ནང་བཙུགས་གནང་ནུག། སྡེ་སྲིད་གསུམ་པ་ཆོས་རྒྱལ་མི་འགྱུར་བརྟན་པ་ གཤགས་སོང་བའི་དགོངས་རྫོགས་ཚུ་ཡང་བསྒྲུབས་གནང་ནུག། སྤྱི་ལོ་ ༡༦༨༣ ལུ་སྤ་གྲོ་སྤྱི་བླ་ངག་དབང་ཆོས་གྲགས་ཀྱི་ཤུལ་ལས་ ལ་དྭགས་པ་ངག་དབང་དཔལ་འབྱོར་ སྤུ་ན་ཁ་སྒྲུབ་མཆོད་དང་འཁྲིལ་ཏེ་ བསྐོ་བཞག་གནང་ནུག། སྤྱི་ལོ་ ༡༦༨༤ ལུ་རིན་ཆེན་སྒང་གི་བཟོ་བོ་གྲགས་པ་ལུ་ དབང་འདུས་གཙང་མའི་ཟམ་གསར་བཙུགས་འབད་དགོཔ་སྦེ་ བཀའ་གནང་བ་མ་ཚད་ རྫོང་བཞུགསཔ་ཚུ་ལུ་ བཀའ་དབང་དང་ཆོས་ཚུ་ཡང་གནང་ནུག། སྤྱི་ལོ་ ༡༦༨༦ ལུ་མཁས་དབང་བསྟན་པ་འཕྲིན་ལས་ ཡི་གུའི་སློབ་དཔོན་ལུ་བཙུགས་ཏེ་ ཡིག་བཟོ་སྦྱང་བ་འབད་བཅུག་ཞིནམ་ལས་ འབུམ་སྣག་བྲིས་དང་ དེ་ལས་འཀའ་འགྱུར་གསེར་བྲིས་མ་བཞེངས་ནིའི་ཕྱག་ལཱ་ཚུ་འགོ་བཙུགས་གནང་ནུག། སྤྱི་ལོ་ ༡༦༨༩ ལུ་མཁན་ཆེན་བསོད་ནམས་འོད་ཟེར་དགོངས་པ་རྫོགས་ཏེ་ དགེ་འདུན་པ་ཚུ་ལུ་རྡོ་རྗེ་འཇིགས་བྱེད་ལྷ་ཞེ་དགུའི་དབང་མོ་ཆེ་གནང་ནུག། སྤྱི་ལོ་ ༡༦༩༠ ལུ་ དར་དཀར་སྤྱི་བླ་རབ་བརྟན་དགོངས་ཞུ་འབད་དེ་ ཚབ་ལུ་ཆོས་རྗེ་ཚུལ་ཁྲིམས་འབྱུང་གནས་བསྐོ་བཞག་གནང་ནུག། ནུབ་དྷ་ལིང་ལུ་འདམ་སང་རྫོང་གསར་བཞེངས་དང་ དྷ་རིང་རྫོང་འོག་ཀ་ལིམ་སྤོངས་ལུ་ གྱང་གསར་བདེ་ཆེན་ཆོས་གླིང་ལྷ་ཁང་གསར་བཞེངས་གནང་ནུག། སྤྱི་ལོ་ ༡༦༩༡ ལུ་ ཡི་གུ་དྲག་ཤོས་བྲི་ནིའི་འགྲན་བསྡུར་ནང་ ཨང་དང་པ་དེ་ཤུལ་མ་ རྗེ་མཁན་ཁྲི་རབས་ ༦ པ་་མཛད་མི་ངག་དབང་ལྷུན་གྲུབ་ཐོནམ་ལས་ གོང་སའི་ཕྱག་ཡིག་འབྲི་དགོཔ་ཚུ་གི་ལཱ་ ཁོ་ལུ་བཀའ་གནང་ནུག། སྤྱི་ལོ་ ༡༦༩༢ ལུ་དར་དཀར་དཔོན་སློབ་ ཚུལ་ཁྲིམས་འབྱུང་གནས་གཤགས་ཏེ་ དེའི་ཚབ་ལུ་དཀའ་བཅུ་པ་རིག་འཛིན་ལྷུན་གྲུབ་བསྐོ་བཞག་གནང་ནུག། སྤྱི་ལོ་ ༡༦༩༤ ཚེས་བཅུ་དང་འབྲེལ་ཏེ གསོལ་འདེབས་འབུམ་གནང་བའི་ཚོགས་དབུར་ཕེབས་པའི་སྐབས་ ཡབ་ཀྱི་སྤྲུལ་སྐུ་མི་ཕམ་འབྲུག་སྒྲ་རྒྱ་མཚོའི་ ཞབས་བརྟན་གསོལ་འདེབས་ཡང་ཕུལ་ནུག།

སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ། ཞབས་དྲུང་གི་གདུང་བརྒྱུད་འཛིན་པ་མཚོ་སྐྱེས་རྡོ་རྗེ་ སྡེ་སྲིད་ཁྲི་ཐོག་ལུ་བསྐོ་བཞག་འབད་དགོཔ་ལས་ ངལ་མ་རངས་པ་ སྤུ་ན་ཁ་ལས་དགེ་འདུན་ཆོས་འཕེལ་གྱི་གསང་དམག་ཚུ་གིས་ གོང་ས་མཆོག་སྐུ་བསྙུངམ་བསྙུང་ས་བཞུགས་ཡོད་མི་ བཀྲ་ཤིས་ཆོས་རྫོང་མཐའ་བསྐོར་ཏེ་སྡོད་ནུག། རྗེ་རིན་པོ་ཆེ་སྐུ་གཟུགས་བསྙུང་གཞི་མ་དྲག་པའི་ཁར་ ཁོང་གི་ལཱ་ངན་པ་འདི་ལུ་ཐུགས་ཕམ་སྟེ་ རྟ་མགོའི་དགོན་པར་འབྱོན་ནིའི་ཐུགས་ཐག་བཅད་ནུག། མཐའ་མ་ལུ་སྡེ་སྲིད་མཆོག་གིས། ང་ར་ན་ཚད་ཡང་རྒས། གཟུགས་ཡང་མ་བདེཝ་ལས་ དགོན་པར་འབྱོན་ནི་ཨིན་ཟེར་གསུངས་ཏེ་ སྡེ་ཁྲི་ལས་དགོངས་ཞུ་མཛད་གནང་ནུག། སྡེ་ཁྲི་ལས་དགོངས་ཞུའི་རྗེས་ཀྱི་མཛད་པ། རྗེ་རིན་པོ་ཆེ་མཆོག་ ལོ་ངོ་ ༡༥ གི་རིང་ལུ་ སྡེ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་ སྤྱི་ལོ་ ༡༦༩༥ ལུ་ བཀྲ་ཤིས་ཆོས་རྫོང་ལས་རྟ་མགོའི་གདན་སར་ ཐུགས་དམ་ལུ་བཞུགས་ནུག། སྤྱི་ལོ་ ༡༦༩༦ ལུ་རྗེ་རིན་པོ་ཆེ་མཆོག་གིས་ སེམས་ཅན་ལུ་ཐུགས་བརྩེ་བི་སྙིང་རྗེས་ དཔལ་ལྡན་ལྷ་མོའི་བསྟན་སྤྱིའི་སྐུ་རིམ་ཚུ་ཡང་གནང་ནུག། དེ་གི་ཤུལ་ལས་ རྗེ་རིན་པོ་ཆེའི་སྐུ་ལུ་སྲིན་ཐོལ་ཅིག་བྱུང་སྟེ་ སྐུ་ལོག་སྟེ་བསྙུངས་ནུག། རྒྱལ་ཁབ་ནང་སྐུ་རིམ་ག་དེམ་ཅིག་བསྒྲུབ་རུང་ ཕན་པ་མེད་པ་དགོངས་པ་རྫོགས་སོ་ནུག། དེ་ལས་ཟླཝ་ ༩ པའི་ཚེས་ ༢༦ ལུ་ རྗེ་པད་དཀར་ལྷུན་གྲུབ་ དགེ་འདུན་དང་བཅས་བྱོན་ཏེ་ སྤུར་སྦྱངས་མཛད་དེ་ དངུལ་དཀར་གྱི་བྱང་ཆུབ་མཆོད་རྟེན་ཚུ་བཞེངས་པ་མ་ཚད་ གཞན་ཡང་སྤུར་རྡོ་སྤུར་སོལ་ སྤུར་ཐལ་ཚུ་གིས་ གནས་ཀྱི་མགོ་ལུ་མྱང་འདས་མཆོད་རྟེན་ཅིག་ཡང་དད་པའི་རྟེན་དུ་བཞེངས་གནང་ནུག་གོ།

༼སྡེ་སྲིད་ཁྲི་རབས་ལྔ་པ་ ས་སྐྱོང་དགེ་འདུན་ཆོས་འཕེལ་གྱི་སྐོར།༽[ཞུན་དག།]

སྡེ་སྲིད་མ་མཛད་གོང་གི་མཛད་རྣམ། ༼སྐུ་འཁྲུངས་པ་དང་ དགེ་འདུན་གྱི་སྡེར་བཞུགས་ཏེ་གོ་གནས་བཞེས་གནང་པའི་མཛད་པ།༽ སྡེ་པ་མཆོག་ ཐིམ་ཕུག་ཝང་ཚོ་ཆེན་བརྒྱད་ཀྱི་ནང་ལས་ དཀར་སྦིས་ས་གོང་མ་ནང་འཁྲུངས་ཡོདཔ་དང་ སྐུ་ན་ཆུང་ཀུའི་བསྒང་ལས་ར་དགེ་འདུན་གྱི་སྡེ་ལུ་བཞུགས་ཏེ་ སྐྱབས་རྗེ་གོང་མ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡུམ་ གཤགས་པའི་སྐབས་ཕྱག་ལེགས་ཤོམ་སྦེ་ཞུ་བ་ལུ་བརྟེན་ གོང་མའི་ཐུགས་ལུ་བབས་པའི་སྐྱེས་བུ་ཅིག་ཨིན་པས། དེ་མ་ཚད་ དབྱིན་ལོ་ ༡༦༥༦ གི་ལོ་ལུ་ བོད་དམག་ཐོནམ་ད་ཡང་ དམག་དཔོན་གཙོ་བོ་ཅིག་ དགེ་འདུན་ཆོས་འཕེལ་ཁོ་ར་བྱོན་ཏེ་ བོད་དམག་ལས་རྒྱལ་ཁ་ཐོབ་པའི་གཏམ་སྙན་གྲགས་སྦོམ་ར་བཞག་ནུག། དེ་ལས་ དབྱིན་ལོ་ ༡༦༥༦ དང་ ༡༦༥༧ གི་བར་ན་ དབང་རྫོང་པ་ཆོས་རྗེ་ནམ་མཁའ་རིན་ཆེན་ལུ་སྟབས་མ་བདེཝ་ཅིག་བྱུང་སྟེ་ རྫོང་དཔོན་ལས་དགོངས་ཞུ་མཛད་པའི་ཤུལ་ ཁོ་བོའི་ཚབ་ལུ་ དགེ་འདུན་ཆོས་འཕེལ་དབང་རྫོང་པའི་གོ་གནས་ལུ་བསྐོ་བཞག་མཛད་ནུག། དགེ་འདུན་ཆོས་འཕེལ་དབང་རྫོངཔ་སྦེ་བཞུགསཔ་ད་ གླིང་གཞི་ལས་མར་ བོད་དམག་དོ་རུང་ཚར་གཅིག་ཐོན་ཡོདཔ་དང་ དེའི་སྐབས་ དབང་རྫོང་པ་དགེ་འདུན་ཆོས་འཕེལ་གྱིས་ བོད་དམག་ལས་རྒྱལ་ཁ་འཐོབ་ནི་ཕར་བཞག་ རྫོང་དཔོན་ཁོ་ར་ཡང་ གཤགས་ནི་གུར་ཐུག་ཡོད་ནི་འདི་གིས་ གཞུང་ལས་དམག་རྒྱབ་འབད་བར་ ཆོས་རྗེ་ངག་དབང་རབ་བརྟན་བཏང་སྟེ་ བོད་དམག་ལས་རྒྱལ་ཁ་འཐོབ་ཚུགསཔ་འབད་ནུག། དབང་རྫོངཔ་གིས་ བོད་དམག་ཕམ་མ་ཚུགས་པ་ལུ་བརྟེན་ སྡེ་སྲིད་ཁྲི་རབས་གསུམ་པ་ མི་འགྱུར་བརྟན་པ་གིས་ དབང་རྫོང་པ་ལུ་ བཀའ་བཀྱོན་གནང་། ཆོས་རྗེ་ངག་དབང་རབ་བརྟན་ལུ་ ནང་བློན་གྱི་གོ་གནས་གནང་ཡོདཔ་ལས་ འདི་ལུ་ དབང་རྫོང་པ་དགེ་འདུན་ཆོས་འཕེལ་ སྡེ་སྲིད་གསུམ་པ་ལུ་ངལ་མ་རངས་པར་བཞུགས་ནུག།

དབྱིན་ལོ་ ༡༦༧༠ གི་ལོར་ སྤུངས་རྫོང་པ་པད་དཀར་རབ་རྒྱས་དགོངས་ཞུ་མཛད་པའི་ཤུལ་ སྡེ་སྲིད་གསུམ་པ་མི་འགྱུར་བརྟན་པ་གིས་ སྤུངས་རྫོང་པའི་གོ་གནས་འདི་ དགེ་འདུན་ཆོས་འཕེལ་ལུ་གནང་ཡོདཔ་ཨིན་རུང་ ཧེ་མ་བཀའ་བཀྱོན་གནང་མི་ལས་འགོ་བཙུགས་ སྡེ་སྲིད་དང་ བཀའ་བློན་གཉིས་ལུ་ངལ་མ་རངས་པར་ཡོད་མི་འདི་མ་ཡལ་བ་ར་སྡོད་སྡོདཔ་ཨིན་པས། རྒྱུ་མཚན་དེ་འབད་ནི་འདི་གིས་ སྤུངས་རྫོང་པ་དགེ་འདུན་ཆོས་འཕེལ་གྱིས་ བཀའ་བློན་ངག་དབང་རབ་བརྟན་ སྐུ་བསད་རྐྱབ་ཡོདཔ་མ་ཚད་ སྡེ་སྲིད་ཁྲི་རབས་གསུམ་པ་མི་འགྱུར་བརྟན་པ་ཡང་ སྡེ་སྲིད་ཀྱི་ཁྲི་ལས་ཕབ་བཏང་ད་ནུག། དགེ་འདུན་ཆོས་འཕེལ་ སྤུངས་རྫོང་པའི་ཁྲི་ལུ་བཞུགས་ཏེ་ མི་ལོ་ཉི་ཤུ་ལྷག་ཙམ་སོང་ཡོདཔ་མ་ཚད་ སྐུ་ན་བགྲེས་ཏེ་ལྕོགས་གྲུབ་མེདཔ་ཐལ་ནི་འདི་གིས་ སྡེ་སྲིད་ཁྲི་རབས་བཞི་པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་ལུ་ དགོངས་ཞུའི་ཞུ་བ་ཕུལ་ཡོདཔ་དང་ དགོངས་ཞུ་མཛད་པའི་ཤུལ་ བཞུགས་གནས་ཡང་ སེ་བ་ལ་ལུ་བཞུགས་ཆོག་པའི་ཞུ་བ་ཕུལ་ཡོདཔ་ཨིན་རུང་ སེ་བ་ལ་ལུ་ ངག་དབང་བསྟན་འཛིན་གྱི་ཕ་སྤུན་ཡོད་ རྫོང་དཔོན་བགྲེསཔ་གི་སྲོག་ལུ་ ཉེན་ཁ་འོང་ཟེར་ཐུགས་བསམ་བཞེས་ཏེ་ སྤུངས་རྫོང་བགྲེསཔ་མཆོག་ བཞུགས་གནས་སེ་བ་ལ་ལུ་མེན་པར་ དབང་འདུས་ལུ་བཞུགས་བཅུག་ནུག། ཨིན་རུང་ སྤུངས་རྫོང་བགྲེསཔ་གིས་ ཞབས་རྗེ་གི་དྲིན་ལུ་ ཐུགས་ལོག་པར་བལྟ་སྟེ་ ངོ་ལོག་གི་དམག་ཚུ་གི་འཆར་གཞི་བཟོ་སྟེ་ དབྱིན་ལོ་ ༡༦༩༤ པའི་ལོ་ལུ་སྡེ་སྲིད་མཆོག་སྐུ་ན་བསྙུངས་ཏེ་ ཐིམ་ཕུག་ལུ་བཞུགས་སྐབས་ རྣམ་རྟོག་ག་ནི་ཡང་མེད་པར་སྡོད་པའི་བར་ན་ར་ སྤུངས་རྫོང་བགྲེསཔ་གི་དམག་གིས་སྤུངས་འཛོམས་འབད་དེ་ སྡེ་སྲིད་མཆོག་སྡེ་ཁྲི་ལས་ཕབ་བཏང་ད་ནུག།

སྡེ་ཁྲིར་བྱོན་པའི་སྐོར། དབྱིན་ལོ་ ༡༦༩༤ པའི་ལོ་ལུ་ སྡེ་སྲིད་ཁྲི་རབས་བཞི་པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་ སྡེ་ཁྲི་ལས་ཕབ་སྟེ་ སྤུ་ན་ཁ་ལུ་བྱོན་པའི་ལམ་ཁར་ ཐིམ་རྫོང་པ་དང་ རྗེ་མཁན་པོའི་གསོལ་དཔོན་ ཆིབས་དཔོན་གསུམ་ཆ་ར་ ལམ་སྦུག་ན་བསད་དེ་ སྤུ་ན་ཁའི་རྫོང་ན་ལྷོདཔ་ད་ སྤུངས་རྫོང་པ་བགྲེསཔ་དགེ་འདུན་འཕེལ་ཁོ་ར་ སྡེ་ཁྲི་ལུ་འཛེགས་ཏེ་ ད་རེས་ལས་ སྤུངས་རྫོང་བགྲེསཔ་ང་ར་ཐག་རང་བཅད་ཀྱི་ཐོག་ སྡེ་སྲིད་ཁྲི་རབས་ལྔ་པའི་ཁྲི་ལུ་བྱོནམ་དང་གཅིག་ཁར་ སྐྱབས་མགོན་གོང་མའི་གདུང་བརྒྱུད་ལས་བྱོན་པའི་ སྲས་འཇམ་དཔལ་རྡོ་རྗེ་གི་སྲསམོ་མཚོ་སྐྱིད་རྡོ་རྗེ་ཡང་ ཞབས་དྲུང་གི་ཚབ་ བླ་མ་ཁྲི་པའི་ཁྲི་ལུ་བྱོནམ་ཨིན་ཟེར་གསུངས་ཏེ་ མི་སེར་ལུ་ལེགས་དར་ཕུལ་བཅུག་ནུག།

སྡེ་ཁྲིར་བྱོན་པའི་ཤུལ་གྱི་མཛད་རྣམ། སྡེ་སྲིད་མཆོག་གིས་ རྟ་མགོ་དང་ལྕགས་རི་གཉིས་ཀྱི་རྒྱལ་སྲས་བསྟན་འཛིན་རབ་རྒྱས་དང་ རྒྱལ་སྲས་འཇམ་དཔལ་གྱི་སྲསམོ་ མཚོ་སྐྱེས་རྡོ་རྗེ་གཉིས་ཀྱི་བར་ན་ ཕུང་གཞི་བཙུགས་ཐོག་ལས་ མ་སྒྲིགཔ་བཟོ་ཡོད་རུང་ སྡེ་གཟིམ་འབྲུག་རྒྱལ་མཚན་ རྒྱལ་སྲས་གཉིས་ལུ་ དད་པ་སྦོམ་ཡོདཔ་ལས་བརྟེན་ སྡེ་སྲིད་མཆོག་ལུ་ཐབས་ཤེས་ཀྱིས་ཞུ་བ་ཕུལ་ཐོག་ རྒྱལ་སྲས་གཉིས་ཀྱི་བར་ན་འཆམ་ཁ་བཟོ་ནུག། དཔེ་གཏམ་ལས་ཡང་ བླ་མ་ལུ་ཐུབ་རུང་།། བཀའ་སྲུང་ལུ་མི་ཐུབ།། ཟེར་བའི་དཔེ་བཟུམ་སྦེ་ རྒྱལ་སྲས་གཉིས་ཀྱི་བར་ན་ ཁ་ངན་གྱིས་དཀྲོགས་ཡོད་པ་ལུ་བརྟེན་ དབྱིན་ལོ་ ༡༦༩༦ གི་ལོ་འགོ་བཙུགས་ཁམས་ཅིག་ལས་ རྒྱལ་ཁབ་ནང་ནད་ཡམས་འབྲུམ་ནད་ཤུགས་ཅན་ཅིག་ར་ དར་ཁྱབ་ཡར་སོ་ནུག། དེའི་ཚེ་ གསོལ་ཐབ་ཡང་ཐིམ་ཕུག་ལུ་ཕེབས་མ་ཚུགས་པར་ དགེ་འདུན་སྡེ་ཚུ་ཁག་སོ་སོ་སྦེ་གྱེས་དགོཔ་ཐོནམ་ལས་ བླ་མ་ཁྲི་པ་རྒྱལ་སྲསམོ་མཚོ་སྐྱེས་རྡོ་རྗེ་ཡང་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་འབྱོན་དགོ་མ་བདེ་བར་ གདན་ས་ལྕགས་རི་ལུ་བྱོན་བཞུགས་ནུག། ཟླ་ངོ་དག་པ་ཅིག་གི་ཤུལ་ལུ་ ནད་ཡམས་འདི་ཨ་ཙི་ཅིག་ཞི་འགྱོཝ་ཅིག་ར་ དབྱིན་ལོ་ ༡༦༩༦ གི་ལོ་འདི་ལུ་ར་ སྐྱབས་མགོན་དམ་པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམས་སོ་ནུག།

དེའི་བསྒང་ སྤུར་སྦྱང་གི་དོན་ལུ་ སྡེ་སྲིད་དང་བླ་མ་ཁྲི་པའི་ཧོངས་ལས་ གྲོགས་རམ་ག་དེ་དྲག་དྲག་མཛད་ཡོདཔ་མ་ཚད་ དགེ་རྩ་ཕུལ་ནི་ལ་སོགས་པ་ཡང་མཛད་གནང་ནུག། དེ་ལས་ནད་ཡམས་འདི་སངས་ནི་འབདཝ་ད་ དགེ་འདུན་པའི་སྡེ་གིས་ བླ་མ་ཁྲི་པ་བཀྲིས་ཆོས་རྫོང་ནང་ཞུ་ བླ་མ་ཁྲི་པ་མར་བཞུགས་པའི་དུས་སྐབས་ཅིག་ནང་ར་ འབྲུམ་ནད་ལོག་འདི་ར་ཐོན་ཏེ་ བླ་མ་ཁྲི་པ་མཆོག་ བླ་མ་ཁྲི་པའི་ཁྲི་ལུ་ལོ་གཉིས་ཙམ་ར་མ་བཞུགསཔ་ལས་གཤགས་སོ་ནུག། རྟེན་དང་བརྟེན་པ་ལུ་ཕན་ཐོགས་སྦོམ་བྱུང་མི་ བསྟན་འཛིན་གྱི་སྐྱེས་བུ་ཚུ་ སྡེ་སྲིད་དགེ་འདུན་ཆོས་འཕེལ་གྱི་སྐབས་ལུ་གཤགས་ནི་དང་ ནད་ཀྱིས་ན་ནི་ལ་སོགས་པའི་དཀའ་སྡུག་འབྱུང་ནི་དེ་གིས་ མི་སེར་དམངས་ཀྱིས་ཡང་ དགེ་འདུན་ཆོས་འཕེལ་འདི་ ཚེ་ཧེ་མ་སྨོན་ལམ་ལོག་པ་ཅིག་བཏབ་ཡོད་པ་ལུ་བརྟེན་ ཚེ་ད་རེས་ ཞབས་དྲུང་གི་བསྟན་ལུགས་དང་ སྲོལ་ལུ་གནད་སྐྱོན་བྱེད་མི་ཅིག་སྦེ་འོང་འོངམ་ཨིན་ཟེར་ཁ་གཏང་ནི་ཡང་འགོ་བཙུགས་ནུག། ཨིན་རུང་ སྡེ་སྲིད་དགེ་འདུན་ཆོས་འཕེལ་མཆོག་གིས་ རྐྱེན་ངན་འདི་བཟུམ་བྱུང་བའི་ཤུལ་ལུ་ བསྟན་ལུ་ཕན་ཐོགས་པའི་ཕྱག་འགན་ དཔེར་ན་ རྗེ་མཁན་གསརཔོ་མངའ་གསོལ་ནི། སྐྱབས་མགོན་གོང་མའི་སྲས་འཇམ་དཔལ་རྡོ་རྗེ་གི་ཡང་སྲིད་གདན་འདྲེན་ཞུ་ནི་ཚུ་མཛད་ཡོདཔ་མ་ཚད་ རྫོང་མེ་མཆོད་དང་པ་བཞེས་པའི་བཀྲིས་ཆོས་རྫོང་གི་ཉམས་གསོ་མཛད་གནང་ནུག། ཨིན་རུང་ སྡེ་པ་མཆོག་ ཆགས་སྡང་དྲག་པོ་ཅིག་ཡོད་ནི་འདི་གིས་ བོད་དང་ འབྲས་ལྗོངས་ལ་སོགས་པའི་རྒྱལ་ཁབ་དང་གཅིག་ཁར་དམག་འཁྲུག་ལང་ཡོདཔ་དང་ ནང་འཁྲུག་ཡང་ཧ་ལམ་ཅིག་ར་ལོངས་ད་ནུག།

སྡེ་སྲིད་ཀྱི་མཛད་པ་མཐའ་མ། ཧེ་མ་དགེ་འདུན་ཆོས་འཕེལ་གྱིས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་བཀྲོང་ནི་གི་འཆར་གཞི་བརྩམས་ད་ འདི་གི་གྲས་ཁར་ སྤྲུལ་སྐུ་འབྲུག་སྒྲ་རྒྱ་མཚོ་ཡོདཔ་ཨིན་རུང་ བཀྲོང་རནམ་ད་ དགེ་འདུན་ཆོས་་འཕེལ་གྱི་དམག་སྡེ་ཅིག་ལས་རྒྱལ་མེད་ནི་འདི་གིས་ འདིའི་དགྲ་ལན་ལུ་ དགེ་འདུན་ཆོས་འཕེལ་གྱིས་སྤྲུལ་སྐུ་མཆོག་བཀྲོང་ནི་ཨིནམ་མཁྱེན་ཏེ་ སྤྲུལ་སྐུའི་སྒར་ལྟོ་ཚུ་གིས་ དགེ་འདུན་ཆོས་འཕེལ་གྱིས་སྤྲུལ་སྐུ་མ་བཀྲོངམ་ལས་ བཀྲོང་དཔ་དྲག་མནོ་ དགེ་འདུན་ཆོས་འཕེལ་གྱི་དམག་ཚུ་གྲ་སྒྲིག་ག་ནི་ཡང་མེད་པར་སྡོདཔ་ད་ དམག་ཧང་ཏོ་མ་ཕབ་ཏེ་ སྡེ་པ་མཆོག་དབྱིན་ལོ ༡༧༠༡ གི་ལོ་ལུ་བཀྲོངས་ད་ནུག་གོ།

༼སྡེ་སྲིད་ཁྲི་རབས་དྲུག་པ་ དྲུང་ཆེན་ངག་དབང་ཚེ་རིང་གི་མཛད་རྣམ།༽[ཞུན་དག།]

སྡེ་ཁྲིར་མ་བྱོན་གོང་གི་མཛད་རྣམ། ༼སྐུ་འཁྲུངས་ཤིང་ འདུས་སྡེར་བཞུགས་ཏེ་ ཕྱག་འགན་བཞེས་པའི་སྐོར།༽ དྲུང་ཆེན་ངག་དབང་ཚེ་རིང་མཆོག་ ཐིམ་ཕུག་ ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་ དཀར་སྦིས་ས་གོང་མ་ནང་ དུས་རབས་བཅུ་བདུན་གྱི་བར་བསྐོར་མཚམས་ལུ་སྐུ་འཁྲུངས་ཡོདཔ་ད་ ཞབས་དྲུང་རིན་པོ་ཆེ་ སྐུ་མཚམས་ནང་མ་བཞུགསཔ་ལས་ གྲྭ་ཚང་གི་འདུས་སྡེར་བཞུགས་ཏེ་ གྲྭ་ཚང་གི་སྒྲིག་ལམ་ སྙན་ངག་ལ་སོགས་པའི་གཞུང་རིག་གནས་བཅུ་དང་ གར་ཐིག་དབྱངས་གསུམ་ལུ་མཁས་པ་སྦྱངས་ཡོདཔ་མ་ཚད་ ཡིག་རིགས་ ཚུགས་ཡིག་དང་ ལཉྩ་ དབུ་ཅན་དང་དབུ་མེད་ལ་སོགས་པའི་ ཡིག་རིགས་ལུ་ཡང་སྦྱངས་བརྩོན་མཛད་ཡོདཔ་ཨིན་པས། གྲྭ་ཚང་གི་སྡེ་ནང་ལུ་ ངག་དབང་ཚེ་རིང་ལས་ལྷག་པའི་མཁས་མཆོག་གཞན་མེད་པ་ལུ་བརྟེན་ སྡེ་སྲིད་རིམ་བྱོན་གྱི་དྲུང་ཆེན་སྦེ་ཕྱག་ཞུ་ཡོདཔ་ད་ ཤུལ་མ་ དབང་རྫོང་པ་འབྲུག་བསྟན་འཛིན་ དབང་རྫོང་གི་གོ་གནས་ལས་ དགོངས་ཞུ་མཛདཔ་ད་ དྲུང་ཆེན་མཆོག་ དབང་རྫོང་པའི་གོ་གནས་ལུ་ དབྱིན་ལོ་ ༡༦༩༩ གི་ལོ་ལུ་ སྡེ་སྲིད་ཁྲི་རབས་ལྔ་པ་དགེ་འདུན་ཆོས་འཕེལ་གྱི་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲིར་བྱོན་པའི་ལོ་རྒྱུས་མདོར་བསྡུ། དབྱིན་ལོ་ ༡༧༠༡ ལུ་བྱུང་བའི་འབྲུག་ནང་འཁོད་ཀྱི་དམག་ཆེན་དང་པ་ལུ་བརྟེན་ སྡེ་སྲིད་ཁྲི་རབས་ལྔ་པ་དགེ་འདུན་ཆོས་འཕེལ་མཆོག་ སྤྲུལ་སྐུ་འབྲུག་སྒྲ་རྒྱ་མཚོ་གི་ཕྱོགས་གཏོགས་ཚུ་གིས་ སྤུ་ན་རྫོང་ནང་དམག་གློ་འབུར་དུ་བརྩམས་ཏེ་བཀྲོངས་དཔ་ལས་ སྡེ་ཁྲིར་བཞུགས་ཏེ་ སྲིད་ཀྱི་ཕྱག་ལཱ་གནང་མི་མེད་པ་ལུ་བརྟེན་ གཞུང་ལྷན་ཚོགས་དང་ དགེ་འདུན་འདུས་ཚོགས་ཐུགས་གཅིག་མཐུན་གྱི་སྒོ་ལས་ དབང་རྫོང་པ་དྲུང་ཆེན་ངག་དབང་ཚེ་རིང་མཆོག་ སྡེ་སྲིད་ཁྲི་རབས་དྲུག་པའི་ཁྲི་ལུ་མངའ་གསོལ་ཞུ་སྟེ་ རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞུ་གནང་ནུག། སྡེ་ཁྲིར་བྱོན་པའི་ཤུལ་གྱི་མཛད་རྣམ། ནད་ཡམས་འབྲུམ་ནད་ཤུགས་ཅན་ཅིག་ལུ་བརྟེན་ བླ་མ་ཁྲི་པ་རྒྱལ་སྲས་འཇམ་དཔལ་རྡོ་རྗེ་གི་སྲས་མོ་མཚོ་སྐྱེས་རྡོ་རྗེ་མཆོག་ བླ་མ་ཁྲི་པའི་ཁྲི་ཐོག་ལུ་གཤགས་སོངམ་ལས་ ཚབ་ལུ་ ཧེ་མ་སྡེ་པ་དགེ་འདུན་ཆོས་འཕེལ་གྱི་སྐབས་ལུ་ རྒྱལ་སྲས་འཇམ་དཔལ་རྡོ་རྗེ་གི་སྤྲུལ་སྐུ་ཨིན་པར་ངོས་འཛིན་གནང་ཡོད་པའི་ རྒྱལ་སྲས་ཀུན་དགའ་རྒྱ་མཚོ་མཆོག་ དབྱིན་ལོ་ ༡༧༠༢ གི་ལོ་ལུ་ བླ་མ་ཁྲི་པའི་ཁྲི་ལུ་མངའ་གསོལ་ཞུ་གནང་ནུག། དེ་གི་ཤུལ་བདའ་སྟེ་ར་ ཧེ་མ་ཐིམ་ཕུག་བཀྲིས་ཆོས་རྫོང་མེ་མཆོད་དང་པ་ཤོར་བའི་སྐབས་ལུ་ སྡེ་སྲིད་གཉིས་པ་ལ་སྔོན་པ་བསྟན་འཛིན་འབྲུག་སྒྲ་དང་ སྡེ་སྲིད་བཞི་པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་མཛད་གནང་ཡོད་པའི་ བཀའ་འགྱུར་གསེར་གྱིས་བྲིས་ཡོད་པ་རྣམས་ མེ་མཆོད་ཤོར་ཡོད་མི་འདི་ སྡེ་སྲིད་དྲུང་ཆེན་གྱི་སྐབས་ལུ་ ལོག་གསར་བྲིས་མཛད་ཡོདཔ་མ་ཚད་ བཀྲིས་ཆོས་རྫོང་གི་ནང་རྟེན་གཙོ་བོ་ ཚེ་དཔག་མེད་ཀྱི་སྐུ་གཅིག་ གསེར་ཟངས་ཀྱིས་གསར་བསྒྲུབས་མཛད་གནང་ནུག།

ཧེ་མ་སྡེ་སྲིད་ཁྲི་རབས་ལྔ་པ་དགེ་འདུན་ཆོས་འཕེལ་གྱི་སྐབས་ལུ་ བོད་འབྲུག་གཉིས་ཀྱི་བར་ན་ འབྲས་ལྗོངས་ཀྱི་བྲེལ་ཟིང་བྱུང་སྟེ་ ཆིངས་ཡིག་བྲིས་ཡོདཔ་ཨིན་རུང་ སྡེ་སྲིད་ཞིང་གཤགས་དགེ་འདུན་ཆོས་འཕེལ་གྱིས་ངོས་ལེན་མ་མཛད་པར་ལུས་ཡོད་མི་དེ་ སྡེ་སྲིད་ཁྲི་ཐོག་ལུ་ཡོད་པ་ དྲུང་ཆེན་ངག་དབང་ཚེ་རིང་གི་སྐབས་ལུ་ ཆིངས་ཡིག་བཟོ་སྟེ་ བྲེལ་ཟིང་འདི་སྐབས་ཅིག་ཞི་ནུག། དེའི་ཤུལ་ལས་ སྡེ་སྲིད་མཆོག་གིས་ སྔར་འབྲུག་ལུ་མེད་པའི་བསྟན་འགྱུར་ཆེན་མོ་ ཆ་ཚང་ཅིག་ བོད་ལས་གདན་འདྲེན་ཞུ་གནང་ཡོདཔ་ཨིན། སྡེ་སྲིད་གོང་མ་ཚུ་གིས་ སྒང་སྟོད་སྤྲུལ་སྐུ་རིམ་བྱོན་ཚུ་ རྒྱལ་ཁབ་ཀྱི་སྐུ་རིམ་གནང་ཚདཔ་ཅིག་ནང་ མགྱོནམ་སྦེ་འབོ་སྟེ་ཞུ་སྲོལ་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ སྡེ་སྲིད་ཆགས་སྡང་ཅན་ཚུ་ལུ་བརྟེན་ ལུགས་སྲོལ་འདི་བཟུམ་མེདཔ་སྦེ་བཟོ་ཡོདཔ་ཨིན་རུང་ སྡེ་སྲིད་དྲུང་ཆེན་གྱི་སྐབས་ལུ་ སྔར་མཛད་སྲོལ་ཡོད་མི་དེ་ ག་ཨིནམ་མཛད་དེ་ སྲོལ་ཉམས་སྐྱོང་མཛད་གནང་ཡོདཔ་མ་ཚད་ ཧེ་མ་སྡེ་སྲིད་དགེ་འདུན་ཆོས་འཕེལ་གྱི་སྐབས་ བྱམས་མགོན་གྱི་སྐུ་འཁོར་ཚུ་མཐར་བཤུད་དེ་བཏང་ཡོད་མི་ཚུ་ཡང་ ལོག་འབྲུག་ལུ་འོང་ཆོག་པའི་གནང་བ་གནང་ནུག། སྡེ་སྲིད་ཀྱི་མཛད་པ་མཐའ་མ། སྡེ་སྲིད་ཁྲི་རབས་དྲུག་པ་ དྲུང་ཆེན་ངག་དབང་ཚེ་རིང་མཆོག་ སྡེ་ཁྲི་ལུ་ ལོ་ངོ་གཉིས་དེ་ཅིག་བཞུགས་ཏེ་ རྟེན་དང་བརྟེན་པ་ མདོར་བསྡུ་ན་ རྒྱལ་ཁབ་ལུ་ཕན་ཐོགས་པའི་ཕྱག་ལཱ་མཛད་པའི་མཐར་ དབྱིན་ལོ་ ༡༧༠༣ གི་ལོ་ལུ་ སྡེ་སྲིད་ཀྱི་ཁྲི་ཐོག་ཁར་ གློ་བུར་དུ་གཤགས་སོ་ནུག་གོ།

སྡེ་སྲིད་ཁྲི་རབས་བདུན་པ་ས་སྐྱོང་མི་དབང་དབུ་མཛད་བསམ་གཏན་བསྟན་འཛིན་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་བསམ་གཏན་བསྟན་འཛིན་མཆོག་ སྤྱི་ལོ་ ༡༦༦༦ ལས་ སྤྱི་ལོ་ ༡༦༨༣ ཚུན་དགེ་འདུན་གྲྭ་ཚང་ནང་དབུ་མཛད་ཀྱི་གོ་གནས་བཞེས་ཏེ་བཞུགསཔ་ལས་ སྡེ་སྲིད་ཁྲི་རབས་བདུན་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག། (སྡེ་སྲིད་མཆོག་གི་འཁྲུངས་པའི་ལོ་དང་ཡུལ་ ཡབ་དང་ཡུམ་གྱི་མཚན་འདི་ཚུ་གི་སྐོར་ལས་བཀོད་དེ་མིན་ནུག།) སྐུ་ན་ཆུང་ཀུའི་བསྒང་ལས་ གྲྭ་ཚང་འདུས་སྡེ་ལུ་བཞུགས་ཏེ་ སྐུ་ཡོན་དང་དཀྱིལ་ཆོག་གི་དབྱངས་ཐིག་གར་གསུམ་ལུ་མཁས་པ་སྦྱངས་ཡོདཔ་ཨིན་མས།

སྤྱི་ལོ་ ༡༧༠༤ ཟླཝ་ ༡༢ པའི་ནང་ སྡེ་སྲིད་དྲུག་པ་ དྲུང་ཆེན་ངག་དབང་ཚེ་རིང་མཆོག་ ཁྲི་ཐོག་ལུ་དགོངས་པ་རྫོགས་པའི་སྐབས་ལུ་ སྡེ་སྲིད་ཀྱི་ངོ་ཚབ་ལུ་ རྒྱལ་ཚབ་བླ་མ་ཁྲི་པ་རྒྱལ་སྲས་ཀུན་དགའ་རྒྱལ་མཚན་དང་ རྗེ་མཁན་ཁྲི་རབས་བཞི་པ་དམ་ཆོས་པད་དཀར། དེ་ལས་ གྲྭ་ཚང་འདུས་སྡེ་དམངས་ཀྱིས་ དབུ་མཛད་བགྲེས་པ་བསམ་གཏན་བསྟན་འཛིན་མཆོག་ སྐུ་ཡོན་དང་གོམས་འདྲིས་ཡོད་མི་ཅིག་ཨིནམ་ལས་ གདམ་འཐུ་གནང་སྟེ་ སྤྱི་ལོ་ ༡༧༠༤ ཟླཝ་ ༡ པའི་ནང་ སྡེ་སྲིད་ཁྲི་རབས་བདུན་པའི་ཁྲི་ཐོག་ལུ་མངའ་གསོལ་ཞུ་གནང་ནུག།

སྡེ་སྲིད་ཁྲི་ཁར་བྱོན་པའི་ཤུལ་གྱི་མཛད་པ།[ཞུན་དག།]

སྡེ་སྲིད་ཁྲི་རབས་བདུན་པ་དབུ་མཛད་བསམ་གཏན་བསྟན་འཛིན་མཆོག་ ཁྲི་ཐོག་ལུ་བྱོན་ཞིནམ་ལས་ ཆགས་སྡང་ཕྱོགས་རིས་སྤང་དགོཔ་དང་འའབྲལ་བའི་བཀའ་ཁྲིམས་ཚུ་གནང་ནུག། དེ་ཡང་ སྡེ་སྲིད་ལྔ་པ་དགེ་འདུན་ཆོས་འཕེལ་གྱིས་ བྱམས་མགོན་ངག་དབང་རྒྱལ་མཚན་གྱི་ཡུམ་དང་སྐུ་མཆེད་ཚུ་ དར་དཀར་ན་ལས་ཆགས་སྡང་ཕྱོགས་རིས་ཀྱི་ཐོག་ལུ་མཐར་བཤུད་མཛད་ཡོད་མི་འདི་ སྡེ་སྲིད་ཁྲི་རབས་དྲུག་པ་དྲུང་ཆེན་ངག་དབང་ཚེ་རིང་མཆོག་གིས་ བཀའ་ཤོག་གནང་སྟེ་ བྱམས་མགོན་ངག་དབང་རྒྱལ་མཚན་གྱི་ཡུམ་དང་སྐུ་མཆེད་ཚུ་ ལོག་སྟེ་ཨུ་ལ་ལུ་ལྷོད་ཡོད་རུང་ བློན་པོ་དབང་ཚད་ཅན་ཚུ་གིས་ དོ་རུང་ཨུ་ལ་ལས་ ཡར་གཏང་མ་བཏུབ་པར་བཀག་བཞག་ནུག།

སྡེ་སྲིད་ཁྲི་རབས་བདུན་པ་བསམ་གཏན་བསྟན་འཛིན་མཆོག་ ཁྲི་ཐོག་ལུ་བྱོན་པའི་ཤུལ་ལུ་ བྱམས་མགོན་གྱི་ཡུམ་དང་སྐུ་མཆེད་ཚུ་ ཨུ་ལ་ལས་ལོག་རང་གནས་ལུ་འོང་ཆོག་པའི་བཀའ་རྒྱ་གནངམ་ལས་ ལོག་སྟེ་རང་ཡུལ་ལུ་འབྱོར་ཚུགསཔ་མཛད་གནང་ནུག། སྤྱི་ལོ་ ༡༧༠༦ ལུ་ ལ་དྭགས་དང་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་མཐུན་ལམ་ཡང་ཡར་དྲག་སོང་ཡོདཔ་ཨིན་མས།

སྡེ་སྲིད་མཆོག་གི་མཛད་པ་མཐའ་མ།[ཞུན་དག།]

ས་སྐྱོང་མི་དབང་དབུ་མཛད་བསམ་གཏན་བསྟན་འཛིན་མཆོག་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་བཞུགས་པའི་སྐབས་ ཐིམ་རྫོང་པ་འབྲུག་རབ་རྒྱས་དང་ སྤུངས་རྫོང་པ་བསྟན་པ་དབང་ཕྱུག་གཉིས་ཀྱི་བར་ མ་འགྲིགས་པར་ སྤྱི་ལོ་ ༡༧༠༦ ལུ་ ནང་འཁྲུག་འབྱུང་ནི་འབདཝ་ལས་ སྡེ་སྲིད་ཀྱི་ཕྱག་ལཱ་མཛད་ནི་འདི་འཇམ་ཏོག་ཏོ་ཅིག་མེདཔ་གཟིགས་ཏེ་ སྡེ་སྲིད་མཆོག་ཁྲི་ཐོག་ལས་དགོངས་ཞུ་མཛད་གནང་ནུག།
དབུ་མཛད་བསམ་གཏན་བསྟན་འཛིན་མཆོག་ གདན་ས་ལྕགས་རི་ལུ་ ཟུར་བཞུགས་མཛད་དེ་ ལོ་ངོ་གཅིག་མ་ལངམ་ཅིག་ཐུགས་དམ་གནང་བཞུགས་ཏེ་ སྤྱི་ལོ་ ༡༧༠༧ ལུ་དགོངས་པ་ཆོས་ཀྱི་དབྱིངས་ལུ་ཐིམ་སོ་ནུག་གོ།

༼སྡེ་སྲིད་ཁྲི་རབས་བརྒྱད་པ་ས་སྐྱོང་མི་དབང་ འབྲུག་རབ་རྒྱས་ཀྱི་མཛད་རྣམ།༽[ཞུན་དག།]

འཁྲུངས་ཡུལ་ཝང་སྲིན་མོ་ལས་ཨིནམ་ད་ མཚན་ཡང་འབྲུག་རབ་རྒྱས་ཟེར་བཏགས་ཡོདཔ་མས། གཞོན་ནུ་ལས་ཆོས་རྗེ་འབྲུག་པའི་སྒར་ལྟོའི་གྲལ་དུ་ཞུགས་ཏེ་ དཀའ་ངལ་ག་ཅི་བཟུམ་ལུ་ཡང་གདོང་ལེན་འབད་དེ་ཕྱག་ཞུ་མི་ཅིག་ཨིན་མས། ཁོ་གིས་རྩིས་མཁྱེན་ནི་འདི་གིས་ མི་ཚུ་གིས་ཝང་ཕ་ཇོ་ཟེར་ཞུ་དོ་ཡོདཔ་མས། དེ་ལས་ཤུལ་མ་སྡེ་སྲིད་མཛདཔ་ད་ མཚན་ལུ་སྡེ་པ་རྒྱ་བོ་ཟེར་ཡང་ཞུཝ་ཨིན་མས། འབྲུག་རབ་རྒྱས་ཀྱིས་གོ་གནས་དང་པ་ མགར་ས་རྫོང་གི་ཤ་གཉེར་འབད་ནུག། ཁོ་གིས་སྡེ་སྲིད་གོང་མ་ཚུ་གི་སྐབས་ བོད་དང་འབྲས་ལྗོངས་དང་གཅིག་ཁར་དམག་འཁྲུགས་དང་ དེ་ལས་རྒྱལ་ཁབ་ནང་འཁྲུགས་ཀྱི་སྐབས་ལུ་ ལྷག་བསམ་རྣམ་དག་གི་ཕྱག་ཞུཝ་ལས་ གཞུང་མགྲོན་གཉེར་གྱི་གོ་གནས་ལུ་ཕྱག་ཞུ་བའི་བར་ན་ སྡེ་སྲིད་ཁྲི་རབས་ལྔ་པ་དགེ་འདུན་ཆོས་འཕེལ་གྱིས་ མགྲོན་གཉེར་ལས་ཐིམ་ཕུག་རྫོང་དཔོན་གྱི་གོ་གནས་ལུ་བསྐོ་བཞག་གནང་ནུག།

སྡེ་སྲིད་ཁྲི་རབས་བདུན་པ་ དབུ་མཛད་བསམ་གཏན་བསྟན་འཛིན་གྱི་སྐབས་ལུ་ སྤུངས་རྫོང་པ་བསྟན་པ་དབང་ཕྱུག་དང་ ཐིམ་རྫོང་པ་འབྲུག་རབ་རྒྱས་གཉིས་ སྡེ་སྲིད་གོ་གནས་ཀྱི་མི་ངོ་ལུ་ དོ་འགྲན་འབད་དེ་མ་འགྲིགསཔ་ལས་ ནང་འཁྲུགས་ལོང་ནི་གུར་ཐུགཔ་ད་ སྡེ་སྲིད་དབུ་མཛད་བསམ་གཏན་བསྟན་འཛིན་གྱིས་གདོང་ལེན་འབད་མ་ཚུགས་པར་ ཁོ་ར་སྡེ་སྲིད་ཀྱི་ཁྲི་ལས་དགོངསམ་ཞུ་ནུག། དེ་ལས་འབྲུག་རབ་རྒྱས་ སེམས་རྟོགས་ཁ་རྫོང་ལུ་སོང་སྟེ་ རྒྱལ་སྲས་སྤྲུལ་སྐུའི་ཡུམ་ཀརྨ་ལྷ་མོ་འབད་སར་བཅར་ཏེ་ ཡུམ་ཐུགས་མཉེས་ནིའི་བསྙེན་བཀུར་ཞབས་ཏོག་ག་དེ་དྲག་དྲག་ཞུ་སྡོད་ནུག། སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་སྒོ། ཞབས་དྲུང་རྒྱལ་ཚབ་ཀྱི་ཁྲི་ཁར་ བཞུགས་ཡོད་མི་རྒྱལ་སྲས་སྤྲུལ་སྐུ་ཀུན་དགའ་རྒྱལ་མཚན་མཆོག་ སྡེ་སྲིད་དབུ་མཛད་བསམ་གཏན་བསྟན་འཛིན་དགོངསམ་ཞུ་ཞིནམ་ལས་ རྒྱལ་ཚབ་དང་སྡེ་སྲིད་གཉིས་ཆ་རའི་ཐུགས་འགན་བཞེས་དགོཔ་བྱུང་ནུག། ཟླཝ་དག་པ་ཅིག་གི་ཤུལ་ལས་ རྒྱལ་སྲས་སྒྲུབ་པ་ལུ་ཞུགས་ནིའི་ཐུགས་ཐག་བཅད་དེ་ འབྲུག་རབ་རྒྱས་སེམས་རྟོགས་ཁ་ལས་འབོ་སྟེ་ རྒྱལ་ས་ཐིམ་ཕུག་ལུ་སྦེ་ སྡེ་སྲིད་བརྒྱད་པའི་ཁྲི་ལུ་མངའ་གསོལ་མཛད་ནུག།

སྡེ་སྲིད་ཁྲི་ཐོག་གི་མཛད་ཤུལ། སྤྱི་ལོ་ ༡༧༠༧ ལུ་རྗེ་མཁན་ཁྲི་རབས་བཞི་པ་དམ་ཆོས་པད་དཀར་མཆོག་ ཁྲི་ལས་དགོངས་ཞུ་མཛད་དེ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱི་ཡོངས་འཛིན་མཛད་མི་ བཟོད་པ་ཕྲིན་ལས་མཆོག་ རྗེ་མཁན་ཁྲི་རབས་ལྔ་པར་མངའ་གསོལ་ཞུ་ནུག། སྤྱི་ལོ་ ༡༧༡༢ ལུ་འབྲུག་རབ་རྒྱས་མཆོག་གིས་ཆིངས་འགྲིགས་ཏེ་ བོད་འབྲུག་ས་མཚམས་ཡར་མར་འགྲོ་འགྲུལ་འབད་ཆོགཔ་སྦེ་བཟོ་གནང་ནུག། རྒྱལ་སྲས་སྤྲུལ་སྐུའི་སྐུ་སྲོག་འཕྲོག་པ། སྤྱི་ལོ་ ༡༧༡༡ ལུ་རྒྱལ་སྲས་ཀུན་དགའ་རྒྱལ་མཚན་མཆོག་ ཐུགས་དམ་ལོ་ ༣ ལས་བཞེངས་ཏེ་སྤུ་ན་ཁར་ཕེབས་ད་ སྡེ་སྲིད་འབྲུག་རབ་རྒྱས་ཀྱིས་ ཞབས་དྲུང་ངོ་ཚབ་བཀྲོང་ནིའི་ངན་སྤྱོད་སྣ་ཚོགས་བརྩམ་ནི་འགོ་བཙུགས་ནུག། སྤྱི་ལོ་ ༡༧༡༢ ལུ་ རྒྱལ་སྲས་མཆོག་རྒྱལ་ཁྲི་སྤངས་ཏེ་དབང་འདུས་ཕོ་བྲང་ལུ་བཞུགསཔ་ད་ སྡེ་སྲིད་ཀྱིས་དབང་འདུས་མགྲོན་གཉེར་ལུ་ རྒྱལ་སྲས་བཀྲོངས་དགོཔ་སྦེ་ བཀའ་གནང་ནུག། སྤྱི་ལོ་ ༡༧༡༣ ལུ་ རྒྱལ་སྲས་མཆོག་དགུང་ལོ་ ༢༥ བཞེསཔ་ད་ ཁོ་ཐང་ཁ་ལུ་དུག་དྲངས་ཏེ་བཀྲོངས་བཏང་ནུག། ཞབས་དྲུང་ཕྱོགས་ལས་རྣམ་རྒྱལ་གསེར་ཁྲིར་མངའ་གསོལ། སྤྱི་ལོ་ ༡༧༠༧ ལུ་ཞབས་དྲུང་རིན་པོ་ཆེའི་ཐུགས་དམ་དཀྲོགས་ཏེ་ ཡང་སྲིད་འབྱོན་དགོཔ་སྦེ་གསོལཝ་བཏབ་ལས་ སྤྲུལ་སྐུ་དང་པ་ ཕྱོགས་ལས་རྣམ་རྒྱལ་མཆོག་ སྤྱི་ལོ་ ༡༧༠༨ ལུ་དར་དཀར་ཉི་གདུགས་ཁ་ལུ་སྐུ་འཁྲུངས་ནུག། སྤྱི་ལོ་ ༡༧༡༤ ལུ་མཆོག་སྤྲུལ་ཕྱོགས་ལས་རྣམ་རྒྱལ་ དགུང་ལོ་བདུན་བཞེསཔ་ད་ ཞབས་དྲུང་གི་རྒྱལ་ཚབ་གསུམ་པའི་གསེར་ཁྲི་ལུ་མངའ་གསོལ་ཞུ་ནུག། མི་སེར་གྱི་བདེ་ཐབས། ང་བཅས་རའི་རྒྱལ་ཁབ་ནང་ སྔར་སྲོལ་མི་སེར་གུང་གཅིག་ལུ་ བརྒྱུད་འཛིན་གྱི་བུ་གཞི་མེད་པའི་རིགས་ཀྱི་ཕ་གཞིས་རབས་ཆད་ཡོད་མི་ཚུ་ གཞུང་གིས་བཞེས་གནང་སྲོལ་ཡོད་མི་འདི་ མི་སེར་གྱི་སྐྱིད་སྡུག་ལུ་གཟིགས་ཏེ་ བསྡུ་མ་དགོ་པར་མཛད་ཡོདཔ་མ་ཚད། རྨགཔ་ཤི་བའི་ཨམ་སྲུ་ཚུ་ རྨགཔ་གི་རོ་དང་གཅིག་ཁར་ གསོན་སྲེག་གཏང་སྲོལ་ཡོད་པའི་ལཱ་ངན་འདི་ཡང་ སྡེ་སྲིད་བཞུགས་པའི་རིང་ལུ་རྦད་བཅད་གནང་ནུག། བསོད་ནམས་དགེ་བའི་མཛད་པ། སྤྱི་ལོ་ ༡༧༡༥ ལུ་ སྡེ་སྲིད་མཆོག་གིས་ ཐིམ་ཕུག་ལུ་བཀའ་འགྱུར་སྐྱ་པོད་གསར་བཞེངས་དང་ བདེ་ཆེན་ཕོ་བྲང་གི་སྒང་ དབང་འདུས་རྩེ་ལུ་ ཟབ་དོན་ལྷུན་རྩེ་གཙུག་ལག་ཁང་གསར་བཞེངས་གནང་ནུག། དེ་ལས་ཡི་དམ་གྱི་སྐུ་མ་འདྲཝ་ ༡༡༥ འི་སྐུ་པར་བྱེ་བ་བཞུགས་པའི་རྟེན་སྒྲོམ་བརྒྱད། བདེ་གཤེགས་མཆོད་རྟེན་བརྒྱད་ལ་སོགས་པའི་རྟེན་གསུམ་བཞེངས་གནང་ནུག། སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ། སྤྱི་ལོ་ ༡༧༡༩ ལུ་གསོལ་ཐབ་སྤུ་ན་ཁ་ལུ་ཕེབས་པའི་སྐབས་ སྡེ་སྲིད་ཁོ་ར་གིས་གསར་བཞེངས་གནང་ཡོད་པའི་དབང་འདུས་རྩེ་ཟབ་དོན་ལྷུན་རྩེ་ལུ་ སྐུ་ངལ་གནང་སྟེ་བཞུགས་ནུག། དེ་ལས་ སྤྱི་ལོ་ ༡༧༢༠ ལུ་ཁོ་རའི་སྐུ་ཚབོ་ དགེ་བཤེས་ངག་དབང་རྒྱ་མཚོ་ སྡེ་སྲིད་ཁྲི་རབས་དགུ་པ་ལུ་བསྐོ་བཞག་གནང་སྟེ་ ཁོ་ར་དགོངས་ཞུ་མཛད་གནང་ནུག། སྡེ་ཁྲི་ལས་དགོངས་ཞུའི་རྗེས་ཀྱི་མཛད་པ། སྡེ་སྲིད་འབྲུག་རབ་རྒྱས་དགོངས་ཞུ་ཞིནམ་ལས་ ཟབ་དོན་ལྷུན་རྩེ་ལུ་བཞུགས་ཏེ་ མཆོག་སྤྲུལ་ཕྱོགས་ལས་རྣམ་རྒྱས་རྩ་བའི་བླ་མ་སྦེ་བསྟེན་ཏེ་ བསྙེན་རྫོགས་ཀྱི་སྡོམ་པ་ཞུ། མ་ཎི་དུང་སྒྲུབ་བཙུགས་ཏེ་ དགེ་འདུན་གྱི་སྡེ་ལུ་བསྙེན་བཀུར་ཞབས་ཏོག་སྦོམ་སྦེ་ཞུ་སྟེ་ བསོད་ནམས་དགེ་བའི་ལཱ་ལུ་བརྩོན་བཞུགས་ནུག། གཞུང་སྲིད་ལུ་ཐེ་གཏོགས། ཧེ་མ་ཁོ་གིས་བཀྲོང་མི་ རྒྱལ་སྲས་སྤྲུལ་སྐུ་ཀུན་དགའ་རྒྱལ་མཚན་གྱི་ཡང་སྲིད་འཇིགས་མེད་ནོར་བུ་ སྤྱི་ལོ་ ༡༧༡༧ ལུ་ སྐུ་འཁྲུངས་མི་འདི་གཞུང་དང་དགེ་འདུན་གྱིས་ངོས་འཛིན་མཛད་མི་ལུ་ སྡེ་སྲིད་བགྲེས་པ་གིས་ ངལ་མ་རངས་པར་གཞུང་དང་དགེ་འདུན་པའི་ཕྱག་ལཱ་ནང་ལགཔ་རྐྱབ་ཏེ་ བར་ཆད་སྣ་ཚོགས་བརྩམས་དོ་ཡོདཔ་མས། རྒྱལ་སྲས་སྐུ་ཚེ་གོང་མའི་གྲྭ་སློབ་དང་ དགེ་འདུན་མང་རབས་ཅིག་གིས་ སྡེ་སྲིད་བགྲེས་པ་ལུ་ ངལ་མ་རངས་པར་ནང་འཁྲུགས་ལོང་ནུག། སྡེ་སྲིད་བགྲེས་པ་དང་ཁོ་རའི་ཕྱོགས་གཏོགས་ཚུ་གིས་ དམག་ལན་རྐྱབ་རུང་ གཞུང་དམག་ལུ་འབད་མ་ཚུགས་པར་ བོད་རྒྱལ་མི་དབང་བསོད་ནམས་སྟོབས་རྒྱས་ལུ་དམག་རྒྱབ་ཞུ་ནུག། བོད་ལུ་དམག་རྒྱབ་ཞུ་སྟེ་རུང་ བོད་ལས་ངོས་ལེན་གྱི་ཡི་གུ་མ་ལྷོད་པའི་བར་ན་ སྡེ་སྲིད་བགྲེས་པ་གིས་ གཞུང་དམག་ལུ་འབད་མ་ཚུགས་པར་ ཐིམ་ཕུག་ལས་བྱོག་བྱོན་ཏེ་ ཧཱ་གླང་ཆུ་ལུ་ལྷོདཔ་ད་ གཞུང་དམག་ཚུ་གིས་བདའ་ཟུནམ་ལས་ སྤ་རོ་ལུ་ཆུ་ནང་བཀོ་སྟེ་བཀྲོང་པའི་ལོ་དེ་ སྤྱི་ལོ་ ༡༧༢༩ ལུ་ཨིན་མས། དེ་ལས་ཕར་ རྒྱལ་སྲས་སྤྲུལ་སྐུ་ཀུན་དགའ་རྒྱལ་མཚན་དང་ འཇིགས་མེད་ནོར་བུ་སྐུ་ཕྲེང་གཉིས་ཀྱི་ཕྱོགས་གཏོགས་སྡེ་ཚན་ཅིག་དང་ སྡེ་སྲིད་བགྲེས་པ་འབྲུག་རབ་རྒྱས་དང་ ཞབས་དྲུང་ཡང་སྲིད་ཕྱོགས་ལས་རྣམ་རྒྱལ་ཕྱོགས་གཏོགས་ སྡེ་ཚན་གཅིག་ལུ་སོང་བའི་ཕུང་སྲི་དང་གདོང་ལེན་དེ་ རྒྱལ་ཁབ་ནང་ཡུན་རིང་ལུས་ཡོདཔ་ལས་ དུས་ཚོད་དེ་ལུ་ རྒྱལ་རབས་མཁན་པོ་ཚུ་གི་ནང་ཟིང་བར་མའི་དུས་སྐབས་ཟེར་ངོས་འཛིན་འབདཝ་ཨིན་ནོ། །

སྡེ་སྲིད་ཁྲི་རབས་དགུ་པ་ས་སྐྱོང་མི་དབང་ངག་དབང་རྒྱ་མཚོའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་དགུ་པ་ ས་སྐྱོང་མི་དབང་དགེ་བཤེས་ངག་དབང་རྒྱ་མཚོ་མཆོག་ གཡུས་ཝང་ཚ་ལུང་ནང་ལུ་སྐུ་འཁྲུངས་ཡོདཔ་དང་། སྡེ་སྲིད་མཆོག་གིས་ སྐུ་ཡོན་མཁས་པ་སྦྱངས་ཏེ་ དགེ་བཤེས་ཀྱི་མཚན་ཐོབ་ཡོདཔ་དང་ ཤུལ་ལས་སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ཕེབས་ཞིནམ་ལས་ ཆོས་རྒྱལ་གྱི་མཚན་ཡང་ཐོབ་ནུག། དགེ་བཤེས་ངག་དབང་རྒྱ་མཚོ་མཆོག་ སྡེ་སྲིད་ཁྲི་རབས་བརྒྱད་པ་འབྲུག་རབ་རྒྱས་ཀྱི་སྐུ་ཚ་བོ་ཨིན་མས། སྐུ་ན་ཆུང་ཀུའི་བསྒང་ལས་ གྲྭ་ཚང་འདུས་སྡེ་ལུ་བཞུགས་ཏེ་ སྐུ་ཡོན་དང་སྒྲིག་ལམ་ དཀྱིལ་མཆོག་གི་དབྱངས་ཐིག་གར་གསུམ་ལུ་མཁས་པ་སྦྱངས་ཡོདཔ་མ་ཚད་ སྒྲ་རིག་པ་དང་སྙན་ངག། སྡེབ་སྦྱོར་སོགས་རིག་གནས་ཚུ་ བླ་མ་ཙནྡྲ་པ་ལས་མཐར་ཕྱིན་སྦེ་མཛད་དེ་ དགེ་བཤེས་ཀྱི་མཚན་ཡོངས་གྲགས་ཐོན་ཡོདཔ་ལས་ དགེ་འདུན་པའི་ཚོགས་ནང་ལས་དྲག་ཤོས་ཅིག་ཨིན་མས།

ཞབས་དྲུང་གསུང་སྤྲུལ་དང་པ་ ཕྱོགས་ལས་རྣམ་རྒྱལ་མཆོག་ སྤྱི་ལོ་ ༡༧༡༣ ལུ་ དབང་འདུས་ཕོ་བྲང་རྫོང་ལུ་གདན་འདྲེན་ཞུ་སྟེ་་ སྡེ་སྲིད་ཁྲི་རབས་བརྒྱད་པ་འབྲུག་རབ་རྒྱས་ཀྱིས་ ས་སྐྱོང་མི་དབང་དགེ་བཤེས་ངག་དབང་རྒྱ་མཚོ་མཆོག་ སྤྲུལ་སྐུ་ལུ་ སྐུ་ཡོན་ཕུལ་མི་སློབ་དཔོན་སྦེ་བཀལ་གནང་ནུག།

སྡེ་སྲིད་འབྲུག་རབ་རྒྱས་མཆོག་ སྤྱི་ལོ་ ༡༧༡༩ ལུ་ སྡེ་སྲིད་ཀྱི་ཁྲི་ཐོག་ལས་དགོངས་ཞུ་མཛད་དེ་ སྤྱི་ལོ་ ༡༧༢༠ པའི་གསར་ཚེས་ཀྱི་ཟླཝ་དེ་ནང་ གདན་ས་སྤུ་ན་ཁ་ལུ་སྦེ་ ཁོ་རའི་ཚ་བོ་དགེ་བཤེས་ངག་དབང་རྒྱ་མཚོ་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་མངའ་གསོལ་ཞུ་གནང་ནུག།

སྤྱི་ལོ་ ༡༧༢༠ ལུ་སྡེ་སྲིད་ཁྲི་རབས་དགུ་པ་དགེ་བཤེས་ངག་དབང་རྒྱ་མཚོ་མཆོག་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་འབྱོན་པའི་དུས་ལུ་ སྤྱི་ལོ་ ༡༧༡༤ ལས་ཞབས་དྲུང་གསུང་སྤྲུལ་དང་པ་ རྗེ་བཙུན་ཕྱོགས་ལས་རྣམ་རྒྱལ་མཆོག་ བླམ་ཁྲི་པའི་གསེར་ཁྲི་ལུ་བཞུགས་ཡོདཔ་དང་། གོང་ས་མི་ཕམ་དབང་པོ་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ཨིནམ་སྦེ་ངོས་འཛིན་གྲུབ་སྟེ་ སྤྱི་ལོ་ ༡༧༢༡ ལས་ སྒང་སྟེང་སྤྲུལ་སྐུ་བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱི་བླ་ཚབ་སྦེ་མཛད་བཞུགས་ནུག། རྒྱལ་སྲས་འཇིགས་མེད་ནོར་བུ་མཆོག་ སྤྱི་ལོ་ ༡༧༡༧ ལུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱི་ཡང་སྲིད་སྦེ་སྐུ་འཁྲུངས་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་དགེ་བཤེས་ངག་དབང་རྒྱ་མཚོ་གིས་ དཀྱིལ་ཆོག་གར་ཐིག་དབྱངས་གསུམ་ཡར་རྒྱས་དང་ གུ་རུ་རིན་པོ་ཆེའི་སྒྲུབ་གནས་ཚུ་ནང་ གསོལ་འདེབས་དང་ལྷན་སྐྱེས་ཚུ་བཙུགས་གནང་ཡོདཔ་མ་ཚད་ སྡེབ་སྦྱོར་རིན་ཆེན་འབྱུང་གནས་ ཟ་མ་ཏོག་དང་ སུམ་རྟགས་དང་ སྒྲ་ཀ་ཙན་དབྱངས་གསུམ་ལ་སོགས་པའི་རིག་གནས་ཚུ་ཡང་བཙུགས་གནང་ནུག།

གདན་ས་སྤུ་ན་ཁ་ལུ་ འཇམ་དཔལ་དབྱངས་དང་ གུ་རུ་པདྨ་འབྱུང་གནས སྤྱན་རས་གཟིགས་ཀྱི་སྐུ་ཚུ་དང་ ལྕགས་རི་ལུ་ཞབས་དྲུང་རིན་པོ་ཆེའི་གསེར་སྐུ་དང་ ཐིམ་ཕུག་ལུ་རྒྱ་བོད་ཀྱི་ལོ་པཎ་ཚུ་གི་ཐང་ཀ་ཚུ་ཡང་གསར་བཞེངས་མཛད་གནང་ནུག། དེ་མ་ཚད་ རྒྱལ་བའི་བཀའ་འགྱུར་ཆེན་མོ་དང་ རྗེ་བཙུན་མི་ལའི་རྣམ་ཐར་དང་མགུར་འབུམ་ལ་སོགས་པའི་གསུང་རྟེན་མང་རབས་ཅིག་གསར་སྒྲུབ་གནང་སྟེ་ ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ངག་དབང་རྒྱ་མཚོ་ཟེར་བའི་མཚན་དར་ཁྱབ་ཡར་སོ་ནུག།

མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་ཁྲི་རབས་བརྒྱད་པ་འབྲུག་རབ་རྒྱས་དང་ རྒྱལ་སྲས་སྐུ་ཚེ་སྔ་མ་ཀུན་དགའ་རྒྱལ་མཚན་གཉིས་ཀྱི་བར་མ་འགྲིགས་པར་ ལཱ་ངན་མང་རབས་ཅིག་འབད་དེ་ སྤུ་ན་ཁ་ལུ་ནང་འཁྲུག་ལང་བའི་དུས་སྐབས་ལུ་ སྡེ་སྲིད་འབྲུག་རྣམ་རྒྱལ་གྱི་ཕྱོགས་གཏོགས་ཚུ་གིས་ སྤྱི་ལོ་ ༡༧༢༩ ལུ་ ཆོས་རྒྱལ་ངག་དབང་རྒྱལ་མཚན་སྡེ་ཁྲི་ལས་དགོངས་ཞུ་བྱོན་པའི་མཐའ་མ་ བཙོན་བཙུགས་འབད་དེ་བཀྲོངས་ད་ནུག་གོ།

སྡེ་སྲིད་ཁྲི་རབས་བཅུ་པ་ས་སྐྱོང་མི་དབང་གོང་ས་མི་ཕམ་དབང་པོའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་གོང་ས་མི་ཕམ་དབང་པོ་མཆོག་ སྤྱི་ལོ་ ༡༧༠༩ ཟླཝ་ ༡༠ པའི་ཚེས་ ༨ ལུ་ གཡུས་མང་སྡེ་ལས་ ཡབ་རྟ་མགྲིན་ཚེ་དབང་དང་ ཡུམ་ངག་དབང་བུ་དར་གཉིས་ཀྱི་སྲས་ལུ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་སྦེ་ བོན་སྦྱིས་ཆོས་རྗེའི་གདུང་བརྒྱུད་ལུ་སྐུ་འཁྲུངས་ནུག། སྐུ་ན་ཆུང་ཀུའི་དུས་སྐབས་ལུ་ མཚན་ངག་དབང་རྒྱལ་མཚན་ཟེར་གསོལ་ཡོད་རུང་ རྒྱལ་དབང་ཀརྨ་པ་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་དང་ ཞྭ་དམར་སྐུ་འཕྲེང་བརྒྱད་པ་ དཔལ་ཆེན་ཆོས་ཀྱི་དོན་གྲུབ་གཉིས་ བུམ་ཐང་ཐང་སྦིས་ལུ་ གནས་མཇལ་བར་འབྱོནམ་ད་ ངག་དབང་རྒྱལ་མཚན་མཆོག་མཇལ་བར་བྱོན་ཏེ་ ཆོས་ཀྱི་འབྲེལ་བ་ཞུ་བའི་མཚན་ རིན་ཆེན་ཕྲིན་ལས་རབ་རྒྱས་ཟེར་གསོལ་ཡོདཔ་ཨིན་མས།

ཞབས་དྲུང་ཕྱོགས་ལས་རྣམ་རྒྱལ་མཆོག་གིས་ མཚན་ངག་དབང་བསྟན་འཛིན་འབྲུག་རྒྱས་ཟེར་གསོལ་གནང་ཡོད་རུང་ རྗེ་ངག་དབང་ལྷུན་གྲུབ་ཀྱིས་ ངག་དབང་བསྟན་འཛིན་མི་ཕམ་དབང་པོ་ཟེར་མཚན་གསོལ་གནང་ནུག། ཤུལ་ལས་ གོང་སའི་གོ་གནས་བཞེསཔ་དང་གཅིག་ཁར་ གོང་ས་མི་ཕམ་དབང་པོ་ཟེར་བའི་མཚན་ ཡོངས་གྲགས་སོང་ཡོདཔ་ཨིན་མས། སྡེ་སྲིད་མཆོག་ དགུང་ལོ་བདུན་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྤྲུལ་སྐུ་སྦེ་ངོས་འཛིན་འཁྲུལ་མེད་གནང་སྟེ་ རྟ་མགོ་ཆོས་དབྱིངས་ཕོ་བྲང་ལུ་མངའ་གསོལ་ཞུ་ནུག། གོང་ས་མི་ཕམ་དབང་པོ་མཆོག་ དགུང་ལོ་བདུན་བཞེསཔ་ད་ བཀྲ་ཤིས་ཆོས་རྫོང་ལུ་བྱོན་ཏེ་ གྲྭ་ཚང་དགེ་འདུན་གྱི་སྡེ་ལུ་བཞུགས་པའི་སྐབས་ མཁན་ཆེན་ཁྲི་རབས་ལྔ་པ་ བཟོད་པ་ཕྲིན་ལས་ལས་ བསླབ་སྡོམ་བཞེས་ཡོད་པའི་ཁར་ སྐུ་ཡོན་དང་དབང་ལུང་ཁྲིད་གསུམ་གྱི་རིམ་པ་ཚུ་ སྔགས་འཆང་རྒྱལ་བྱེད་ ཚལ་པ་བསྟན་པ་རྒྱ་མཚོ་དང་ རྗེ་ངག་དབང་ལྷུན་གྲུབ། རྗེ་ངག་དབང་ཕྲིན་ལས། དེ་ལས་ སྒང་སྟེང་སྤྲུལ་སྐུ་བསྟན་འཛིན་ལེགས་པའི་དོན་གྲུབ་ཚུ་ རྩ་བའི་བླམ་སྦེ་བསྟེན་ཏེ་ སྦྱང་བ་མཐར་ཕྱིནམ་སྦེ་མཛད་གནང་ནུག།

སྤྱི་ལོ་ ༡༧༢༡ གི་ལོ་ལུ་ གཞུང་ལུ་གོང་ས་མི་ཕམ་དབང་པོ་མཆོག་ བླ་མའི་ཚབ་སྦེ་བཞུགས་དགོ་པའི་སྐོར་ལས་ ཞུ་བ་ཕུལ་ཡོདཔ་ཨིན་མས། དེ་ཡང་ ཐུགས་སྲས་པདྨ་ཕྲིན་ལས་ཀྱི་ཡང་སྲིད་ སྒང་སྟེང་སྤྲུལ་སྐུ་བསྟན་འཛིན་ལེགས་པའི་དོན་གྲུབ་མཆོག་ སྐུ་ན་རྒས་མི་ལུ་བརྟེན་ཏེ་ཞུ་བ་ཕུལཝ་ལས་ དེ་ལུ་ གཞུང་གི་ཡང་ངོས་ལེན་མཛད་དེ་ དགུང་ལོ་ ༡༣ ལས་ གདན་ས་སྒང་སྟེང་གསང་སྔགས་ཆོས་གླིང་ལུ་བླ་ཚབ་མཛད་དེ་བཞུགས་ནུག།

སྤྱི་ལོ་ ༡༧༢༩ ལུ་ གོང་ས་མི་ཕམ་དབང་པོ་དང་ རྒྱལ་སྲས་འཇིགས་མེད་ནོར་བུ་གཉིས་ སྡེ་སྲིད་ཁྲི་རབས་ ༩ པ་ ཆོས་རྒྱལ་ངག་དབང་རྒྱ་མཚོ་དང་ མཁན་ཆེན་ཁྲི་རབས་ ༦ པ་ རྗེ་ངག་དབང་ལྷུན་གྲུབ། དེ་ལས་ དགེ་འདུན་པའི་སྡེ་དམངས་ཀྱིས་ གདན་འདྲེན་ཞུ་ཞིནམ་ལས་ གོང་ས་མི་ཕམ་དབང་པོ་མཆོག་ སྡེ་སྲིད་ཁྲི་རབས་བཅུ་པའི་ཁྲི་ལུ་ མངའ་གསོལ་ཞུ་ཡོདཔ་དང་ དེའི་དུས་ལུ་ར་ རྒྱས་སྲས་འཇིགས་མེད་ནོར་བུ་མཆོག་ བླམ་ཁྲི་པ་བཞི་པའི་གསེར་ཁྲི་ལུ་མངའ་གསོལ་ཞུ་ནུག། སྤྱི་ལོ་ ༡༧༣༠ ལུ་ བོད་དམག་ཐེངས་གཉིས་པ་དང་ དཀར་སྦིས་དོན་གྲུབ་ཀྱི་དམག་འོངས་ཏེ་ ནང་འཁྲུག་བྱུངམ་ལས་གོང་ས་མི་ཕམ་དབང་པོ་དང་ རྒྱལ་སྲས་འཇིགས་མེད་ནོར་བུ་གཉིས་ དབང་འདུས་ཕོ་བྲང་ལུ་འབྱོན་དགོཔ་ཐོན་ནུག། དེའི་དམག་ལན་རྐྱབ་སྟེ་ བོད་དམག་དང་དཀར་སྦིས་དོན་གྲུབ་ཀྱི་དམག་དཔུང་ཚུ་ ཐིམ་ཕུག་ལས་སྤ་རོ་ཚུན་ཚོད་བདའ་བཏང་ནུག།

ཆིངས་ཡིག་ཅིག་ནང་བཀོད་ཡོད་དོ་བཟུམ་ སྤྱི་ལོ་ ༡༧༣༡ ལུ་ དཀར་སྦྱིས་དོན་གྲུབ་ཀྱིས་ སྤ་རོ་འདི་ ཁོ་རའི་མངའ་འོག་ལུ་ཚུདཔ་ལས་ རང་ཐག་རང་བཅད་ཀྱི་ཐོག་ལས་ སྤ་རོ་སྤྱི་བླ་བཟོ་སྟེ་སྡོད་ཡོདཔ་ཨིན་མས། དེ་གིས་སྦེ་ གཞུང་དང་དཀར་སྦྱིས་དོན་གྲུབ་གཉིས་ཀྱི་བར་ན་ ནང་འཁྲུག་ལངས་ཡོདཔ་ལས་ སྤྱི་ལོ་ ༡༧༣༢ ལུ་ ཐིམ་ཕུག་ལུ་བོད་དམག་ཐོན་ནུག། སྤྱི་ལོ་ ༡༦༣༤ ལུ་ དཀར་སྦྱིས་དོན་གྲུབ་གྱོངས་སོཔ་ལས་ མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་ སྤ་རོ་མངའ་ཞབས་འདི་ གཞུང་ལུ་རྩིས་སྤྲོད་འབད་ནུག། གོང་ས་མི་ཕམ་དབང་པོ་མཆོག་གིས་ གསེར་ཟངས་ཀྱི་ཚེ་དཔག་མེད་མི་ཚད་མ་དང་ ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར། བཀའ་བརྒྱུད་གསེར་ཕྲེང་། གུ་རུ་རིན་པོ་ཆེ་ལོ་བརྒྱད་པའི་ཚད་ཅན། ཚེ་དཔག་མེད། ཞབས་དྲུང་རིན་པོ་ཆེའི་སྐུ་འདྲ་མི་ཚད་མ། ཀུན་མཁྱེན་པད་དཀར་མི་ཚད་མ། དེ་ལས་ མཁན་སློབ་ཆོས་གསུམ་ཚུ་གསར་བཞེངས་མཛད་གནང་ནུག།

མཛད་པ་མཐའ་མ་དང་ དགོངས་ཞུ་མཛད་པའི་ཤུལ་གྱི་མཛད་པ།[ཞུན་དག།]

སྤྱི་ལོ་ ༡༧༣༥ ལུ་གནམ་བྱཱར་གྱི་དུས་ལུ་ གོང་ས་མི་ཕམ་དབང་པོ་མཆོག་གི་ནུ་གཅུང་ རྒྱལ་སྲས་འཇིགས་མེད་ནོར་བུ་མཆོག་དགོངས་པ་རྫོགས་ཡོདཔ་ལས་ སྡེ་སྲིད་ཀྱི་ཁྲི་ཐོག་ལས་དགོངས་ཞུ་མཛད་ནིའི་ཐུགས་བསམ་བཞེད་ནུག། སྤྱི་ལོ་ ༡༧༣༥ ལུ་སྡེ་སྲིད་ཀྱི་ཁྲི་ལས་དགོངསམ་ཞུ་ནི་སྦེ་བཀའ་རྒྱ་གནང་ཡོད་རུང དེ་ལུ་ མཁན་སློབ་གྲྭ་ཚང་ཚུ་གིས་ ངོས་ལེན་མཛད་མ་བཏུབ་པར་ སྡེ་སྲིད་གོང་ས་མི་ཕམ་དབང་པོ་མཆོག་ ཁྲི་ཁར་བཞུགས་དགོཔ་སྦེ་ གསོལཝ་བཏབ་རུང་ སྤྱི་ལོ་ ༡༧༣༦ ཟླཝ་ ༡ པའི་ཚེས་ ༢༥ ལུ་ སྡེ་ཁྲི་ལས་ རང་ཐག་རང་བཅད་ཐོག་ལས་ བོད་གངས་ཅན་ལུ་གནས་གཟིགས་པར་བྱོན་ནུག།

གོང་ས་མི་ཕམ་དབང་པོ་མཆོག་ འབྲུག་ལུ་ལོག་སྟེ་བྱོན་ཞིནམ་ལས་ སྤྱི་ལོ་ ༡༧༣༦ ཟླཝ་ ༤ པའི་ཚེས་ ༢༡ ལུ་ མཆོག་སྤྲུལ་ཕྱོགས་ལས་རྣམ་རྒྱལ་དགོངས་པ་རྫོགས་སོམ་ལས་ བླ་མ་ཁྲི་པའི་བདག་རྐྱེན་གསོལ་གནང་ནུག།

སྤྱི་ལོ་ ༡༧༣༨ ཟླཝ་ ༤ པའི་ནང་ གོང་ས་མི་ཕམ་དབང་པོ་མཆོག་ སྐུ་གཟུགས་མ་བདེ་བར་ སྐུ་རིམ་མ་བཏུབ་བཏུབ་སྦེ་མཛད་ཡོད་རུང་ ཕན་ཐོགས་འབྱུང་མ་ཚུགས་པར་ ཟླཝ་ ༥ པའི་ཚེས་ ༡༥ ལུ་དགོངས་པ་རྫོགས་སོ་ནུག་གོ།

སྡེ་སྲིད་ཁྲི་རབས་བཅུ་གཅིག་པ་ཁུ་བོ་དཔལ་འབྱོར་གྱི་མཛད་རྣམ། ༼༡༧༣༦-༡༧༤༠༽[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོད་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་བཅུ་གཅིག་པ་ ཁུ་བོ་དཔལ་འབྱོར་མཆོག་ མང་སྡེ་སྦོན་སྦིས་ཆོས་རྗེའི་གདུང་རྒྱུད་ལུ་འཁྲུངས་ཡོདཔ་དང་ སྡེ་སྲིད་བཅུ་པ་གོང་ས་མི་ཕམ་དབང་པོ་དང་ རྒྱལ་སྲས་འཇིགས་མེད་ནོར་བུ་གཉིས་ཀྱི་ཨ་ཁུ་ཨིནམ་ལས་ སྡེ་སྲིད་མཛདཔ་ད་དང་ རྒྱ་རབས་ཚུ་ནང་ལུ་ ཁོ་གི་མཚན་ཁུ་བོ་དཔལ་འབྱོར་ཟེར་དར་ཁྱབ་བྱུང་ནུག། སྤྱི་ལོ་ ༡༧༡༧ མེ་བྱ་གི་ལོ་ལུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱི་ཡང་སྲིད་འཇིགས་མེད་ནོར་བུ་ སྦོན་སྦིས་ཆོས་རྗེའི་གདུང་རྒྱུད་ལུ་ སྡེ་སྲིད་བཅུ་པ་མི་ཕམ་དབང་པོའི་ནུ་གཅུང་སྦེ་འཁྲུངས་ཏེ་ ཁུ་བོ་དཔལ་འབྱོར་ཡང་ སྐུ་ན་ཆུང་ཀུའི་བསྒང་ལས་ ཆོས་ཕྱོགས་ཀྱི་ཡོན་ཏན་དང་ འབྲི་ལྷག་ཤེས་ཡོན་ཚུ་སྦྱང་བརྩོན་གནང་སྟེ་ ལྕོགས་གྲུབ་ཅན་ཅིག་འབདཝ་ལས་ གོང་ས་མི་ཕམ་དབང་པོའི་ནུ་གཅུང་གི་ཕྱག་ཞུ་མི་སྦེ་བཞུགས་ནུག། མཁན་ཆེན་ངག་དབང་ལྷུན་གྲུབ་དང་དགེ་འདུན་འདུས་དམངས། སྡེ་སྲིད་དང་གཞུང་ཚོགས་ལྷན་རྒྱས་ཚུ་གིས་ སྤྱི་ལོ་ ༡༧༢༩ ས་བྱ་གི་ལོ་ལུ་ རྒྱལ་སྲས་འཇིགས་མེད་ནོར་བུ་མཆོག་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱི་ཡང་སྲིད་སྦེ་ངོས་འཛིན་འབད་དེ་ བླམ་ཁྲི་པ་བཞི་པའི་མངའ་གསོལ་ཞུཝ་ད་ ཁུ་བོ་དཔལ་འབྱོར་འདི་ རྒྱལ་སྲས་ཀྱི་གཟིམ་དཔོན་སྦེ་ཕྱག་ཞུ་སྟེ་བཞུགས་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་སྒོ།[ཞུན་དག།]

སྤྱི་ལོ་ ༡༧༣༥ ཤིང་ཡོས་ཀྱི་ལོ་ལུ་ རྒྱལ་སྲས་འཇིགས་མེད་ནོར་བུ་ཞིང་ལུ་ཕེབས་སོཔ་ལས་ གཟིམ་དཔོན་ཁུ་བོ་དཔལ་འབྱོར་གྱིས་ རྒྱལ་སྲས་ཀྱི་དགོངས་རྫོགས་ཚུ་བསྒྲུབས་ཏེ་བཞུགས་པའི་བར་ན་ སྡེ་སྲིད་བཅུ་པ་གོང་ས་མི་ཕམ་དབང་པོ་མཆོག་ སྤྱི་ལོ་ ༡༧༣༦ མེ་འབྲུག་ཟླཝ་ ༡ པའི་ནང་ སྡེ་ཁྲི་སྤངས་ཏེ་གསང་བའི་་ཐོག་ལས་ བོད་ཕྱོགས་ལུ་བྱོན་ནུག། དུས་སྐབས་ཅིག་ སྡེ་སྲིད་ཀྱི་འོས་འབབ་ཡོད་མི་གཞན་ག་ཡང་མེདཔ་ལས་ མཁན་ཆེན་ངག་དབང་ཕྲིན་ལས་དང་གྲྭ་ཚང་གིས་ རྒྱལ་སྲས་ཀྱི་གཟིམ་དཔོན་ཁུ་བོ་དཔལ་འབྱོར་ སྡེ་སྲིད་ཁྲི་རབས་བཅུ་གཅིག་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག།

སྡེ་སྲིད་ཁྲི་ཐོག་གི་མཛད་ཤུལ།[ཞུན་དག།]

ལྕགས་རི་རྡོ་རྗེ་གདན་གྱི་གཙུག་ལག་ཁང་གསར་བཞེངས།[ཞུན་དག།]

སྤྱི་ལོ་ ༡༧༣༦ གནམ་ལོ་མེ་འབྲུག་ལོ་དེ་ནང་ ནང་མ་མཐུན་པའི་དམ་ཚིག་ཉམས་པའི་དབང་གིས་ ལྕགས་རི་རྡོ་རྗེ་གདན་མེ་རྐྱེན་ཤོར་ཡོད་མི་ བསྐྱར་བཞེངས་ཀྱི་འགན་ཁག་བཞེས་ཏེ་ གཙུག་ལག་ཁང་འདི་ གསར་བཞེངས་གནང་སྟེ་ ཧེ་མ་བ་ལྷགཔ་སྦེ་བཞེངས་ཡོདཔ་མ་ཚད་ དངུལ་འབུམ་མཆོད་རྟེན་དང་ གཞན་ནང་རྟེན་ལེ་ཤ་ར་བཞེངས་གནང་ནུག།

གོང་ས་མི་ཕམ་དབང་པོ་མཆོག་ བླམ་ཁྲི་པ་ལྔ་པ་སྦེ་གསོལ་ཡོདཔ།[ཞུན་དག།]

སྤྱི་ལོ་ ༡༧༣༦ ལུ་ གོང་ས་མི་ཕམ་དབང་པོ་བོད་ལུ་བྱོན་པའི་ཤུལ་མ་ དགེ་འདུན་དམངས་དང་མཁན་ཆེན་ངག་དབང་ཕྲིན་ལས། བློན་པོ་ཚུ་གིས་ གོང་ས་མི་ཕམ་དབང་པོ་ལོག་སྟེ་འབྲུག་ལུ་འབྱོན་དགོ་པའི་ཞུ་བ་ཕུལཝ་བཞིན་དུ་ ལོག་སྟེ་འབྲུག་ལུ་བྱོན་ནུག། སྡེ་སྲིདདང་མཁན་ཆེན་ཚུ་གིས་ གོང་ས་གི་ཞབས་བསུ་གཅར་བར་ ལྕང་གླིང་མའི་ཐང་ནང་ བྱོན་ཡོདཔ་དང་། གོང་ས་མི་ཕམ་དབང་པོ་མཆོག་ སྡེ་སྲིད་བཅུ་གཅིག་པ་ཁུ་བོ་དཔལ་འབྱོར་གྱིས་ བླ་མ་ཁྲི་པ་ལྔ་པའི་ཁྲི་ཐོག་ལུ་མངའ་གསོལ་ཞུ་ནུག།

སྐུ་རྟེན་དང་གཙུག་ལག་ཁང་གསར་བཞེངས་གནང་ཡོདཔ།[ཞུན་དག།]

གནས་རྟེན་ལྷ་ཁང་དང་། སྤྱན་རས་གཟིགས་ལྷ་ཁང་། ཐུབ་དབང་ལྷ་ཁང་ལ་སོགས་པ་ གསར་བཞེངས་གནང་ཡོདཔ་དང་ ཧེ་མ་གོང་ས་མི་ཕམ་དབང་པོ་མཆོག་ སྡེ་སྲིད་བཅུ་པ་སྦེ་བཞུགས་པའི་སྐབས་ལུ་ སྤྱན་རས་གཟིགས་ལྷ་ཁང་ནང་འགོ་བརྩམས་ཡོད་མི་ གསེར་ཟངས་ཀྱིས་བཞེངས་མི་ སྤྱན་རས་གཟིགས་ཀྱི་སྐུ་འདྲ་ ཐོག་ཚད་གསུམ་འབད་མི་འདི་འཕྲོ་མཐུད་དེ་ མཇུག་བསྡུ་གནང་ནུག།

གྲྭ་ཚང་ནང་སྒྲ་པའི་སྡེ་ལོག་སྟེ་བཙུགས་གནང་ཡོདཔ།[ཞུན་དག།]

སྡེ་སྲིད་ཁྲི་རབས་དགུ་པ་ དགེ་བཤེས་ངག་དབང་རྒྱ་མཚོ་གིས་ སྒྲ་པའི་སྡེ་ཚན་བཙུགས་གནང་ཡོད་མི་འདི་ བར་སྐབས་ཅིག་ལས་ ནང་འཁྲུག་ལུ་བརྟེན་ཏེ་ ཁ་གཏོར་སོང་མི་འདི་ སྡེ་སྲིད་ཁུ་བོ་དཔལ་འབྱོར་གྱིས་ སློབ་དཔོན་ངག་དབང་དཔལ་ལྡན་བཟང་པོ་གདན་འདྲེན་ཞུ་ཞིནམ་ལས་ སྒྲ་པའི་སྡེ་ཚན་འདི་ ལོག་སྟེ་ར་ བཙུགས་གནང་ནུག།

རྗེ་མཁན་ཁྲི་རབས་བརྒྱད་པའི་མངའ་གསོལ།[ཞུན་དག།]

མཁན་ཁྲི་རབས་བདུན་པ་ ངག་དབང་ཕྲིན་ལས་མཆོག་ ཟུར་བཞུགས་གནང་བའི་སྐུ་ཚབ་སྦེ་ བླ་མ་ཁྲི་པ་ལྔ་པ་གོང་ས་མི་ཕམ་དབང་པོའི་དགོངས་བཞེས་ལྟར་ ལ་དྭགས་རྒྱལ་སྲས་བསྟན་འཛིན་ནོར་བུ་ མཁན་ཆེན་ཁྲི་རབས་བརྒྱད་པ་སྦེ་མངའ་གསོལ་ཞུ་ནུག།

རྒྱལ་སྲས་སྐུ་འཕྲེང་གསུམ་པ་གདན་འདྲེན་ཞུ་ཡོདཔ།[ཞུན་དག།]

སྤྱི་ལོ་ ༡༧༣༧ མེ་སྦུལ་གྱི་ལོ་ལུ་ ཀུར་སྟོད་དུང་དཀར་ལུ་ རྒྱལ་སྲས་འཇིགས་མེད་ནོར་བུའི་ཡང་སྲིད་ འབྲུག་སྒྲ་རྣམ་རྒྱལ་འདི་ ཆོས་རྗེའི་སྲས་ལུ་སྐུ་འཁྲུངས་ནུག། ཡང་སྲིད་འབྲུག་སྒྲ་རྣམ་རྒྱལ་འདི་ སྐུ་ན་ཆུང་ཀུའི་བསྒང་ལས་ ལྕོགས་གྲུབ་ཅན་ཅིག་ཨིནམ་དང་ ཞལ་གསུང་ནི་མཁྱེན་པའི་བསྒང་ལས་ ཚེ་ཧེ་མའི་ལོ་རྒྱུས་ཚུ་གསུངསམ་མ་ཚད་ ཤུལ་ལས་རྒྱལ་སྲས་འཇིགས་མེད་ནོར་བུའི་ཡང་སྲིད་ཨིནམ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་མས། དགེ་འདུན་དམངས་དང་མཁན་ཆེན་ངག་དབང་བསྟན་འཛིན་ནོར་བུ་ཚུ་གིས་ཞུཝ་བཞིན་དུ་ སྡེ་སྲིད་ཀྱི་འགོ་འདྲེན་ཐོག་ལས་ རྒྱལ་སྲས་སྐུ་འཕྲེང་གསུམ་པ་གདན་འདྲེན་ཞུ་གནང་ནུག།

གོང་ས་མི་ཕམ་དབང་པོ་དགོངས་པ་རྫོགས་ཡོདཔ།[ཞུན་དག།]

སྤྱི་ལོ་ ༡༧༣༨ ས་རྟ་ཟླཝ་ ༤ པའི་ཚེས་ ༡༥ ལུ་ གོང་ས་མི་ཕམ་དབང་པོ་མཆོག་ སྐུ་ལུ་བར་ཆད་བྱུངམ་ལས་གཤགས་སོཔ་ལས་ ལོ་གཅིག་གི་རིང་ ལོ་རྒྱུས་འདི་གསང་བ་སྦེ་བཞག་པའི་ཤུལ་མ་ སྤྱི་ལོ་ ༡༧༣༩ ས་ལུག་གི་ལོ་ལུ་ གསང་བ་གྲོལ་ཞིནམ་ལས་ ས་གནས་རྟ་མགོ་ལུ་ སྡེ་སྲིད་དང་མཁན་སློབ་དགེ་འདུན་ཚུ་གྱིས་ པུར་སྦྱང་ཚུ་ཡོངས་སུ་རྫོགསཔ་སྦེ་བསྒྲུབས་གནང་ནུག།

རྒྱལ་ཁབ་ཀྱི་ཞི་བདེ་དང་དགའ་སྐྱིད།[ཞུན་དག།]

རྒྱལ་བའི་བསྟན་པ་ལུ་ཞབས་ཏོག་དང་ མི་སེར་ཚུ་ལུ་བྱམས་པ་དང་བརྩེ་བའི་ཐོག་ལས་སྐྱོང་ནི་འདི་གིས་ ཆོས་ལུགས་དང་མི་ཚུ་ཀྱི་བར་ན་ཡང་ ཕྱོགས་རིས་མེདཔ་ལས་ སྡེ་སྲིད་ཁུ་བོ་དཔལ་འབྱོར་གྱིས་ རྒྱལ་ཁབ་སྐྱོང་བའི་སྐབས་ རྐྱེན་ག་ནི་ཡང་མེད་པར་ ཆར་ཆུ་དུས་ལུ་བབས་ ས་ལས་ཐོན་པའི་ལོ་ཐོག་ཚུ་ལེགས་ ནད་གཞི་དང་མུ་གེ་ཚུ་ག་ནི་ཡང་མེད་པར་ དགའ་སྐྱིད་ཀྱི་ངང་ལུ་སྐྱོང་ནུག།

སྡེ་སྲིད་ཀྱིས་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་ཁུ་བོ་དཔལ་འབྱོར་མཆོག་ ཁྲི་ཐོག་ལུ་ལོ་བཞི་ཀྱི་རིང་བཞུགས་ཏེ་ སྤྱི་ལོ་ ༡༧༤༠ ལྕགས་སྤྲེལ་གྱི་ལོ་ལུ་ དགུན་གྱི་གསོལ་ཐབ་སྤུ་ན་ཁ་ལུ་བཞུགས་པའི་སྐབས་་ སྡེ་སྲིད་ཀྱི་ཁྲི་ཐོག་ལས་དགོངས་ཞུ་ཡོདཔ་དང་ ལོག་སྟེ་བོན་སྦིས་ཕྱོགས་ལུ་བྱོན་བཞུགས་ནུག།

དགོངས་ཞུ་གི་མཛད་པ།[ཞུན་དག།]

ལོ་ངོ་བཞི་གི་རིང་ སྡེ་སྲིད་སྦེ་བཞུགས་ཏེ་ རྒྱལ་ཁབ་ལུ་ཕྱག་ལེགས་ཤོམ་ཞུ་ཡོད་པའི་ཤུལ་མ་ འཁྲུངས་ཡུལ་མང་སྡེ་སྦོན་སྦིས་དང་ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེ་ལུ་སྦེ་ ཐུགས་དམ་ལུ་བརྩོན་ཏེ་བཞུགས་ནུག། སྡེ་སྲིད་ཁུ་བོ་དཔལ་འབྱོར་འདི་སྐུ་ན་རྒས་ཏེ་ སྐུ་ཚོ་རིངམོ་སྦེ་བཞུགས་ཡོད་རུང་ གཤགཧ་ཡོད་པའི་སྤྱི་ལོ་དང་ཟླ་ཚེས་ཚུ་ གཏན་འཁེལ་སྦེ་ཤེས་མ་ཚུགསཔ་པས།

སྡེ་སྲིད་ཁྲི་རབས་བཅུ་གཉིས་པ་ངག་དབང་རྒྱལ་མཚན་གྱི་མཛད་རྣམ། ༼༡༧༤༠-༡༧༤༤༽[ཞུན་དག།]

སྡེ་སྲིད་མ་མཛད་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་བཅུ་གཉིས་པ་ངག་དབང་རྒྱལ་མཚན་འདི་ སྦྱིས་སྨད་ཝང་འགྲམ་མདོར་ལུ་འཁྲུངས་ཡོདཔ་དང་ ཆུང་ཀུ་བསྒང་ལས་ ཆོས་ལུགས་གཉིས་ཀྱི་ཁྲིམས་ལུགས་དང་ གཞུང་ཞབས་ཀྱི་ཕྱག་ལཱ་ཚུ་ནང་སྦྱང་བརྩོན་མཛད་དེ་ ཁོ་ལུ་བློ་སྟོབས་་ཡོདཔ་ལས་ ཤུལ་ལས་ནུབ་བརྡ་ལིང་ཁའི་རྫོང་དཔོན་དང་ ཐིམ་ཕུག་རྫོང་དཔོན་གྱི་གོ་གནས་ལུ་བཀལ་ཡོདཔ་ཨིན་པས།

སྡེ་སྲིད་ཁྲི་ཀྱི་མཛད་སྒོ།[ཞུན་དག།]

སྤྱི་ལོ་ ༡༧༤༠ གནམ་ལོ་ལྕགས་སྤྲེལ་གྱི་ལོ་ལུ་ སྡེ་སྲིད་བཅུ་གཅིག་པ་ཁུ་བོ་དཔལ་འབྱོར་མཆོག་ གསོལ་ཐབ་སྤུ་ན་ཁ་ལུ་བཞུགས་པའི་སྐབས་ སྡེ་སྲིད་ལས་་དགོངས་ཞུ་ཞིནམ་ལས་ སྡེ་སྲིད་ཀྱི་ཁྲི་ལུ་ག་ཡང་མེདཔ་ལས་ གཞུང་གི་དཔོན་ཁག་དང་མཁན་ཆེན་བསྟན་འཛིན་ནོར་བུ་ཚུ་ལུ་ ཐིམ་ཕུག་རྫོང་དཔོན་ངག་དབང་རྒྱལ་མཚན་གྱིས་བསྟུན་གྲོས་ཞུ་སྟེ་ སྤྱི་ལོ་ ༡༧༤༠ ལྕགས་སྤྲེལ་གྱི་དགུན་དུས་ལུ་ སྡེ་སྲིད་ཁྲི་རབས་བཅུ་གཉིས་པ་སྦེ་ཁྲི་མངའ་གསོལ་ཞུ་ནུག།

སྡེ་སྲིད་ཁྲི་ཐོག་གི་མཛན་རྣམ།[ཞུན་དག།]

རྒྱལ་སྲས་འབྲུག་རྣམ་རྒྱལ་གིས་མངའ་གསོལ།[ཞུན་དག།]

སྡེ་སྲིད་བཅུ་གཅིག་པ་ཁུ་བོ་དཔལ་འབྱོར་གྱིས་གཞུང་ལུ་ཞུཝ་བཞིན་དུ་ རྒྱལ་སྲས་འཇིགས་མེད་ནོར་བུའི་ཡང་སྲིད་ རྒྱལ་སྲས་འབྲུག་སྒྲ་རྣམ་རྒྱལ་འདི་ སྤྱི་ལོ་ ༡༧༤༠ ལྕགས་སྤྲེལ་གྱི་ལོ་དེ་ནང་ བླ་མ་ཁྲི་པ་དྲུག་པ་སྦེ་མངའ་གསོལ་ཞུ་ཡོདཔ་དང་ མཚན་ཡང་ མི་ཕམ་་འབྲུག་སྒྲ་རྣམ་རྒྱལ་ཟེར་གསོལ་ནུག། དེ་མ་ཚད་ སྡེ་སྲིད་མཆོག་གིས་ རྒྱལ་སྲས་ཁྲི་ལུ་མངའ་གསོལ་རྟེན་འབྲེལ་མཛད་པའི་སྐབས་ ལྷོ་ཕྱོགས་ཀྱི་མི་སེར་ཚུ་ལུ་གསོར་ར་ཚུ་ཡང་གནང་ནུག།

འབྲུག་པ་ཀུན་ལེགས་ཀྱི་ཡང་སྲིད།[ཞུན་དག།]

མཁན་ཆེན་ངག་དབང་ཕྲིན་ལས་ཀྱིས་ ཞབས་དྲུང་རིན་པོ་ཆེའི་ཆོས་རྒྱུན་གྱི་བཀའ་གནང་བའི་སྐབས་ འབྲུག་པ་ཀུན་ལེགས་ཀྱི་ཡང་སྲིད་གྲུབ་དབང་ཀུན་དགའ་མི་འགྱུར་རྡོ་རྗེ་ བོད་ལས་མར་ འབྲུག་ལུ་ཆོས་ཞུ་བར་འབྱོནམ་ད་ སྡེ་སྲིད་མཆོག་གིས་ཞབས་ཏོག་དང་སྦྱིན་བདག་མཛད་གནང་ནུག།

བསྟན་འགྱུར་གསར་བཞེངས།[ཞུན་དག།]

སྡེ་སྲིད་ངག་དབང་རྒྱལ་མཚན་གྱི་སྐབས་ འབྲུག་རྒྱལ་ཁབ་ནང་ བསྟན་བཅོས་ལུ་མཁས་པ་དང་བསྟན་འགྱུར་ཚུ་མེདཔ་མ་ཚད་ དར་ཁྱབ་ཡང་མ་འགྱོ་བས། སྡེ་སྲིད་ཀྱིས་བོད་ལུ་བྱོན་ཏེ་ བསྟན་བཅོས་ཚུ་སྐད་སྒྱུར་འབད་ཡོདཔ་དང་ འབྲུག་ལུ་ལྷོདཔ་ད་ རྟ་མགོ་བླམ་ཤཱཀྱ་རིན་ཆེན་དང་བླ་མ་ངག་དབང་ཀུན་དགའ་རྒྱ་མཚོ། རྗེ་ཡོན་ཏན་མཐའ་ཡས་ཚུ་ཀྱིས་ བསྟན་བཅོས་བསྒྱུར་ནི་དང་ཞུན་དག་འབད་ནི་ལུ་གྲོགས་རམ་མཛད་གནང་ནུག།

དགེ་བའི་ཕྱག་ལཱ་མཛད་ཡོདཔ།[ཞུན་དག།]

སྡེ་སྲིད་མཆོག་ཀུན་སློང་བཟང་པོ་ཡོདཔ་ལས་ ཆོས་སྲིད་ཀྱི་ཕྱག་ལཱ་མང་རབས་ཅིག་གནང་ཡོདཔ་དང་ དེ་ནང་ལས་ གཙོ་བོ་གུ་རུ་མཚན་བརྒྱད་ཀྱི་སྐུ་གསེར་བཞེངས་གནང་ནུག། བཀྲི་ཤིས་ཆོས་རྫོང་ནང་ མགོན་པོ་ལྕམ་དྲལ་གྱི་གསེར་སྐུ་ཚུ་བཞེངས་གནང་ཡོདཔ་དང་ གཞན་དགེ་བའི་ཕྱག་ལཱ་མང་རབས་ཅིག་མཛད་དེ་ རྒྱལ་ཁབ་ལུ་ཕན་འདེབས་མཛད་གནང་ནུག།

སྡེ་སྲིད་ཀྱི་མཛད་པ་མཐའ་མ།[ཞུན་དག།]

ཧེ་མ་སྡེ་སྲིད་བཅུ་གཅིག་པ་ ཁུ་བོ་དཔལ་འབྱོར་དགོངསམ་ཞུ་བའི་ཤུལ་ལུ་ སྡེ་སྲིད་བཅུ་གཉིས་པ་ངག་དབང་རྒྱལ་མཚན་གྱིས་འཁོན་འཛིན་བཞག་སྟེ་ སྤོ་རོ་དཔོན་སློབ་ཤེས་རབ་དབང་ཕྱུག་དང་རྫོང་དཔོན་དར་རྒྱར། ཡོངས་འཛིན་ངག་དབང་པད་དཀར། ཕྱོགས་ལས་རྣམ་རྒྱལ་གྱི་ཡང་སྲིད་ ཤཱཀྱ་བསྟན་འཛིན་ཚུ་ལུ་བཀའ་བཀྱོན་གནང་ཡོདཔ་མ་ཚད་ ཡང་སྲིད་ཀྱི་ཡོངས་འཛིན་ཡང་ ཡང་སྲིད་དང་གཅིག་ཁར་བཞུགས་མ་བཅུག་པར་ མཐའ་བཤུད་བཏང་ཡོདཔ་ལ་སོགས་པ་ མ་རུངས་པའི་ལཱ་ངན་འབད་བའི་རྐྱེན་གྱིས་ ཁོ་རའི་བསོད་ནམས་སྟབས་གཅིག་གུར་ཟད་འགྱོ་ཡོདཔ་ཨིན་མས། སྤྱི་ལོ་ ༡༧༤༤ ཤིང་བྱི་ལོ་གི་གནམ་དགུན་ཅིག་ནང་ དབང་འདུས་རྗོང་གི་མགོན་ཁང་ནང་ དགེ་འདུན་འདུས་ཚོགས་ཀྱིས་ བསྐང་བ་གནང་བའི་སྐབས་ སྡེ་སྲིད་མཆོག་རབ་གསལ་བ་གམ་ནང་བཞུགསཔ་ད་ བྱ་རོགས་གིས་སྐད་རྐྱབ་མི་དང་གཅིག་ཁར་ གཤོགཔ་བརྡབས་ཡོདཔ་ལ་སོགས་པ་ བཀའ་སྲུང་ཁྲོས་པའི་རྟགས་མཚན་ངན་པ་སྟོནམ་ལས་ སྡེ་སྲིད་མཆོག་གཟའ་གདོང་དང་ཕྱད་པའི་རྐྱེན་གྱིས་ གློ་བུར་དུ་གཤགས་སོ་ནུག།


སྡེ་སྲིད་ཁྲི་རབས་བཅུ་གསུམ་པ་ཆོས་རྒྱལ་ཤེས་རབ་དབང་ཕྱུག་གི་མཛད་རྣམ། (༡༧༤༤-༡༧༦༣)[ཞུན་དག།]

སྡེ་སྲིད་མ་མཛད་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

རང་ལུགས་འདས་ལོ་ཞེ་བདུན་ རབ་འབྱུང་བཅུ་གཉིས་པ་སྤྱི་ལོ་ ༡༦༩༧ མེ་གླང་གི་ལོ་ལུ་ ཡབ་དབང་འདུས་ཕུན་ཚོགས་དང་ ཡུམ་རྫ་མ་སྲིད་ཐར་གཉིས་ཀྱིས་སྲས་ཆུང་ཤོས་སྦེ་ ཐིམ་ཕུག་རྗོང་ཁག་སྟོད་ཝང་མཁར་གསར་ཁ་ལུ་སྐུ་འཁྲུངས་ནུག། ཁོ་སྐུ་འཁྲུངམ་ད་ མཚན་སྲིད་ཐུབ་ཟེར་དར་ཁྱབ་ཡར་སོ་ནུག། དགུང་ལོ་ཉེར་ལྔའི་བར་ན་ དགེ་འདུན་གྱི་སྡེ་ནང་བཞུགས་ཡོདཔ་དང་ མཚན་ཤེས་རབ་དབང་ཕྱུག་ཟེར་གསོལ་ཡོདཔ་མ་ཚད་ སྤ་རོ་དཔོན་སློབ་ཡང་མཛད་ཡོདཔ་ལས་ མཚན་ལུ་སི་ཏུ་དང་སྤྱི་བླ་ཤེས་རབ་དབང་ཕྱུག་ཟེར་གསོལ་ནུག། སྡེ་སྲིད་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ ལྕོགས་གྲུབ་ཡོད་མི་ཅིག་ཨིནམ་དང་ སྡེ་སྲིད་བཅུ་གསུམ་པའི་ཁྲི་ཐོག་ལུ་འབྱོན་པའི་སྐབས་ ཕྱག་ལཱ་ཚུ་ལེགས་ཤོམ་སྦེ་མཛད་ཡོདཔ་ལས་ མཚན་ཆོས་རྒྱལ་ཟེར་དར་ཁྱབ་སོང་ཡོདཔ་ལས་ ཤུལ་ལས་ཆོས་རྒྱལ་ཤེས་རབ་དབང་ཕྱུག་ཟེར་གསོལ་ནུག། ལོ་གྲངས་ ༡༨ ཀྱི་རིང་ གྲཱ་ཚང་ནང་སྐུ་ཡོན་ཚུ་སྦྱངས་ཏེ་ དབང་ལུང་ཆོས་ཀྱི་བདུད་རྩི་ཚུ་ལུ་སྦྱང་བརྩོན་མཛད་ཡོདཔ་དང་ སྡེ་སྲིད་མཆོག་སྐུ་ན་ཆུང་ཀུ་བསྒང་ལས་འགྲན་ཟླ་འབད་མ་ཚུགས་པའི་ཕྱག་ལཱ་ཚུ་གནང་ཡོདཔ་ལས་ ཤུལ་ལས་ལྕོགས་གྲུབ་ལུ་གཟིགས་ཏེ་ ཀྲོང་གསར་རྗོང་དང་དབང་འདུས་ཕོ་བྲང་རྗོང་ཚུ་ནང་མགྲོན་གཉེར་སྦེ་ཕྱག་ཞུ་ནུག།

སྡེ་སྲིད་ཁྲི་ཐོག་གྱི་མཛད་སྒོ།[ཞུན་དག།]

སྡེ་སྲིད་ཁྲི་རབས་བཅུ་གཉིས་པ་ངག་དབང་རྒྱལ་མཚན་མཆོག་ སྤྱི་ལོ་ ༡༧༤༤ ཤིང་བྱི་གི་ལོ་ལུ་ གསོལ་ཐབ་སྤུ་ན་ཁ་ལུ་བཞུགས་པའི་སྐབས་གཤགས་མི་ལུ་བརྟེན་ཏེ་ སྤོ་རོ་དཔོན་སློབ་ཤེས་རབ་དབང་ཕྱུག་མཆོག་ བླ་མ་ཁྲི་པ་རྒྱལ་སྲས་འབྲུག་སྒྲ་རྣམ་རྒྱལ་དང་ མཁན་ཆེན་བསྟན་འཛིན་ནོར་བུ་ཚུ་གིས་ ཆོས་རྒྱལ་ཤེས་རབ་དབང་ཕྱུག་འདི་ འབྲུག་གི་སྡེ་སྲིད་ཁྲི་རབས་བཅུ་གསུམ་པ་སྦེ་ གདན་ས་སྤུ་ན་ཁ་ལུ་ཁྲི་མངའ་གསོལ་ཞུ་ནུག། ཁྲི་མངའ་གསོལ་གྱི་དགའ་སྟོན་བརྩི་སྲུང་གི་སྐབས་ བཀྲ་ཤིས་ལེགས་དར་ཕུལ་བར་འབྲུག་མི་མ་ཚད་ རྒྱལ་ཁབ་གཞན་ བོད་དང་རྒྱ་ནག། རྒྱ་གར་ཚུ་ལས་སྐུ་ཚབ་ཚུ་གིས་ སྡེ་སྲིད་མཆོག་ལུ་བཀྲ་ཤིས་ལེགས་དར་ཕུལ་བར་བྱོན་ནུག། སྡེ་སྲིད་ཁྲི་ཐོག་གི་མཛད་རྣམ།

མཁན་ཆེན་ཁྲི་རབས་དགུ་པ།[ཞུན་དག།]

གསོལ་ཐབ་ཐིམ་ཕུག་ལུ་ཕེབས་པའི་ཤུལ་མ་ སྤྱི་ལོ་ ༡༧༤༤ ཤིང་བྱི་གི་ལོ་ནང་ མཁན་ཆེན་ཁྲི་རབས་བརྒྱད་པ་བསྟན་འཛིན་ནོར་བུ་དགོངས་ཞུ་མཛདཔ་ལས་ བླམ་ཁྲི་པ་འབྲུག་སྒྲ་རྣམ་རྒྱལ་དང་ གྲཱ་ཚང་འདུས་དམངས་ཀྱིས་རྟ ་མགོ་བླམ་ཤཱཀྱ་རིན་ཆེན་མཆོག་མཁན་ཆེན་ཁྲི་རབས་དགུ་པ་སྦེ་ ས་གནས་ཐིམ་ཕུག་བཀྲ་ཤིས་ཆོས་རྗོང་ལུ་སྦེ་ བཀྲ་ཤིས་མངའ་གསོལ་མཛད་ནུག།

ཞབས་དྲུང་རིན་པོ་ཆེའི་ཡང་སྲིད།[ཞུན་དག།]

སྡེ་སྲིད་བཅུ་གཉིས་པ་ངག་དབང་རྒྱལ་མཚན་གྱིས་ གཞུང་གི་ངོ་ལོགཔ་ཚུ་ལུ་འཁོན་ཞུགས་ཏེ་ ཞབས་དྲུང་གི་ཡང་སྲིད་ ཤཱཀྱ་བསྟན་འཛིན་གྱི་ཡོངས་འཛིན་ཆོས་རྗེ་ངག་དབང་པད་དཀར་འདི་ སྐུ་ན་ཆུང་ཀུ་ལས་ བདག་འཛིན་མ་འབད་བར་བཞགཔ་ལས་ སྡེ་སྲིད་མཆོག་གིས་གྲཱ་ཚང་ནང་ གདན་འདྲེན་ཞུ་སྟེ་ སྐུ་ཡོན་ཚུ་གཟིགས་ཡོདཔ་ལས་ ཤུལ་ལས་སྡེ་སྲིད་མཆོག་གིས་ཡང་སྲིད་ ཤཱཀྱ་བསྟན་འཛིན་མཆོག་ སྟག་ཚང་བླམ་སྦེ་བསྐོ་བཞག་གནང་ནུག། ད་རུང་ ཆོས་རྗེ་ངག་དབང་པད་དཀར་འདི་ དར་དཀར་རྗོང་ཁག་ནང་གཡུས་བཏོན་ཏེ་བཞག་མི་འདི་ ལོག་སྟེ་གཞུང་ལུ་གདན་འདྲེན་ཞུ་ཡོདཔ་དང་ མགོན་པ་མང་རབས་ཅིག་ནང་ ཞབས་ཏོག་ཚུ་བསྒྲུབས་གནང་ནུག།

ཞབས་དྲུང་ཐུགས་སྤྲུལ་འབྲུག་ལུ་གདན་འདྲེན་ཞུ་ཡོདཔ།[ཞུན་དག།]

ཞབས་དྲུང་ཐུགས་སྤྲུལ་དཔལ་འཇིགས་མེད་གྲགས་པ་ སྤྱི་ལོ་ ༡༧༢༤ ཤིང་འབྲུག་ལུ་བོད་གཡོ་རུ་གྲྭ་ནང་སྐུ་འཁྲུངས་ནུག། ཕྱོགས་ལས་རྣམ་རྒྱལ་ཞབས་དྲུང་གསུང་སྤྲུལ་གཉིས་དང་ གོང་ས་མི་ཕམ་དབང་པོ། མཁན་ཆེན་ངག་དབང་ཕྲིན་ལས་ཚུ་གིས་ བོད་གཞུང་དང་གཅིག་ཁར་གསུང་གྲོས་མང་རབས་ཅིག་གནང་ཡོད་རུང་ ཞབས་དྲུང་ཐུགས་སྤྲུལ་མཆོག་ འབྲུག་ལུང་པ་ལུ་གདན་འདྲེན་ཞུ་མ་ཚུགས་པས། ཨིན་རུང་ སྡེ་སྲིད་བཅུ་གསུམ་པ་ཆོས་རྒྱལ་ཤེས་རབ་དབང་ཕྱུག་དང་ མཁན་ཆེན་ཤཱཀྱ་རིན་ཆེན་མཆོག་གིས་ ཞབས་དྲུང་རིན་པོ་ཆེའི་ཐུགས་སྤྲུལ་དང་གསུང་སྤྲུལ་ཚུ་ སྤྱི་ལོ་ ༡༧༤༦ མེ་སྟག་ཟླཝ་ ༦ པའི་ཚེས་ ༤ ལུ་ འབྲུག་གི་རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་གདན་འདྲེན་ཞུ་ནུག།

ཞབས་དྲུང་གི་ཡང་སྲིད་ཁྲི་ལུ་མངའ་གསོལ་ཞུ་ཡོདཔ།[ཞུན་དག།]

ཞབས་དྲུང་གི་ཡང་སྲིད་དཔལ་འཇིགས་མེད་གྲགས་པ་མཆོག་ སྤྱི་ལོ་ ༡༧༤༧ མེ་ཡོས་ཀྱི་ལོ་ལུ་ ཞབས་དྲུང་རིན་པོ་ཆེའི་ཁྲི་མངའ་གསོལ་དང་། རྒྱལ་སྲས་འབྲུག་རྣམ་རྒྱལ་ཡང་ བླམ་ཁྲི་པ་བདུན་པ་སྦེ་ཁྲི་མངའ་གསོལ་ཞུ་ཡོདཔ་ཨིན་མས། ཉིནམ་འདི་བརྩི་སྲུང་ཞུ་ནི་དོན་ལུ་ འཇིག་རྟེན་དབང་ཕྱུག་འབུམ་དང་ གསོལ་འདེབས་ལེའུ་བདུན་མ་ཚུ་ཡང་བསྒྲུབས་གནང་ནུག།

རྒྱལ་ཁབ་ནང་གི་སྐུ་རིམ།[ཞུན་དག།]

རྒྱལ་ཁབ་ཞི་བདེ་གི་ངང་ལུ་སྐྱོང་ཐབས་དང་ རྐྱེན་བར་ཆད་ཚུ་ཞི་ཐབས་ལུ་ སྤྱི་ལོ་ ༡༧༤༩ གི་ལོ་ནང་ སྐུ་རིམ་བཀའ་འགྱུར་ཚར་ ༦༡ དང་ བསྟན་འགྱུར་ཚར་ ༦ ལྷག་ཡོདཔ་མ་ཚད་ སྤྱི་ལོ་ ༡༧༤༡ ལོ་ནང་ བདེ་མཆོག་བསྙེན་པ་དུང་ཕྱུར་ཡང་བསྒྲུབས་གནང་ནུག། སྤྱི་ལོ་ ༡༧༥༨ ལས་ ༡༧༦༧ ཚུན་ ལོ་རེ་ནང་ བཀའ་འགྱུར་ཚར་ ༢ རེ་དང་། བླམ་མཆོདཔ་ཚར་ ༡༠ རེ། ལྷ་མོ་ཉིནམ་ ༢ རེ་མ་ཆད་པར་གནང་ནི་སྲོལ་འགོ་བཙུགས་ནུག།

མཁན་ཆེན་ཁྲི་རབས་བཅུ་པ་ཁྲི་མངའ་གསོལ།[ཞུན་དག།]

མཁན་ཆེན་ཁྲི་རབས་དགུ་པ་རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་ སྤྱི་ལོ་ ༡༧༥༥ ཤིང་ཕག་གི་ལོ་ལུ་དགོངས་ཞུ་བའི་ཚོ་ རྡོ་རྗེ་སློབ་དཔོན་པན་ཆེན་བསྟན་འཛིན་ཆོས་རྒྱལ་མཆོག་ མཁན་ཆེན་ཁྲི་རབས་བཅུ་པའི་ཁྲི་མངའ་གསོལ་གྱི་དགའ་སྟོན་བརྩི་སྲུང་ཞུ་གནང་ནུག།

མི་སེར་གྱི་སྐྱིད་སྡུག།[ཞུན་དག།]

སྡེ་སྲིད་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ མི་སེར་གྱི་སྐྱིད་སྡུག་གཟིགས་མི་ཅིག་ཨིནམ་ལས་ སྐྱིད་སྡུག་མང་རབས་ཅིག་གཟིགས་ཡོདཔ་ཨིན་མས། དང་པ་ར་ སྤྱི་ལོ་ ༡༧༥༥ ཤིང་ཕག་གི་ལོ་ནང་ ཤར་ཝང་སྤ་གསུམ་གྱི་མི་སེར་དཔའ་རྩལཔ་ཚུ་ལུ་ སྦུངས་སྒུལ་བརྒྱུག་ནི་འདི་ ཡངས་ཆག་བཏང་ནུག། གཉིས་པ་ སྤུ་ན་ཁའི་ཐང་ཆུ་འགོ་གི་ཆུ་བྱག་འདི་ ལོ་ཨ་རྟག་ར་མི་སེར་ཚུ་གིས་རྐྱབ་དགོ་དོ་ཡོདཔ་ལས་ སྡེ་སྲིད་མཆོག་གིས་ ལཱ་འདི་མི་སེར་ཚུ་ལུ་གླ་ཆ་སྤྲོད་ཏེ་ ལཱ་ཚུ་ཡངས་ཆག་བཏང་ནུག། གསུམ་པ་ དར་དཀར་པའི་དབང་བཞི་ལུ་བསྐྱལ་ཡོད་མི་འདི་ སྤུ་ན་ཁ་དང་ཐིམ་ཕུག་ལུ་སྐྱེལ་འཐུས་མཛད་གནང་ནུག།

སྡེ་སྲིད་གི་མཛད་པ་མཐའ་མ།[ཞུན་དག།]

སྤྱི་ལོ་ ༡༧༦༣ ཆུ་ལུག་གི་ལོ་ལུ་ སྡེ་སྲིད་མཆོག་དགུང་ལོ་ ༦༧ བཞེསཔ་ད་ སྡེ་སྲིད་གྱི་ཁྲི་ལུ་དུས་ཡུན་ལོ་གྲངས་ ༢༠ བཞུགས་པའི་ཤུལ་ལས་ དགོངས་ཞུ་མཛད་ཡོདཔ་དང་། སྤོ་རོ་དཔོན་སློབ་འབྲུག་ཕུན་ཚོགས་མཆོག་ འབྲུག་གི་སྡེ་སྲིད་ཁྲི་རབས་བཅུ་བཞི་པ་སྦེ་་བསྐོས་པའི་ཤུལ་མ་ གདན་ས་སྤུ་ན་ཁ་ལུ་སྦེ་དགོངས་ཞུ་མཛད་གནང་ནུག།

སྡེ་སྲིད་ཀྱི་ཁྲི་ལས་དགོངས་ཞུའི་མཛད་པ།[ཞུན་དག།]

ཆོས་ཕྱོགས་ཀྱི་མཛད་པ།[ཞུན་དག།]

སྡེ་སྲིད་མཆོག་དགོངསམ་ཞུ་བའི་ཤུལ་ལས་ གནམ་བྱཱར་ལུ་ཐིམ་ཕུག་ཀུན་གསལ་ཕོ་བྲང་ནང་དང་ གནམ་དགུན་ལུ་ བ་ལིང་རིན་ཆེན་ཁང་བཟང་ནང་བཞུགས་ཏེ་ དགེ་སྡིག་གིས་ཕྱག་ལཱ་ཚུ་སྤང་བླང་འབད་ནི་ལུ་བརྩོན་ཡོདཔ་མ་ཚད་ རྒྱལ་ཁབ་ནང་རྒྱལ་བའི་བཀའ་འགྱུར་ཚུ་གསར་བཞེངས་མཛད་ཡོདཔ་ཨིན་པས།

མི་སེར་ལུ་ཕན་པའི་མཛད་པ།[ཞུན་དག།]

སྡེ་སྲིད་མཆོག་དགོངས་བཞུགས་ཏེ་ བ་ལིང་རིན་ཆེན་ཁང་བཟང་ནང་བཞུགས་པའི་སྐབས་ བ་ལིང་རིན་ཆེན་ཁང་བཟང་འདི་ཁའི་ ཉེ་འདེབས་ཀྱི་ཆུ་གུར་ཟམ་བཙུགས་ཏེ་ མི་སེར་ཚུ་ཀྱི་དཀའ་ངལ་བསལ་ཡོདཔ་ཨིན་མས། སྨན་པ་ཚུ་གིས་ཐོབ་པར་དཀའ་བའི་སྨན་ཚུ་འཚོལ་ནི་ལུ་ གྲོགས་རམ་དང་སྦྱིན་པ་ཚུ་བཏང་ནུག། ད་རུང་ སྡེ་སྲིད་ཁྲི་རབས་བཅུ་བཞི་པ་འབྲུག་ཕུན་ཚོགས་མཆོག་ སྐུ་སྙུང་བའི་སྐབས་ སྐུ་རིམ་ཚུ་ཡང་གནང་ཡོདཔ་ཨིན་མས།

མཛད་པ་མཐའ་མ།[ཞུན་དག།]

འབྲུག་སྡེ་སྲིད་བཅུ་བཞི་པ་འབྲུག་ཕུན་ཚོགས་མཆོག་ སྤྱི་ལོ་ ༡༧༦༥ ཤིང་མོ་བྱ་ལོ་ལུ་ དགོངས་པ་རྫོགསཔ་ད་ གཞུང་གྲྭ་ཚང་གི་སྡེ་སྲིད་བཅུ་གསུམ་པ་ ཆོས་རྒྱལ་ཤེས་རབ་དབང་ཕྱུག་མཆོག་ ལོག་སྟེ་ར་སྡེ་སྲིད་མཛད་དགོ་པའི་གསོལཝ་བཏབ་ཡོད་རུང་ སྡེ་སྲིད་སྐུ་ན་རྒས་པའི་རྐྱེན་གྱིས་ ཞལ་གྱིས་མ་བཞེས་པས། ཨིན་རུང་ སྡེ་སྲིད་བཅོ་ལྔ་པ་འབྲུག་བསྟན་འཛིན་འདི་ སྤུ་ན་ཁ་ལུ་ཁྲི་མངའ་གསོལ་མཛད་པའི་སྐབས་ འཕགས་པའི་དགེ་འདུན་ལུ་བསྙེན་བཀུར་དང་ འཇིགས་དབང་འབུམ་ཐེར་གནང་ཡོདཔ་དང་ སྡེ་སྲིད་མཆོག་ རྒྱལ་ཁབ་ལུ་དུས་ཡུན་རིང་ཤོས་ལོ་གྲངས་ ༢༠ ཕྱག་ཞུ་བའི་ཤུལ་ལས་ སྤྱི་ལོ་ ༡༧༦༨ ས་བྱི་དགུང་ལོ་ ༧༢ བཞེསཔ་ད་གཤགས་་སོ་ནུག།

སྡེ་སྲིད་ཁྲི་རབས་བཅུ་བཞི་པ་འབྲུག་ཕུན་ཚོགས་ཀྱི་མཛད་རྣམ། ༼༡༧༦༣-༡༧༦༥༽[ཞུན་དག།]

སྡེ་སྲིད་མ་མཛད་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་ སྟོད་ཝང་ལུ་སྐུ་འཁྲུངས་ཏེ་ མཚན་ཡང་འབྲུག་ཕུན་ཚོགས་ཟེར་གསོལ་ནུག། སྐུ་ན་ཆུང་ཀུའི་བསྒང་ལས་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་དང་ ཆོས་སྲིད་གཉིས་ལུ་སྦྱང་བརྩོན་འབད་ཞིནམ་ལས་ ་སྤོ་རོ་དཔོན་སློབ་མཛད་ཡོདཔ་དང་། མཁན་ཆེན་སྐུ་བགྲེས་པཎ་ཆེན་བསྟན་འཛིན་ཆོས་རྒྱལ་ལས་ བསྙན་རྫོགས་ཀྱི་སྡོམ་པ་ཞུ་བའི་སྐབས་ འབྲུག་ཕུན་ཚོགས་ལུ་ མ་འོངས་པའི་ནང་ སྡེ་སྲིད་ཀྱི་ཁྲི་ལུ་བཀོད་ནི་གི་རྟེན་འབྲེལ་ཨིན་པས་ཟེར་གསུངསམ་བཞིན་དུ་ མཚན་ཡང་བསྟན་འཛིན་འབྲུག་སྒྲ་ཟེར་གསོལ་ནུག། སྡེ་སྲིད་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ལྕོགས་གྲུབ་ཅན་ཅིག་ཡོདཔ་ལས་ ཀྲོང་གསར་དཔོན་སློབ་སྦེ་ཡང་ཕྱག་ཞུ་ནུག། ད་རུང་ ཀྲོང་གསར་དཔོན་སློབ་ལས་ ཐིམ་ཕུག་རྗོང་དཔོན་གྱི་གོ་གནས་བཞེས་པའི་སྐབས་ སྡེ་སྲིད་བཅུ་གསུམ་པ་ཆོས་རྒྱལ་ཤེས་རབ་དབང་ཕྱུག་གིས་ བཀྲི་ཤིས་ཆོས་རྗོང་ཉམས་བཅོས་ཀྱི་ཕྱག་ལཱ་འགོ་བཙུགས་ཡོདཔ་མི་ཚུ་ སྤྱི་ལོ་ ༡༧༥༩ ས་ཡོས་ཟླཝ་ ༩ པའི་ཚེས་ ༨ ལུ་ ལོ་ངོ་གསུམ་ནང་འཁོད་ལུ་ ཐིམ་ཕུག་རྗོང་གི་ཉམས་བཅོས་བསྒྲུབས་སོ་ནུག། སྤ་རོ་སྟང་ཚང་ལུ་ པཎ་ཆེན་བསྟན་འཛིན་ཆོས་རྒྱལ་མཁན་ཁྲི་ལས་དགོངསམ་ཞུཝ་ད་ འབྲུག་ཕུན་ཚོགས་འདི་ དེའི་སྐབས་སྤ་རོ་དཔོན་སློབ་ཀྱི་གོ་གནས་བཞེས་ཡོདཔ་ལས་ དགོངས་འདུས་རིལ་སྒྲུབ་ལུ་ སྦྱྔིན་བདག་མཛད་ནུག། དེ་འབདཝ་ལས་ སྡེ་སྲིད་འབྲུག་ཕུན་ཚོགས་མཆོག་ པཎ་ཆེན་བསྟན་འཛིན་ཆོས་རྒྱལ་ལས་ བསྙེན་རྗོགས་ཀྱི་སྡོམ་པ་ཞུཝ་ད་ མཚན་་བསྟན་འཛིན་འབྲུག་སྒྲ་ཟེར་གསོལ་ནུག།

སྡེ་སྲིད་ཁྲི་ཐོག་གྱི་མཛད་སྒོ།[ཞུན་དག།]

སྡེ་སྲིད་ཁྲི་རབས་བཅུ་གསུམ་པ་ཆོས་རྒྱལ་ཤེས་རབ་དབང་ཕྱུག་མཆོག་ སྤྱི་ལོ་ ༡༧༦༣ ཆུ་ལུག་ཟླཝ་དང་པའི་ནང་ དགོངསམ་ཞུཝ་ལས་ སྤ་རོ་དཔོན་སློབ་འབུག་ཕུན་ཚོགས་འདི་ མཁན་ཆེན་ཆོས་རྗེ་ངག་་དབང་ཕྲིན་ལས་དང་ བླ་མ་ཁྲི་པ་གོང་ས་འཇིགས་མེད་སེངྒེ་གི་བསྟུན་གྲོས་ཐོག་ལས་ འབྲུག་གྱི་སྡེ་སྲིད་ཁྲི་རབས་བཅུ་བཞི་པ་སྦེ་ཁྲི་མངའ་གསོལ་ཞུ་ནུག། སྡེ་སྲིད་ཁྲི་ཐོག་གྱི་མཛད་རྣམ།

མཆོད་རྟེན་གསར་བཞེངས།[ཞུན་དག།]

སྡེ་སྲིད་ཁྲི་རབས་བཅུ་གསུམ་པ་ ཆོས་རྒྱལ་ཤེས་རབ་དབང་ཕྱུག་དགོངསམ་ཞུ་བའི་ཤུལ་མ་ སྡེ་སྲིད་ཁྲི་རབས་བཅུ་བཞི་པ་བསྟན་འཛིན་འབྲུག་སྒྲ་གིས་ དཔལ་ལྡན་འབྲུག་པའི་དབུ་འཕང་ལུ་བསྟོད་ཡོདཔ་དང་ མཆོད་རྟེན་མང་རབས་ཅིག་གི་གསེར་བཞེངས་ཀྱི་ཕྱག་ལཱ་ཚུ་འགོ་བཙུགས་ནུག།

དཔལ་ལྡན་ཤེས་རབ་སེངྒེ་གི་བསྐོ་བཞག།[ཞུན་དག།]

དབང་འདུས་རྗོང་དཔོན་བསོད་ནམས་ལྷུན་གྲུབ་དང་ མཁན་ཆེན་བགྲེསཔ་པཎ་ཆེན་བསྟན་འཛིན་ཆོས་རྒྱལ་གཉིས་ཀྱིས་སྡེ་སྲིད་ལུ་ཞུ་སྟེ་ དབང་འདུས་གྲྭ་ཚང་ནང་ལུ་སྦེ་ གྲྭ་ཚང་སྐུ་དྲུང་བགྲེསཔ་དཔལ་ཤེས་རབ་སེངྒེ་འདི་ གྲྭ་ཚང་གི་བླམ་གནས་བརྟན་སྦེ་བསྐོ་བཞག་གནང་ནུག།

སྡེ་སྲིད་མཆོག་གི་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་བསྟན་འཛིན་འབྲུག་སྒྲ་མཆོག་ སྤྱི་ལོ་ ༡༧༦༥ ཤིང་བྱ་ཟླཝ་ ༢ པའི་ནང་ལུ་ གློ་བུར་ཀྱི་སྐུ་གཟུགས་བསྙུངས་ཏེ་དྲག་མ་ཚུགསཔ་ལས་ ཐིམ་ཕུག་སེམས་རྟོགས་ཁ་ལུ་བྱོན་ཏེ་ ཡུན་མ་རིངམོ་ཅིག་ཁར་དགོངས་པ་རྗོགས་ནུག། དེའི་སྐབས་ སྡེ་སྲིད་བཅུ་གསུམ་པ་ཤེས་རབ་དབང་ཕྱུག་དང་ མཁན་ཆེན་སྐུ་བགྲེས་བསྟན་འཛིན་ཆོས་རྒྱལ་གཉིས་ གཅིག་ཁར་བཞུགས་ཏེ་ སྡེ་སྲིད་ཁོ་རའི་ཕྱག་ལཱ་ཚུ་ འཕྲོ་མཐུད་དེ་མཛད་གནང་ནུག།


སྡེ་སྲིད་ཁྲི་རབས་བཅོ་ལྔ་པ་འབྲུག་བསྟན་འཛིན་གྱི་མཛད་རྣམ། ༼༡༧༦༥-༡༧༦༨༽[ཞུན་དག།]

སྡེ་སྲིད་མ་མཛད་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་བཅོ་ལྔ་པ་འབྲུག་བསྟན་འཛིན་འདི་ ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་ སྨད་ཝང་ལུ་སྐུ་འཁྲུངས་ནུག། སྐུ་ན་ཆུང་ཀུའི་བསྒང་ལས་ར་ སྒར་ལྟོའི་གྲས་ཁར་བཅའ་མར་གཏོགས་ཏེ་ འགན་ཁུར་ག་ཅི་ར་ཕོག་རུང་ འགན་ཁུར་འབག་ཚུགས་པའི་ཕོ་ ལྕོགས་གྲུབ་ཅན་ཅིག་ཨིན་པས། དེ་འབད་ནི་འདི་གིས་ སྡེ་སྲིད་འབྲུག་བསྟན་འཛིན་མཆོག་ ཆོས་སྲིད་ཀྱི་ལཱ་ཚུ་ལུ་ ཉམས་མྱོང་ཡོད་མི་ཅིག་འབདཝ་ལས་ ཆོས་རྗེ་འབྲུག་པའི་ཏོག་བདག་རྐྱེན་ ཆིབས་བཞོན་པའི་གོ་གནས་དང་ དབང་འདུས་ཕོ་བྲང་རྗོང་དཔོན་སྦེ་གསོལ་ནུག། སྡེ་སྲིདད་བཅུ་གསུམ་པ་ ཆོས་རྒྱལ་ཤེས་རབ་དབང་ཕྱུག་སྡེ་སྲིད་སྦེ་བཞུགསཔ་ད་ འབྲུག་བསྟན་འཛིན་མཆོག་དབང་འདུས་རྗོང་དཔོན་ལས་ སྤུ་ན་ཁའི་རྗོང་དཔོན་སྦེ་གོ་གནས་གནང་ཡོདཔ་ཨིན་མས།

སྡེ་སྲིད་ཁྲི་ཐོག་གི་མཛད་སྒོ། སྡེ་སྲིད་བཅུ་བཞི་པ་འབྲུག་ཕུན་ཚོགས་མཆོག་ སྤྱི་ལོ་ ༡༧༦༥ ཤིང་བྱ་གི་ལོ་ལུ་གཤགས་སོཔ་ལས་ མཁན་ཆེན་ཆོས་རྗེ་ངག་དབང་ཕྲིན་ལས་དང་ བླམ་ཁྲི་པ་གོང་ས་འཇིགས་མེད་སེངྒེ། དེ་ལས་ བློན་པོ་ཚུ་ཀྱིས་ སྤྱི་ལོ་ ༡༧༦༥ ཤིང་བྱ་གི་ལོ་དེ་ནང་ར་ སྤུ་ན་ཁའི་རྗོང་དཔོན་འབྲུག་བསྟན་འཛིན་མཆོག་ ཐིམ་ཕུག་བཀྲི་ཤིས་ཆོས་རྗོང་ནང་ལུ་སྦེ་ འབྲུག་གི་སྡེ་སྲིད་ཁྲི་རབས་བཅོ་ལྔ་པ་སྦེ་ཁྲི་མངའ་གསོལ་ནུག།

སྡེ་སྲིད་ཁྲི་ཐོག་གྱི་མཛད་རྣམ།[ཞུན་དག།]

མཆོད་རྟེན་གསར་བཞེངས།[ཞུན་དག།]

སྡེ་སྲིད་མཆོག་གིས་ སྡེ་སྲིད་བཅུ་བཞི་པ་འབྲུག་ཕུན་ཚོགས་མཆོག་གི་ཕྱག་འགན་ ལྷ་ཁང་དང་མཆོད་རྟེན་བཞེངས་ནིའི་ལཱ་ཚུ་འཕྲོ་མཐུད་དེ་མཛད་ཡོདཔ་དང་། མཆོད་རྟེན་གྱི་རབ་གནས་ཚུ་ཡང་མཛད་གནང་ནུག།

སྟོན་པའི་སྐུ་བཞེངས་ཡོདཔ།[ཞུན་དག།]

སྡེ་སྲིད་མཆོག་སྐུ་ན་ཆུང་ཀུའི་བསྒང་ལས་ ལྕོགས་གྲུབ་ཅན་ཅིག་འབདཝ་ལས་ སྡེ་སྲིད་གྱི་ཁྲི་ཐོག་ཁར་བཞུགས་ཏེ་ རྒྱས་ས་ལྟེ་བ་བཀྲ་ཤིས་ཆོས་རྗོང་ལུ་ སངས་རྒྱས་ཤཱཀྱ་ཐུབ་པ་ དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ བོད་ཀྱི་ལྷ་ས་ ར་ས་འཕྲུལ་སྣང་ལུ་བཞུགས་མི་ཇོ་བོའི་སྐུ་ཚད་ཀྱི་གསེར་སྐུ་ཚུ་ཟླཝ་གཅིག་ནང་བཞེངས་གནང་ནུག།

བཀའ་འགྱུར་གསར་བཞེངས།[ཞུན་དག།]

བོད་ཀྱི་མཚལ་པར་མ་ལུ་དཔེ་འགབ་སྟེ་ སྤྱི་ལོ་ ༡༧༦༧ མེ་ཕག་ཟླཝ་ ༡༡ པ་ལས་འགོ་བཙུགས་ཏེ་ འབྲུག་རྒྱལ་ཁབ་ནང་ བཀའ་འགྱུར་གསར་བཞེངས་གནང་ཡོདཔ་དང་། དེའི་སྐབས་ ཡི་གུ་འབྲི་མི་ཡང་ ཡི་གུ་མཁན་ཚུ་ལས་ཡིག་རྒྱུགས་བཞེངས་ཏེ་ མི་གྲངས་ལྔ་བཅུ་ཙམ་གྱིས་བཞེངས་ནུག། རྗེ་ཡོན་ཏན་མཐའ་ཡས་ཀྱིས་འགོ་འདྲེན་འཐབ་སྟེ་ ཞུན་དག་གཙོ་བོ་དགེ་བའི་བཤེས་གཉེན་བསྟན་འཛིན་རྣམ་རྒྱལ་གྱིས་མཛད་ཡོདཔ་དང་། བརྡ་སྤྲོད་མཁན་བདུན་ཙམ་ཅིག་གིས་ ཞུན་དག་ཏོག་ཏོ་སྦེ་འབད་ཡོདཔ་ལས་ དེའི་རབ་གནས་ཡང་ བླམ་ཁྲི་པ་འཇིགས་མེད་སེང་གེ་དང་ མཁན་ཆེན་ཆོས་རྗེ་ངག་དབང་ཕྲིན་ལས། སྡེ་སྲིད་སྐུ་བགྲེས་ཆོས་རྒྱལ་ཤེས་རབ་དབང་ཕྱུག་ཚུ་ཞུ་སྟེ་མཛད་གནང་ནུག།

སྐུ་འདྲ་གསར་བཞེངས།[ཞུན་དག།]

སྡེ་སྲིད་མཆོག་གིས་ འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་བཞི་འབད་མི་ཅིག་ ཟངས་ལས་བཞེངས་ཡོདཔ་དང་ གུ་རུ་མཚན་བརྒྱད་ཀྱི་སྐུ་ཐང་ཡང་བཞེངས་གནང་ནུག། རྗེ་ཡོན་ཏན་མཐའ་ཡས་མཆོག་གིས་ དེ་ཚུ་གུར་གསེར་གདུང་ཆེན་མོ་བཞེངས་ནིའི་ནང་་འགོ་འདྲེན་མཛད་ནུག།

སྡེ་སྲིད་མཆོག་གི་མཛད་པ།[ཞུན་དག།]

སྤྱི་ལོ་ ༡༧༦༨ ས་བྱི་ཟླཝ་ ༡༡ པའི་གནམ་སྒང་ལུ་ སྡེ་སྲིད་འབྲུག་བསྟན་འཛིན་མཆོག་ རྒྱལ་ཁབ་དང་མི་སེར་ལུ་ཕན་པའི་ཕྱག་ལཱ་མང་རབས་ཅིག་མཛད་པའི་མཐའ་མར་ དགོངསམ་རྗོགས་སོ་ནུག།

སྡེ་སྲིད་ཁྲི་རབས་བཅུ་དྲུག་པ་བསོད་ནམས་ལྷུན་གྲུབ་ཀྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་ཁྲི་བཅུ་དྲུག་པ་ བསོད་ནམས་ལྷུན་གྲུབ་འདི་ ཝང་ཚོ་ཆེན་བརྒྱད་ཀྱི་སྦེད་སྨད་ཁྱུང་སུ་སྡིངས་ལུ་སྐུ་འཁྲུངས་ཡོདཔ་དང་ མཚན་ཞི་དར་ཟེར་གསོལ་ནུག། ཁོ་གིས་ པཎ་ཆེན་བསྟན་འཛིན་ཆོས་རྒྱལ་ལས་ དགེ་ཚུལ་གྱི་སྡོམ་པ་ཞུ་བའི་ཤུལ་ལས་ མཚན་བསོད་ནམས་ལྷུན་གྲུབ་ཟེར་དར་ནུག། སྡེ་སྲིད་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ འབྲུག་པའི་སྒོར་བཞུགས་ཏེ་ འགན་ཁུར་ལེ་ཤ་ཅིག་ར་བཞེས་ཡོདཔ་མ་ཚད་ གོང་ས་མི་ཕམ་དབང་པོའི་ཕྱག་སྒརཔ་གི་གྲངས་སུ་ཡང་བཅའ་མར་གཏོགས་ནུག། དེའི་ཚེ་ གོང་ས་མཆོག་ལུ་ཕྱག་ལེགས་ཤོམ་སྦེ་ཞུཝ་ལས་ ལྕོགས་གྲུབ་ཅན་གྱི་གྲངས་སུ་ཚུད་ཡོདཔ་དང་ རིམ་གྱིས་སྦེ་ གོ་གནས་སྦོམ་ཚུ་ཡང་བཞེས་གནང་ནུག། གོང་ས་མི་ཕམ་དབང་པོ་མཆོག་ གསེར་ཁྲི་གུར་བཞུགསཔ་ད་ ཁོ་གི་ལྕོགས་གྲུབ་ལུ་གཟིགས་ཏེ་ངལ་རངས་ཡོདཔ་ལས་ གཞུང་མགྲོན་གཉེར་གྱི་གོ་གནས་གནང་ཡོདཔ་ཨིན་པས།

ཀྲོང་གསར་དཔོན་སློབ་དང་ དབང་འདུས་ཕོ་བྲང་རྫོང་དཔོན་གྱི་གོ་གནས་བཞེས་པའི་སྐོར།[ཞུན་དག།]

གཞུང་མགྲོན་གཉེར་གྱི་ཕྱག་འགན་ལེགས་ཤོམ་སྦེ་འབག་ཚུགས་ནི་འདི་གིས་ ཀྲོང་གསར་དཔོན་སློབ་དང་ དབང་འདུས་རྫོང་དཔོན་གྱི་གོ་གནས་བཞེས་གནང་ནུག། ཁོ་ར་ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་བཞེས་བཞུགས་པའི་སྐབས་ མཁན་ཆེན་ཁྲི་རབས་བཅུ་པ་པཎ་ཆེན་བསྟན་འཛིན་ཆོས་རྒྱལ་མཆོག་ ཀྲོང་གསར་ལུ་གདན་འདྲེན་ཞུ་སྟེ་ གྲྭ་ཚང་འགོ་དང་པ་གཞི་བཙུགས་གནང་ནུག། དེའི་ཤུལ་མ་ དབང་འདུས་ཕོ་བྲང་རྫོང་དཔོན་གྱི་ཕྱག་འགན་བཞེས་བཞུགས་པའི་སྐབས་ ལ་དྭགས་ཀྱི་རྒྱལ་བློན་གཉིས་ཀྱི་བར་ན་ མ་འགྲིགསཔ་ཡོད་མི་འདི་གི་ནང་འགྲིག་བཟོ་བར་ འབྲུག་གཞུང་གི་སྐུ་ཚབ་སྦེ་རྫོང་དཔོན་བཏངམ་ལས་ སྡེ་སྲིད་ཀྱི་ཐུགས་དགོངས་དང་འཁྲིལ་ཏེ་ཕྱག་ཞུ་ནུག། ཧེ་མ་ སྡེ་སྲིད་འབྲུག་རབ་རྒྱས་ཀྱི་སྐབས་ ཞབས་དྲུང་ཐུགས་སྤྲུལ་དང་གསུང་སྤྲུལ་ལ་སོགས་པའི་བར་ན་ སྲི་ངན་བྱུང་ཡོད་མི་འདི་ མ་ཞི་བར་ཡོདཔ་ལས་ མི་ངན་ཚུ་གིས་ཞབས་དྲུང་ཐུགས་སྤྲུལ་དང་པ་ འཇིགས་མེད་གྲགས་པ་ལུ་ ཟས་ངན་དྲངས་པའི་རྐྱེན་གྱིས་ སྐུ་བསྙུངས་མི་འདི་དྲག་མ་ཚུགས་པར་ ཐུགས་བསུན་ཏེ་འབྱོན་པའི་སྐབས་ དབང་འདུས་སྒང་སྟེང་ཐང་ཁ་ལུ་ཕེབས་ད་ རྫོང་དཔོན་བསོད་ནམས་ལྷུན་གྲུབ་ཀྱིས་བསྙེན་བཀུར་ཚུ་ཞུ་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་པ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ ༡༥ པ་འབྲུག་བསྟན་འཛིན་འདི་ གློ་བུར་དུ་དགོངས་པ་རྫོགས་སོཔ་ལས་ སྤྱི་ལོ་ ༡༧༦༩ ཟླཝ་ ༡༢ པའི་ཚེས་ ༤ ལུ་གསོལ་ཐབ་སྤུ་ཁ་ལུ་བཞུགསཔ་ད་ བླ་མ་ཁྲི་པ་འཇིགས་མེད་སེང་གེ་དང་དགེ་འདུན་གྲྭ་ཚང་། དེ་ལས་ ལྷན་རྒྱས་ཚུ་འཛོམས་ཐོག་ལས་ དབང་རྫོང་བསོད་ནམས་ལྷུན་གྲུབ་འདི་ སྡེ་སྲིད་ཁྲི་རབས་ ༡༦ པའི་ཁྲི་ཐོག་ཁར་མངའ་གསོལ་ཞུ་ནུག།

སྡེ་སྲིད་ཀྱི་ཁྲི་ཁར་བཞུགས་པའི་སྐབས་ཀྱི་མཛད་པ།[ཞུན་དག།]

སྡེ་སྲིད་ཞི་དར་ལ་འདི་ སྡེ་སྲིད་ཀྱི་ཁྲི་ཁར་བྱོན་ཞིནམ་ལས་ མཛད་པ་མང་རབས་ཅིག་མཛད་ཡོད་པའི་ནང་ལས་ དང་པ་ར་ སྡེ་སྲིད་ཁོ་ར་དབང་རྫོང་པ་སྦེ་བཞུགས་པའི་སྐབས་ དབང་འདུས་སྒོ་ཁང་གི་རྟེན་ གསར་བཞེངས་ཀྱི་ལཱ་འཕྲོ་ལུས་ཡོད་མི་འདི་ མཇུག་བསྡུ་གནང་ནུག། འདི་བཟུམ་སྦེ་ར་ སྡེ་སྲིད་མཆོག་གིས་ བསྟན་པ་དང་སེམས་ཅན་གྱི་དོན་ལུ་ཐུགས་བཞེས་གནང་སྟེ་ ཞབས་དྲུང་རིན་པོ་ཆེའི་མཐོང་གྲོལ་ཆེན་མོ་ རྒྱ་ཚད་འདོམ་བཅོ་ལྔ་དང་ མཐོ་ཚད་འདོམ་བཅོ་ལྔ་འབད་མི་ཅིག་ གསར་བཞེངས་མཛད་གནང་ཡོདཔ་མ་ཚད་ གུ་རུ་མཚན་བརྒྱད་དང་ ཞབས་དྲུང་ཕུན་སུམ་ཚོགས་པའི་གོས་ཐང་བཅས་ གོས་ཐང་ཉེར་གསུམ་ གསར་བཞེངས་དང་རབ་གནས་ཚུ་མཛད་གནང་ནུག། དེ་མ་ཚད་ བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་ སངས་རྒྱས་སྟོང་རྩ། གུ་རུ་མཚན་བརྒྱད་ཀྱི་སྐུ་རྟེན་ཚུ་ ལུགས་སུ་བླུགས་ཏེ་བཞེངས་གནང་ཞིནམ་ལས་ དགེ་འདུན་གྱི་ཕྱག་ལུ་རྩིས་ཕུལ་ནུག། སྡེ་སྲིད་བསོད་ནམས་ལྷུན་གྲུབ་ཀྱིས་ སྤུ་ན་རྫོང་གི་ནང་རྟེན་ཚུ་ཉམས་བཅོས་དང་གསར་བཞེངས། གསེར་སྒྲོན་ནི་ལ་སོགས་པའི་བསྟན་འགྲོའི་དོན་ལུ་ ཕྱག་ལཱ་མཛད་གནང་ནུག། ཧེ་མ་ པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་བཞུགས་གནས་ཅིག་ཨིན་མི་ བསོད་ནམས་དགའ་ཚལ་ཟེར་མི་འདི་ འཛམ་གླིང་དགའ་ཚལ་ཟེར་བའི་གཙུག་ལག་ཁང་ རྟེན་དང་བརྟེན་པ་བཅས་གཞི་བཙུགས་མཛད་གནང་ནུག། སྤྱི་ལོ་ ༡༧༧༢ གསོལ་ཐབ་ཐིམ་ཕུག་ལུ་བཞུགས་པའི་སྐབས་ བཀྲ་ཤིས་ཆོས་རྫོང་མེ་མཆོད་ཐེངས་གཉིས་པ་བཞེསཔ་དང་ དེའི་བསྐྱར་བཞེངས་ཡང་ སྡེ་སྲིད་ཁོ་གིས་མཛད་གནང་ནུག།

སྐྱབས་ཡུལ་གོངམ་ལུ་བསྙེན་བཀུར་གྱི་མཛད་པ།[ཞུན་དག།]

ཞབས་དྲུང་ཐུགས་སྤྲུལ་དང་པ་འཇིགས་མེད་གྲགས་པ་མཆོག་ དགོངས་པ་རྫོགས་ཞིནམ་ལས་ ཧེ་མ་སྡེ་སྲིད་མཆོག་ དབང་འདུས་རྫོང་དཔོན་སྦེ་བཞུགས་པའི་སྐབས་ ཁ་ཆེམས་བཞག་ཡོདཔ་བཞིན་དུ་ བསྙེན་བཀུར་ཞུ་ནིའི་དོན་ལུ་ བོད་ལུ་བྱོན་ཞིནམ་ལས་ དེའི་ཡང་སྲིད་འདི་གདན་འདྲེན་ཞུཝ་ད་ འབྲུག་ལུ་གཏང་མ་བཏུབ་ལས་ མི་དབང་སྡེ་སྲིད་མཆོག་གིས་ བཀའ་སྲུང་དང་ཆོས་སྐྱོང་གི་གདོང་ བོད་ཕྱོགས་ལུ་བསྒྱུརཝ་ལས་ མཐར་ཐུག་ལུ་གདན་འདྲེན་ཞུ་ཚུགས་ནུག། འབྲུག་ལུ་ཕེབས་ཞིནམ་ལས་ ཁྲི་མངའ་གསོལ་མཛད་ཡོདཔ་མ་ཚད་ རྗེ་ཀུན་དགའ་རྒྱལ་མཚན་དང་ རྗེ་ཡོན་ཏན་མཐའ་ཡས་གཉིས་ལུ་ སྐུ་ཡོན་ཚུ་ཕུལ་བཅུག་ནུག། སྡེ་སྲིད་ཀྱི་མཛད་པ་མཐའ་མ། དབང་ཚད་ལོག་སྤྱོད་དང་ཕྱི་རྒྱལ་དང་མཐུན་འབྲེལ།

སྡེ་སྲིད་མཆོག་ སྲིད་དབང་གིས་མ་ཚིམས་པར་ ཆོས་ཁྲིམས་ཀྱི་དབང་ཚད་ཡང་བཞེས་ཏེ་ ཧེ་མ་བླམ་གནས་བརྟན་ཤེས་རབ་སེང་གེ་འདི་ རྡོར་སློབ་ཀྱི་ཁྲི་ཐོག་ཁར་ སྡེ་སྲིད་ཁོ་གིས་བསྐོ་བཞག་མཛད་ཡོད་རུང་ ཤུལ་ལས་ ཁོ་ར་གིས་ར་ ཁྲི་ལས་ཕབ་བཏང་ནུག། དེ་མ་ཚད་ རྡོར་སློབ་འདི་དང་དབྱངས་སློབ་གཉིས་གནས་སོར་བཏང་སྟེ་ བརྩི་བཀུར་མེད་པའི་མཛད་འཕྲིན་ལུ་བརྟེན་ཏེ་ གྲྭ་སྡེ་དང་སྲིད་ཀྱི་ལུགས་སེམས་ལུ་མ་བབས་པའི་གནས་སྟངས་ཅིག་ལུ་གྱུར་ནུག། དེ་མ་ཚད་ ཁོ་གི་ཕྲག་དོག་གི་རྐྱེན་ལུ་བརྟེན་ཏེ་ ཀུཆ་བི་ཧར་དང་གཅིག་ཁར་དམག་འཁྲུག་བྱུང་ཡོད་རུང་ ཁོ་གིས་ མ་འོངས་མཐུན་འབྲེལ་ལུ་དགོངས་ཏེ་ གོརྵའི་རྒྱལ་ཁབ་དང་ བལ་པོ་ཚུ་དང་མཉམ་མཐུན་འབྲེལ་བཟོ་གནང་རུང་ དམག་འཁྲུག་ལེ་ཤ་ཅིག་ར་བྱུང་ནུག།

སྡེ་སྲིད་ཁྲི་རབས་བཅུ་བདུན་པ་ ཀུན་དགའ་རིན་ཆེན་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་ དབང་འདུས་ཕོ་བྲང་རྫོང་ཁག་ གཡུས་རུད་པའི་ས་ལུ་འཁྲུངས་ཏེ་ མཚན་ཀུན་དགའ་རིན་ཆེན་ཟེར་གསོལ་ནུག། ཀུན་དགའ་རིན་ཆེན་ཁོ་ར་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ གྲྭ་ཚང་འདུས་སྡེ་ནང་བཞུགས་ཡོདཔ་ཨིན་པས། དེའི་ཚེ་སྐུ་གཟུགས་ཆུང་ཀུ་སྦེ་ཡོདཔ་མ་ཚད་ འཁྲུངས་ཡུལ་རུད་པའི་ས་ལས་འབད་ནི་འདི་གིས་ མཚན་ལུ་རུད་ཅུང་ཟེར་ཡང་ཞུ་སྲོལ་དར་ནུག། རུད་ཅུང་པ་ཁོ་ར་ གྲྭ་ཚང་ནང་བཞུགས་པའི་སྐབས་ རིག་གནས་བཅུ་དང་ཆོ་ག་ཕྱག་ལེན། དེ་ལས་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་ཆོས་གསུམ་གྱི་ཤེས་ཡོན་ཚུ་ མཐར་ཕྱིན་ཡོདཔ་མ་ཚད་ ཕྱག་འགན་ཡང་རིམ་གྱིས་སྦེ་བཞེས་གནང་སྟེ་ མཚན་ཉིད་སློབ་དཔོན་གྱི་ཕྱག་འགན་ཡང་བཞེས་གནང་ནུག། དེ་བསྒང་ སྡེ་སྲིད་བསོད་ནམས་ལྷུན་གྲུབ་ཀྱིས་ ཆོས་ཀྱི་སྒྲིག་ཁྲིམས་ལུ་ཡང་ལགཔ་རྐྱབ་ལས་ མཁན་སློབ་ཚུ་ དབང་ཚད་ག་ནི་ཡང་མེདཔ་བཟོ་མི་ལུ་གཟིགས་ཏེ་ མཚན་ཉིད་སློབ་དཔོན་མཆོག་ཡངཞན་པ་ལོག་ཡོད་རུང་སྡེ་སྲིད་དང་མཚན་སློབ་གཉིས་ ཧེ་མ་གྲྭ་ཚང་ནང་བཞུགས་པའི་སྐབས་ཀྱི་ཆོས་གྲོགས་ཅིག་འབད་ནི་འདི་གིས་ སྡེ་སྲིད་བསོད་ནམས་ལྷུན་གྲུབ་འདི་ རྒྱ་དམག་གི་གདོང་ལེན་ལུ་མ་བྱོན་པའི་ཧེ་མ་ མཚན་སློབ་དང་གཅིག་ཁར་བསྟུན་གྲོས་མཛདཔ་ད་ མཚན་སློབ་མཆོག་གིས་ སྡེ་སྲིད་ཁོ་ར་དམག་ལུ་བྱོན་པ་ཅིན་ལེགས་ཤོམ་འོང་ཟེར་ཞུཝ་ལས་ སྡེ་སྲིད་ཀྱི་སྐུ་ཚབ་སྦེ་ མཚན་སློབ་བཏོན་ཏེ་བཞག་བཞགཔ་ཨིན་པས།

སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་སྐོར།[ཞུན་དག།]

མཚན་ཉིད་སློབ་དཔོན་ཀུན་དགའ་རིན་ཆེན་གྱིས་གསུངསམ་བཞིན་དུ་ སྡེ་སྲིད་ཁྲི་རབས་བཅུ་དྲུག་པ་བསོད་ནམས་ལྷུན་གྲུབ་ སྤྱི་ལོ་ ༡༧༧༣ གནམ་ལོ་ཆུ་སྦྲུལ་མཇུག་བསྡུ་ཁམས་ཅིག་ཁར་ རྒྱ་དམག་གི་གདོང་ལེན་ལུ་བྱོན་ཡོད་རུང་ རྒྱ་དམག་ལས་ཕམ་སོཔ་ལས་ གཞུང་གིས་སྡེ་ཁྲི་ལས་ཕབ་ཡོདཔ་དང་། སྤྱི་ལོ་ ༡༧༧༤ གི་ལོ་འགོ་བཙུགས་ཁམས་ལུ་ མཚན་ཉིད་སློབ་དཔོན་ཀུན་དགའ་རིན་ཆེན་མཆོག་ ཁྲི་སྤྲུལ་འཇིགས་མེད་སེང་གེ་གིས་བཀའ་དང་འཁྲིལ་ སྡེ་ཁྲི་ལུ་བྱོན་གནང་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྤྱི་ལོ་ ༡༧༧༤ ལུ་མཚན་སློབ་མཆོག་ སྡེ་པའི་ཁྲི་ཐོག་ལུ་བྱིན་པའི་ཤུལ་ལུ་ དང་པ་ར་ ཧེ་མ་ཕྱི་གཞུང་དང་གཅིག་ཁར་སྟབས་མ་བདེཝ་ཡོད་མི་འདི་སེལ་ཐབས་ལུ་ ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་དྲུག་པ་ དཔལ་ལྡན་ཡེ་ཤེས་ལུ་ ཕྱི་གཞུང་དང་གཅིག་ཁར་ མཐུན་འབྲེལ་བཟོ་དགོ་པའི་ཞུ་ཡིག་ཕུལཝ་བཞིན་དུ་ པཎ་ཆེན་མཆོག་གིས་ཡང་ རྒྱ་གར་ཀ་ལི་ཀ་ཏ་ལུ་བྱོན་ཞིནམ་ལས་ འབྲུག་གཞུང་གི་ ཧེ་མ་ཀུཆ་བི་ཧར་གྱི་རྒྱལ་པོ་སྤུན་གཉིས་བཙན་བཟུང་འབད་ཡོད་མི་འདི་ལོག་གཏང་ནི་དང་ རྒྱ་གཞུང་གིས་དབང་མི་ འབྲུག་གི་ས་ཁོངས་ཚུ་ཡང་ལོག་འབྲུག་གཞུང་ལུ་ རྩིས་སྤྲོད་འབད་དགོཔ་སྦེ་ཡོད་མི་འདི་ གཞུང་གཉིས་ཆ་རའི་ཧོངས་ལས་ཆ་འཇོག་འབད་ཡོདཔ་མ་ཚད་ དེ་དང་གཅིག་ཁར་ དོན་ཚན་བཅུ་ཐམ་འབད་མི་གན་ཡིག་ཅིག་ཡང་ གཏན་འབེབས་བཟོ་སྟེ་ ཕྱག་རྟགས་བཀོད་ཐོག་ལས་ རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་བཟོ་གནང་ནུག། དེ་མ་ཚད་ རྒྱ་གཞུང་འདི་ཧེ་མ་ལས་ བོད་དང་གཅིག་ཁར་ཚོང་ལམ་བཟོ་ནིའི་དང་འདོད་ཡོདཔ་ལས་ ཆིངས་ཡིག་འདི་གུར་ཕྱག་རྟགས་གནང་སྟེ་ གཞུང་གཉིས་ཀྱི་བར་ན་མཐུན་འབྲེལ་བཟོ་བའི་ཤུལ་མ་ རྒྱ་གཞུང་ལས་ བོད་ལུ་ཚོང་ལམ་ཕྱེ་བར་འགྱོཝ་ད་ འབྲུག་གཞུང་གི་བསུ་བ་དང་བཅས་ བསུ་ལེན་འབད་ཡོདཔ་མ་ཚད་ ཟླཝ་བཞི་དེ་ཅིག་ འབྲུག་ལུ་བཞུགས་པའི་སྐབས་ཡང་ ཕྱག་ཞུ་ཞུཝ་ལས་ ཧེ་མ་བ་ལྷགཔ་སྦེ་ མཐུན་འབྲེལ་བཟོ་གནང་ནུག།

ནང་འཁྲུག་འཇོམས་པའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་གིས་ ཕྱི་གཞུང་དང་གཅིག་ཁར་མཐུན་འབྲེལ་བཟོ་སྟེ་ ཚར་གཅིག་དམག་འཁྲུག་མེདཔ་སྦེ་འགྱོ་ཡོད་རུང་ སྡེ་སྲིད་བསོད་ནམས་ལྷུན་གྲུབ་ཀྱི་ཕྱོགས་གཏོགས་ཚུ་གིས་ ནང་འཁྲུག་ལང་ནི་འགོ་བཙུགས་ནུག། དེ་ཡང་ སྡེ་སྲིད་བགྲེསཔ་བསོད་ནམས་ལྷུན་གྲུབ་ཀྱི་ཕྱོགས་གཏོགས་ཚུ་གིས་ སྤྱི་ལོ ༡༧༧༤ བར་ཁམས་ཅིག་ནང་ སྡེ་སྲིད་བགྲེསཔ་ཡོད་རྫུ་བཏབ་སྟེ་ སེམས་རྟོགས་ཁ་ལུ་སྒར་བཅགས་ཞིནམ་ལས་ གཞུང་དང་གྲྭ་ཚང་འདུས་ཚོགས་ལུ་ ལཱ་ངན་འབད་ནི་འགོ་བཙུགས་ནུག། དེ་ལས་ བླ་མ་ཁྲི་པ་འཇིགས་མེད་སེང་གེ་དང་ སྡེ་སྲིད་གིས་གཙོས་པའི་གཞུང་གི་དམག་སྟོབས་ཅན་ཚུ་གིས་ ནང་འཁྲུག་ཞི་བར་འཇོམས་གནང་ནུག།

སྡེ་སྲིད་མཆོག་གི་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་ཁོ་གི་སྐབས་ རྒྱ་དམག་དང་ནང་འཁྲུག་ལུ་བརྟེན་ཏེ་ དགེ་འདུན་པའི་ཞལ་གྲངས་མར་ཕབ་འགྱོ་ཡོད་མི་འདི་ ཡར་སེང་འབད་ཐབས་ལུ་ སྤྱི་ལོ་ ༡༧༧༥ ཤིང་ལུག་གི་ལོ་ལུ་ དགེ་སློང་ཞལ་གྲངས་ཉིས་བརྒྱ་ལྷག་ཙམ་ཅིག་ གསར་བཙུགས་མཛད་གནང་སྟེ་ དགེ་འདུན་པའི་སྡེ་ ཉམས་པ་སོར་ཆུད་མཛད་ཡོདཔ་དང་ དགེ་འདུན་འདུས་ཚོགས་ཀྱི་ཕན་ཐབས་ལུ་དམིགས་ཏེ་ བདག་ཅག་གི་སྟོན་པ་ ཤཱཀྱ་ཐུབ་པའི་མཐོང་གྲོལ་གཅིག་ཡང་གསར་བཞེངས་མཛད་གནང་ནུག། འདི་དང་འབྲེལ་ རྗེ་མཁན་ཁྲི་རབས་བཅུ་གསུམ་པ་ རྗེ་ཡོན་ཏན་མཐའ་ཡས་མཆོག་ རྗེ་མཁན་པོའི་ཁྲི་ཐོག་ལས་དགོངས་ཞུ་མཛད་ཡོདཔ་ལས་ མཁན་ཁྲི་རབས་བཅུ་བཞི་པའི་ཁྲི་ཐོག་ལུ་ བླམ་ངག་དབང་བསྟན་འཛིན་རྣམ་རྒྱལ་མཆོག་ བསྐོ་བཞག་མཛད་གནང་ནུག། མི་དབང་མཆོག་ རྒྱལ་ཁབ་དང་བསྟན་འགྲོ་ལུ་ཕན་པའི་ཕྱག་ལཱ་ རྒྱ་ཆེཝ་སྦེ་མཛད་གནང་བའི་ཤུལ་མ་ སྤྱི་ལོ་ ༡༧༧༦ གནམ་ལོ་མེ་སྤྲེལ་གྱི་ལོ་ལུ་ གདན་ས་སྤུ་ན་ཁ་ལུ་སྦེ་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ར་དགོངས་པ་རྫོགས་སོ་ནུག་གོ།

སྡེ་སྲིད་ཁྲི་རབས་བཅོ་བརྒྱད་པ་ གོང་ས་འཇིགས་མེད་སེང་གེའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྐུ་འཁྲུངས་ཚུལ་དང་སྐུ་ཡོན་སྦྱང་ཚུལ། དེ་ལས་ ཕྱག་འགན་བཞེས་ཚུལ་གྱི་སྐོར།[ཞུན་དག།]

གོང་ས་འཇིགས་མེད་སེང་གེ་མཆོག་ སྤྱི་ལོ་ ༡༧༤༢ ཆུ་ཁྱི་གི་ལོ་ལུ་ ཀྲོང་གསར་སྦོན་སྦྱིས་ལུ་སྐུ་འཁྲུངས་ནུག། ལོ་ན་ཆུང་ཀུ་ཅིག་ལས་ར་ གོང་ས་མི་ཕམ་དབང་པོའི་སྐུ་སྐྱེས་སྦེ་ ངོས་འཛིན་འཁྲུལ་མེད་དུ་བསྒྲུབས་ཏེ་ གོང་ས་གོང་མའི་གདན་ས་རྟ་མགོ་ལུ་ གདན་འདྲེན་ཞུ་ཞིནམ་ལས་ ཁྲི་མངའ་གསོལ་ཞུ་ནུག། དེ་ལས་ སྐུ་ཡོན་ཚུ་ཡང་ རྗེ་ཤཱཀྱ་རིན་ཆེན་དང་རྗེ་ཡོན་ཏན་མཐའ་ཡས། རྗེ་ཀུན་དགའ་རྒྱ་མཚོ། རྗེ་བསྟན་འཛིན་ཆོས་རྒྱལ་ཚུ་ལས་ བསླབ་སྡོམ་དང་སྨིན་གྲོལ་གྱི་གདམས་ངག། གཞུང་རིག་གནས་བཅུ་ཚུ་ལུ་མཁས་པ་སྦྱངས་ནུག། རིམ་གྱིས་སྦེ་ སྐུ་ན་སྦོམ་ཐལ་ཏེ་ ཕྱག་འགན་བཞེས་ཚུགསཔ་འགྱོ་མི་ལུ་བརྟེན་ཏེ་ སྤྱི་ལོ ༡༧༦༡ པའི་ལྕགས་སྦྲུལ་ལུ་ ཞབས་དྲུང་ཐུགས་སྤྲུལ་དང་པ་ དཔལ་འཇིགས་མེད་སེང་གེ་དགོངས་པ་རྫོགས་ཡོདཔ་མ་ཚད་ སྤྱི་ལོ་ ༡༧༦༢ གི་ལོ་ལུ་ རྒྱལ་སྲས་འཇམ་དཔལ་རྡོ་རྗེ་གི་ཡང་སྲིད་ འབྲུག་སྒྲ་རྣམ་རྒྱལ་ཡང་དགོངས་པ་རྫོགས་སོཔ་ལས་ ཞབས་དྲུང་གི་སྐུ་ཚབ་སྦེ་ བླ་མ་ཁྲི་པའི་ཁྲི་ཐོག་ལུ་བཞུགས་མི་ག་ཡང་མེདཔ་ལས་ སྡེ་སྲིད་ཆོས་རྒྱལ་ཤེས་རབ་དང་ རྗེ་ངག་དབང་ཕྲིན་ལས་གཉིས་ཀྱིས་ གོང་ས་མཆོག་བླ་མ་ཁྲི་པའི་ཁྲི་གཟུང་དགོ་པའི་ཞུ་བ་ཕུལཝ་བཞིན་དུ་ སྤྱི་ལོ་ ༡༧༦༣ ཆུ་ལུག་གི་ལོ་ལུ་ བླ་མ་ཁྲི་པའི་ཁྲི་ཐོག་ལུ་བྱོན་གནང་ནུག། བླམ་ཁྲི་པའི་གོ་གནས་བཞེས་གནང་བའི་ཤུལ་མ་ སྡེ་སྲིད་རིམ་བྱོན་ཚུ་ལུ་ ཆོས་སྲིད་དང་འབྲེལ་བའི་ཕྱག་ལག་ག་ཅི་བཟུམ་ཅིག་ར་གནང་རུང་ དགེ་བའི་བྱ་བ་ལས་མ་ལོག་པར་གནང་དགོ་པའི་བཀའ་སློབ་ཚུ་གནང་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ ཧེ་མ་ལས་ཡོད་མི་མཛད་སྒོའི་རིམ་པ་ཚུ་ཡང་གཙོ་བོ་བཟུང་སྟེ་རྒྱལ་ཁབ་སྐྱོང་གནང་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་ཤུལ་གྱི་་མཛད་པ།[ཞུན་དག།]

སྡེ་སྲིད་བཅུ་བདུན་པ་ས་སྐྱོང་མི་དབང་ཀུན་དགའ་རིན་ཆེན་མཆོག་ སྡེ་སྲིད་ཀྱི་ཁྲི་ལུ་ར་གློ་བུར་དུ་གཤགས་སོཔ་ལས་ སྡེ་ཁྲི་གཟུང་མི་མེདཔ་ལས་ རྗེ་མཁན་ཁྲི་རབས་བཅུ་བཞི་པ་བསྟན་འཛིན་རྣམ་རྒྱལ་དང་ གྲྭ་ཚང་ལྷན་རྒྱས་ཀྱི་ཚོགས་པ་ཚུ་འཛོམས་ཐོག་ལས་ བླམ་ཁྲི་པའི་གོ་གནས་བཞེས་བཞུགས་མི་ས་སྐྱོང་མི་དབང་འཇིགས་མེད་སེང་གེ་མཆོག་ སྡེ་སྲིད་བཅོ་བརྒྱད་པའི་ཁྲི་ཐོག་ལུ་ སྤྱི་ལོ་ ༡༧༧༦ གི་ལོ་ལུ་ ཁྲི་མངའ་གསོལ་ཞུ་ནུག། དེའི་ཤུལ་ལས་ ས་སྐྱོང་གི་དྲིན་ཅན་གྱི་རིགས་བདག་ རྒྱལ་བ་ཤཱཀྱ་རིན་ཆེན་གྱི་གདན་ས་ ཕོ་ཇོ་སྡིངས་ཀྱི་གོང་འཕེལ་ལུ་གཟིགས་ཏེ་ རྟ་མགོའི་རྫོང་ཉམས་ཆག་ཤོར་ཡོད་མི་འདི་ རྩ་བ་ལས་ར་གསར་བཞེངས་མཛད་གནང་ནུག། དེ་མ་ཚད་ གདན་ས་བཀྲ་ཤིས་ཆོས་རྫོང་གི་ཀུན་ར་ཡང་ ལེགས་བཅོས་མཛད་དེ་ ཞབས་ཏོག་ཞུ་གནང་ནུག། དེ་བཟུམ་སྦེ་ འབྲུག་གི་རྫོང་དང་ལྷ་ཁང་མགོན་པ། དེ་ལས་ མཆོད་རྟེན་མང་རབས་ཅིག་ ཉམས་བཅོས་དང་གསར་བཞེངས་ཀྱི་ཕྱག་ལཱ་ཚུ་ཡང་མཛད་གནང་ནུག། དེ་དང་གཅིག་ཁར་ སྤྱི་ལོ ༡༧༨༠ གི་ལོ་ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་འདི་རྩ་བ་ལས་ མེ་མཆོད་བཞེས་ཡོད་མི་འདི་ཡང་ རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད་གནང་ནུག།

རྗེ་མཁན་གྱི་ཁྲི་མཁའ་གསོལ་ཞུ་ཡོདཔ།[ཞུན་དག།]

རྗེ་མཁན་ཁྲི་རབས་བཅུ་བཞི་པ་རྗེ་བསྟན་འཛིན་རྣམ་རྒྱལ་མཆོག་ ནང་འཁྲུག་ལུ་བརྟེན་ཏེ་ ཐུགས་ཕམ་བྱུང་བའི་རྐྱེན་གྱིས་ སྤྱི་ལོ་ ༡༧༨༡ ལྕགས་གླང་གི་ལོ་ལུ་ ཁྲི་ཐོག་ལུ་ར་དགོངས་པ་རྫོགས་སོཔ་ལས་ སྒྲ་སློབ་ཀུན་བཟང་རྒྱལ་མཚན་མཆོག་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་བཅོ་ལྔ་པའི་ཁྲི་ཐོག་ལུ་ མངའ་གསོལ་མཛད་གནང་ཡོད་རུང་ རང་ལུགས་གནམ་ལོ་ཤིང་འབྲུག་ སྤྱི་ལོ་ ༡༧༨༤ གི་ལོ་ལུ་ སྐུ་གཟུགས་མ་བདེ་བ་ལུ་བརྟེན་ཏེ་ མཁན་ཁྲི་ལས་དགོངས་ཞུ་མཛད་ཞིནམ་ལས་ ཁྲི་ཐོག་ལུ་བཞུགས་མི་མེད་པར་སྡོད་པའི་ནམ་དུས་ལུ་ དཔལ་ཤེས་རབ་སེང་གེ་མཆོག་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ནང་གདན་འདྲེན་ཞུ་ཞིནམ་ལས་ རྗེ་མཁན་ཁྲི་རབས་བཅུ་དྲུག་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག།

ཁྱིམ་ཚང་རྒྱལ་ཁབ་དང་མཐུན་འབྲེལ།[ཞུན་དག།]

འབྲུག་རྒྱལ་ཁབ་འདི་ རྒྱ་གཞུང་དང་བོད་ཀྱི་དོན་ལུ་ ཚོང་ལམ་བཟུམ་ཅིག་སྦེ་ལག་ལེན་འཐབ་དོ་ཡོདཔ་དང་ སྡེ་སྲིད་འདིའི་སྐབས་ལུ་ཡང་ ཚོང་འབྲེལ་གྱི་དོན་ལུ་ རྒྱ་གཞུང་ལས་བོད་ལུ་འགྱོ་མི་དོ་དམ་གྱིས་གཙོས་པའི་རྒྱ་མི་ལེ་ཤ་ཅིག་ར་འཐོན་དོ་ཡོདཔ་ཨིན་པས། འབྲུག་དང་རྒྱ་གཞུང་གཉིས་ཀྱི་མཐུན་འབྲེལ་འདི་ སྔར་བ་ལྷགཔ་སྦེ་ཡར་རྒྱས་གཏང་ཐབས་ལུ་ ཚོང་འབྲེལ་འཐབ་པར་འགྱོ་མི་ཚུ་ལུ་ སྡེ་སྲིད་མཆོག་གིས་ ཆ་རོགས་དང་གྲོགས་རམ་མཛད་བྱིན་ཡོདཔ་མ་ཚད་ རྒྱ་གཞུང་གིས་འབྲུག་གཞུང་ལུ ཚོང་ལམ་གྱི་ངོས་ལེན་མཛད་དགོ་པའི་ཞུ་བ་ཕུལཝ་བཞིན་དུ་ འབྲུག་གཞུང་གིས་ཡང་ངོས་ལེན་མཛད་ཡོདཔ་ཨིན་མས། འདི་དང་གཅིག་ཁར་ ཧེ་མ་རྒྱ་གཞུང་གིས་ དབང་ཡོད་མི་ འབྲུག་པའི་ས་ཆ་ཚུ་ལོག་བྱིན་དགོཔ་སྦེ་བཟོ་སྟེ་ རྒྱལ་ཁབ་ག་ལུ་ཡང་རྒུད་མ་ཕོགཔ་མ་ཚད་ མཐུན་ལམ་རྒྱུན་སྐྱོང་ལུ་ཡང་ཕན་ཐོགས་སྦོམ་བྱུང་ཚུགས་པའི་མཐུན་ལམ་བཟོ་གནང་ནུག། དེ་མ་ཚད་ མཐུན་འབྲེལ་ཟབ་རྒྱས་ཀྱི་དོན་ལུ་ ཁྱིམ་ཚང་རྒྱལ་ཁབ་ གོརྵའི་རྒྱལ་པོ་ཁྲི་མངའ་གསོལ་ཞུ་ས་ལུ་ཡང་ བཅའ་མར་གཏོགས་གནང་ཡོདཔ་ཨིན་པས།

བསྟན་པ་ལུ་ཕན་ཐོགས་པའི་མཛད་པ།[ཞུན་དག།]

སྤྱི་ལོ་ ༡༧༨༠ གི་ལོ་ལུ་ སྤུ་ན་ཁ་རྫོང་མེ་མཆོད་བཞེས་མི་འདི་ ལོག་གསར་བཞེངས་མཛདཔ་དང་གཅིག་ཁར་ བཀའ་དྲིན་བླ་ན་མེད་པའི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དོན་ལུ་ མཛད་བརྒྱ་དཔག་བསམ་འཁྲི་ཤིང་གི་ལོགས་བྲིས་ གསར་བཞེངས་མཛད་གནང་ནུག། གདན་ས་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ལུ་ ད་ལྟོའི་བར་ན་ཡང་མཇལ་ནི་ཡོད་མི་ སངས་རྒྱས་ཐུབ་པའི་དབང་པོ་གི་མཐོང་གྲོལ་ གསར་བཞེངས་མཛད་མི་གི་རབ་གནས་ཡང་ ཞབས་དྲུང་ཐུགས་སྤྲུལ་གཉིས་པ་ ཆོས་ཀྱི་རྒྱལ་མཚན་དང་ མཁན་སློབ་འདུས་ཚོགས་ལུ་གནང་བཅུག་ནུག། དེ་བཟུམ་སྦེ་ ཀུན་མཁྱེན་པདྨ་དཀར་པོ་གི་བཀའ་འབུམ་ཡོངས་རྫོགས་ཅིག་ གསར་སྐྲུན་གྱི་ཕྱག་ལཱ་ཡང་ དབུ་བཙུགས་མཛད་གནང་ནུག། དེ་དང་འདྲཝ་སྦེ་ ཡང་སྲིད་མང་རབས་ཅིག་གི་ངོས་འཛིན་ཚུ་མཛད་དེ་ ཁྲི་མངའ་གསོལ་མཛད་གནང་ནུག།

སྡེ་སྲིད་ཀྱི་མཛད་པ་མཐའ་མ།[ཞུན་དག།]

ས་སྐྱོང་འཇིགས་མེད་སེང་གེ་མཆོག་སྡེ་ཁྲི་ལུ་བཞུགས་ཏེ་ ལོ་བཅུ་གསུམ་དེ་ཅིག་ལངས་མི་ནང་ཟིང་དང་ བླ་མའི་ཡང་སྲིད་ཚུ་གི་བར་ན་ ཆགས་སྡང་ཡོད་མི་ལུ་ ཐུགས་བསུན་ཏེ་ཞེན་པ་ལོག་པའི་ཁར་ ལྷ་དང་བླ་མའི་ལུང་བསྟན་ཡང་བབས་མི་ལུ་བརྟེན་ཏེ་ སྤྱི་ལོ་ ༡༧༨༩ གི་ལོ་ལུ་ མཁན་ཆེན་ཚུ་གིས་ཞུ་བ་ནན་བསྐྱར་ཞུ་རུང་ གསན་མ་བཏུབ་པར་དགོངས་ཞུ་མཛད་གནང་ནུག།

དགོངས་ཞུ་མཛད་པའི་ཤུལ་མའི་མཛད་པ།[ཞུན་དག།]

མི་ཕམ་དབང་པོའི་ཡང་སྲིད་ཀྱི་སྐུ་སྐྱེས་འཁྲུལ་བ་མེདཔ་སྦེ་བསྒྲུབས་མི་ གོང་ས་འཇིགས་མེད་སེང་གེ་མཆོག་ སྡེ་ཁྲི་ལས་དགོངས་ཞུ་མཛད་པའི་ཤུལ་མ་ ཙཱ་རི་ལུ་གནས་གཟིགས་པར་བྱོན་ཡོདཔ་དང་ ལོག་སྟེ་འབྲུག་ལུ་ཕེབས་ཞིནམ་ལས་ བསམ་ཡས་མཆིམས་ཕུ་ལུ་ ཐུགས་དམ་གནང་བཞུགས་པའི་ཤུལ་མ་ སྤྱི་ལོ་ ༡༧༨༩ དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་སོ་ནུག་གོ།


སྡེ་སྲིད་ཁྲི་རབས་བཅུ་དགུ་པ་ས་སྐྱོང་སངས་རྒྱས་བསྟན་འཛིན་གྱི་མཛད་རྣམ།[ཞུན་དག།]

སྐུ་འཁྲུངས་པའི་སྐོར།[ཞུན་དག།]

སྡེ་སྲིད་མཆོག་ཝང་ཚོ་ཆེན་བརྒྱད་ཀྱི་ཝང་སི་སི་ཟེར་སའི་གཡུས་ཚན་ནང་སྐུ་འཁྲུངས་ནུག། ཁོ་འཁྲུངས་པའི་དུས་ལུ་ མཚན་འབྲུག་བསྟན་འཛིན་ཟེར་གསོལ་ཡོད་རུང་ ཤུལ་ལས་ཁོ་ར་ གཏེར་སན་ཤེས་རབ་མེ་འབར་ལས་ དགེ་བསྙེན་ཡོངས་རྫོགསཀྱི་སྡོམ་པ་ཞུ་བའི་ཤུལ་མ་ མཚན་ སངས་རྒྱས་བསྟན་འཛིན་ཟེར་ཞུ་གསོལ་དར་ནུག། དེ་ལས་ སྡེ་སྲིད་མཆོག་སྐུ་ན་ཆུང་ཀུའི་བསྒང་ལས་ར་ ཆོས་རྗེ་འབྲུག་པའི་སྒོར་བཞུགས་ཏེ་ ཆོས་སྲིད་ཀྱི་རྣམ་གཞག་ལུ་ སྦྱང་བ་ཚུད་སོཔ་ལས་ གཞུང་གི་ཕྱག་འགན་མང་ཤོས་ར་བཞེས་གནང་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་བློ་རྒྱུས།[ཞུན་དག།]

རང་ལུགས་གནམ་ལོ་ས་བྱ་ཟླཝ་ ༡༡ པ་ སྤྱི་ལོ་ ༡༧༨༩ གི་ལོ་ལུ་ སྡེ་སྲིད་འཇིགས་མེད་སེང་གེ་གིས་ ཐུགས་ཐག་རང་བཅད་ཀྱི་ཐོག་ལས་ སྡེ་སྲིད་སྤངས་བའི་ཤུལ་མ་ སྡེ་སྲིད་བགྲེསཔ་བསོད་ནམས་ལྷུན་གྲུབ་ཀྱི་ཕྱོགས་གཏོགས་ཚུ་གིས་ དགེ་འདུན་དམངས་ལུ་ རྒྱབ་སྐྱོར་གནང་དགོ་པའི་ཞུ་བ་ཕུལཝ་ད་ རྗེ་ཤེས་རབ་བསྟན་འཛིན་གྱིས་རྒྱབ་སྐྱོར་མཛད་ནི་ལུ་གསན་མ་བཏུབ་པར་ དབང་འདུས་རྫོང་ལས་ ཟིང་འཁྲུག་ལོང་ནི་འགོ་བཙུགས་ཏེ སྤུངས་རྫོང་པ་སངས་རྒྱས་བསྟན་འཛིན་དང་ ཟིང་འཁྲུག་ཤུགས་སྦེ་ར་ལངས་ནུག། དེའི་སྐབས་ སྡེ་སྲིད་བགྲེསཔ་གི་ཕྱོགས་གཏོགས་ཚུ་ རྒྱལ་ཁ་འཐོབ་མ་ཚུགསཔ་མ་ཚད་ སྡེ་ཁྲི་ལུ་འབྱོན་ཚུགས་མི་ ནུས་ཤུགས་ཅན་ག་ཡང་མེད་མིལུ་བརྟེན་ཏེ་ ཝང་ཚོ་ཆེན་གྱི་རྒས་ཤོས་ཚུ་གིས་ ལོག་ཅི་ར་ཞུ་བ་ཕུལཝ་བཞིན་དུ་ རྗེ་ཤེས་རབ་བསྟན་འཛིན་དང་ དགེ་འདུན་འདུས་ཚོགས་ཀྱིས་ཐུགས་ཐག་བཅད་དེ་ སྤུངས་རྫོང་པ་སངས་རྒྱས་བསྟན་འཛིན་ (འབྲུག་བསྟན་འཛིན་) འདི་ སྤྱི་ལོ་ ༡༧༨༩ གི་ལོ་ལུ་ སྤུ་ན་ཁ་ལུ་སྦེ་ སྡེ་སྲིད་ཁྲི་རབས་བཅུ་དགུ་པའི་ཁྲི་ཐོག་ལུ་ མངའ་གསོལ་ཞུ་ནུག།

སྡེ་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྤུངས་རྫོངཔ་སྡེ་ཁྲི་ལུ་བྱོན་པའི་ཤུལ་ལུ་ དང་པ་ར་རྒྱལ་ཁབ་ནང་ འགོ་དཔོན་ཚུ་གི་བར་ན་ ནང་ཟིང་བྱུང་ཡོད་མི་འདི་ ཕྱི་སེལ་རྐྱབ་ཐབས་ལུ་ ཕྱག་འགན་བཞེས་ཏེ་ བསམ་སྦྱོར་མཐུན་མི་འགོ་དཔོན་ཙང་ཙ་མ་གཏོགས་ མ་མཐུན་མི་ཚུ་ག་ར་རྩ་མེད་བཏང་སྟེ་ རྒྱལ་ཁབ་འདི་སྐབས་ཅིག་ཞི་བར་སྐྱོང་ནུག།

ནང་རྟེན་གསར་བཞེངས་དང་སྦྱིན་བདག་མཛད་པའི་སྐོར།[ཞུན་དག།]

སྡེ་སྲིད་མཆོག་ གསོལ་ཐབ་ཐིམ་ཕུག་ལུ་ཕེབས་ད་ རྗེ་ཤེས་རབ་སེང་གེ་ལས་ དགེ་བསྙེན་ཡོངས་རྫོགས་ཀྱི་སྡོམ་པ་ཞུ་ཡོདཔ་དང་ དེ་གི་ཤུལ་ལས་ ཧེ་མ་རྗེ་མཁན་ཁྲི་རབས་བཅུ་གསུམ་པ་རྗེ་ཡོན་ཏན་མཐའ་ཡས་ཀྱི་ལཱ་འཕྲོ་ལུས་ཡོད་མི་ སྤུ་ན་ཁ་རྫོང་ནང་གི་གསེར་ཟངས་ཀྱི་བདེ་མཆོག་གི་སྐུ་བསྙེན་འདི་ བརྩོན་ཤུགས་བསྐྱེད་ཐོག་ལས་ མཇུག་བསྡུ་གནང་ནུག། དེ་ལས་ མདོ་སྡེ་བྲག་ལུ་ གསེར་ཟངས་ཀྱི་སྟོན་པའི་སྐུ་འདྲ་ གསར་བཞེངས་མཛད་གནང་ཡོདཔ་དང་ འབྲས་ལ་ལུ་ དུས་གསུམ་སངས་རྒྱས་ཀྱི་སྐུ་འདྲ་ ཐོག་གཉིས་འབད་མི་ཅིག་ཡང་གསར་བཞེངས་མཛད་གནང་ནུག། ཧེ་མ་ལས་ སྤུ་ན་ཁ་རྫོང་དང་གླང་དཀར་པོ་མགོན་པ་ལུ་ བཀའ་འགྱུར་དང་བསྟན་འགྱུར་ཡོད་དེ་འབད་རུང་ ཁ་གསལ་ཏོག་ཏོ་སྦེ་་མེདཔ་ལས སྡེ་པ་ཁོ་གི་སྐབས་ལུ་ བཀའ་འགྱུར་དང་བསྟན་འགྱུར་གཉིས་ཆ་ར་ གསར་བཞེངས་མཛད་གནང་ནུག། དེ་དང་གཅིག་ཁར་ རྗེ་ཤཱཀྱ་རིན་ཆེན་གྱི་གདན་ས་གི་དར་རྒྱས་ལུ་དམིགས་ཏེ་ རྗེ་ཁོ་རའི་ལུང་བསྟན་དང་བཀའ་སློབ་དང་འཁྲིལ་ཏེ་ སྡེ་སྲིད་མཆོག་གིས་ ཕ་ཇོ་སྡིངས་ལུ་སྦེ་ འོག་མིན་གཉིས་པ་ཟེར་བའི་ལྷ་ཁང་ཅིག་ གསར་བཞེངས་མཛད་གནང་ནུག། དེ་མ་ཚད་ སྤྱི་ལོ ༡༧༩༡ པའི་ལོ་ལུ་ སྤྲུལ་སྐུ་ཕྲིན་ལས་རབ་རྒྱས་ལུ་ཞུ་བ་ཕུལཝ་བཞིན་དུ་ བཀའ་འགྱུར་གྱི་ལུང་གནང་བའི་འཕྲོ་ལུ་ར་ གསོལ་ཐབ་སྤུ་ན་ཁ་ལུ་ཕེབས་རནམ་ལས་ སྡེ་སྲིད་མཆོག་གིས་ ལུང་གནང་མི་ལས་གཙོས་པའི་ཆོས་ཞུ་མི་ག་ར་ལུ་ བྱིན་བདག་མཛད་གནང་ནུག།

དགོངས་པ་རྫོགས་པའི་སྐོར།[ཞུན་དག།]

སྡེ་སྲིད་ཁོ་གིས་སྦྱིན་བདག་མཛད་ཐོག་ལས་ བཀའ་འགྱུར་གྱི་ལུང་གནང་ཡོད་པའི་སྐབས་ལུ་ སྡེ་སྲིད་མཆོག་གི་སྐུ་གཟུགས་ལུ་ བསྙུང་གཞི་བཞེས་ཏེ་ སྨན་བཅོས་དང་རིམ་གྲོ་ག་དེམ་ཅིག་འབད་རུང་ ཕན་མ་ཚུགསཔ་ལས་ སྡེ་སྲིད་ལས་དགོངས་ཞུ་མཛད་ཡོདཔ་དང་ ཁོ་གི་ཚབ་ལུ་ སྡེ་སྲིད་ཁོ་རའི་སྐུ་ཚ་བོ་ གཟིམ་དཔོན་བཀྲ་ཤིས་རྣམ་རྒྱལ་ ཁྲི་ཐོག་ལུ་བཏོན་པའི་ཤུལ་མ་ སྤྱི་ལོ་ ༡༧༩༢ གི་ལོ་ལུ་ དགོངས་པ་རྫོགས་སོ་ནུག་གོ།།


སྡེ་སྲིད་ཁྲི་རབས་ཉི་ཤུ་པ་བཀྲ་ཤིས་རྣམ་རྒྱལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་པ།[ཞུན་དག།]

སྡེ་སྲིད་ཉི་ཤུ་པ་བཀྲ་ཤིས་རྣམ་རྒྱལ་མཆོག་ ཝང་ཚོ་ཆེན་བརྒྱད་ཀྱི་ཝང་སི་སི་ན་ལུ་ ཡབ་རྒེད་པོ་དཀར་པོའི་སྲས་ལུ་སྐུ་འཁྲུངས་ཏེ་ མཚན་བཀྲ་ཤིས་རྣམ་རྒྱལ་ཟེར་གསོལ་གནང་ནུག། ཨིན་རུང་ ཤུལ་ལས་ ཁོང་ར་སྡེ་ཁྲི་ལུ་འབྱོནམ་ད་ ཞབས་དྲུང་གསུང་སྤྲུལ་གསུམ་པ་ འཇིགས་མེད་གྲགས་པ་གིས་ ཁོ་གི་མཚན་ བསོད་ནམས་རྒྱལ་མཚན་ཟེར་གསོལ་གནང་ནུག། སྡེ་སྲིད་མཆོག་ སྐུ་ན་ཆུང་ཀུ་ཅིག་ལས་ར་ ཁོ་རའི་ཨ་ཁུ་སྡེ་སྲིད་སངས་རྒྱས་བསྟན་འཛིན་གྱི་ཕྱག་ཞུ་སྟེ་ དཔལ་ལྡན་འབྲུག་པའི་ཆོས་སྲིད་ཀྱི་རྣམ་གཞག་ལུ་ མཁས་པ་སྦྱངས་ཡོདཔ་དང་ ཤུལ་མ་སྡེ་པ་བསྟན་འཛིན་རྣམ་རྒྱལ་ སྡེ་ཁྲི་ལུ་འབྱོནམ་ད་ བཀྲ་ཤིས་རྣམ་རྒྱལ་འདི་ གོང་གཟིམ་གྱི་གོ་གནས་ལུ་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲི་ལུ་བྱོན་པའི་བློ་རྒྱུས།[ཞུན་དག།]

སྡེ་སྲིད་བཅུ་དགུ་པ་སངས་རྒྱས་བསྟན་འཛིན་མཆོག་ སྐུ་བསྙུངས་ཏེ་ སྨན་བཅོཤ་དང་རིམ་གྲོ་ག་ཅི་ར་འབད་རུང་ ཕན་ཐོགས་མ་ཚུགས་པར་ སྤྱི་ལོ ༡༧༩༢ གི་ལོ་ལུ་ སྡེ་པ་ཁོ་རའི་སྐུ་ཚབ་སྦེ་ ཁོ་གི་སྐུ་ཚ་བོ་གོང་གཟིམ་བཀྲ་ཤིས་རྣམ་རྒྱལ་འདི་ སྡེ་སྲིད་ཉི་ཤུ་པའི་ཁྲི་ཐོག་ལུ་བསྐོ་བཞག་མཛད་གནང་ནུག། ཨིན་རུང་ ཨ་ཁུ་ཞིང་ལུ་བྱོན་པའི་ཤུལ་མ་ ཆགས་སྡང་དང་ཕྱོགས་རིས་ཡོད་མི་ཚུ་གིས་ འདི་ལུ་ངོས་ལེན་མ་འབད་བར་ དབུ་མཛད་སྐྱབས་ཁྲ་པ་ཡང་སྡེ་ཁྲི་ལུ་བསྐོ་བཞག་མཛད་དེ་ སྡེ་སྲིད་ཀྱི་གོ་གནས་ཁར་ ཁོང་གཉིས་བཞུགས་དགོཔ་ཐོན་ནུག།

སྡེ་སྲིད་མཆོག་གི་མཛད་རྣམ།[ཞུན་དག།]

གོང་གཟིམ་བཀྲ་ཤིས་རྣམ་རྒྱལ་མཆོག་ སྡེ་ཁྲི་ལུ་བྱོན་པའི་ཤུལ་ལས་ དང་པ་ར་ ཆོས་ལུགས་བདག་འཛིན་འཐབ་མི་ སྐྱབས་རྗེའི་སྐུ་ཚབ་མཛད་མི་ རྡོར་སློབ་མེདཔ་ལས་ སྤྱི་ལོ་ ༡༧༩༢ ཀྱི་ལོ་ནང་ གསོལ་ཐབ་སྤུ་ན་ཁ་ལུ་བཞུགསཔ་ད་ དཀྱིལ་སློབ་འཇམ་དབྱངས་རྒྱལ་མཚན་མཆོག་ རྡོར་སློབ་ཀྱི་ཁྲི་ཐོག་ལུ་མངའ་གསོལ་མཛད་གནང་ནུག། འབྲུག་རྒྱལ་ཁབ་འདི་ སྡེ་སྲིད་གོང་མ་ཚུ་གི་བཀའ་དྲིན་ལས་ གོརྵ་རྒྱལ་ཁབ་དང་འབྲེལ་བ་སྦོམ་ཡོདཔ་ལས་ གོརྵའི་དམག་སྡེ་ཚུ་ སྤྱི་ལོ་ ༡༧༨༧ ལས་འགོ་བཙུགས་ སྤྱི་ལོ་ ༡༧༩༡ ཚུན་ བོད་དམག་ལུ་འགྱོ་ཡོདཔ་ཨིན་རུང་ གོརྵའི་དམག་འདི་ ལྷ་ས་ལུ་ལྷོདཔ་ད་ བོད་དམག་གིས་ རྒྱ་ནག་ལས་རྒྱབ་སྐྱོར་ལེན་ཏེ་ བོད་དམག་ཕམ་མ་ཚུགསཔ་མ་ཚད་ གོརྵའི་རྒྱལ་ཁབ་ཀྱི་རང་དབང་ལུ་ཡང་ཉེན་ཁ་སྦོམ་ཐོན་ཡོདཔ་ཨིན་མས། དེ་ལུ་ ནང་འགྲིག་འབད་བར་ འབྲུག་རྒྱལ་ཁབ་ལས་ སྡེ་པ་ཁོང་གི་སྐུ་ཚབ་སྦེ་ དྲུང་ཆེན་བཏང་སྟེ་ ནང་འགྲིག་རྐྱབ་སྟེ་ མཐུན་འབྲེལ་སྦོམ་ར་བཟོ་གནང་ནུག། དེ་གིས་མ་ཚད་ བོད་དང་གོརྵ་རྒྱལ་ཁབ་གཉིས་ཀྱི་བར་ན་ དམག་འཁྲུག་ལངམ་ད་ བོད་ཀྱི་འབྲས་ལྗོངས་ལས་རྒྱབ་སྐྱོར་ལེན་ཏེ་ དམག་འཁྲུག་ལང་བའི་སྐབས་ འབྲས་ལྗོངས་ཀྱི་ས་ཆ་གོརྵ་ལུ་ཤོར་ཡོད་མི་འདི་ཡང་ ལོག་སྟེ་འབྲས་ལྗོངས་ལུ་རྩིས་སྤྲོད་ཡོདཔ་དང་ ཆིངས་འགྲིག་ཡང་བཟོ་ནུག།

རྟེན་དང་བརྟེན་པ་ལུ་བསྙེན་བཀུར།[ཞུན་དག།]

སྡེ་སྲིད་མཆོག་ རྒྱལ་ཁབ་ཀྱི་མཐུན་འབྲེལ་དང་ རང་དབང་ལུ་གཙོ་བོ་བཏོན་མི་ཅིག་ཨིནམ་མ་ཚད་ ཆོས་ལུ་ཡང་ དད་པ་སྦོམ་ཡོད་མི་ཅིག་ཨིན་པས། དེ་འབད་ནི་འདི་གིས་ སྡེ་སྲིད་མཆོག་གིས་ ཆོས་དང་འབྲེལ་བའི་ཕྱག་ལཱ་ མང་རབས་ཅིག་མཛད་གནང་ནུག། དེའི་ནང་ལས་ དང་པ་ར་ སྤུ་ན་རྫོང་ནང་གི་ཞབས་དྲུང་རིན་པོ་ཆེའི་གོས་སྐུ་མཐོང་གྲོལ་གསར་བཞེངས་མཛད་ཡོདཔ་དང་ རབ་གནས་ཡང་རྒྱས་ཤིང་རྒྱསཔ་མཛད་དེ་ སྤུ་ན་རྫོང་ལུ་ རྩིས་སྤྲོད་མཛད་གནང་ནུག། དེ་དང་གཅིག་ཁར་ བདེ་མཆོག་དཀྱིལ་འཁོར་གསེར་ཟངས་ལས་བསྒྲུབས་མི་ཅིག་ སྤུ་ན་རྫོང་གི་བླ་མ་ལྷ་ཁང་ནང་གི་ནང་རྟེན་སྦེ་གསར་བཞེངས་མཛད་གནང་ནུག། དེ་གིས་མ་དོ་བར་ བླམ་རྩ་ཅན་དཔལ་ཤེས་རབ་སེང་གེ་མཆོག་ ན་ལནྡ་ལུ་དགོངས་པ་རྫོགས་མི་འདི་ཡང་ སྐུ་གདུང་འབྲུག་ལུ་གདན་འདྲེན་ཞུ་སྟེ་ དགོངས་རྫོགས་རྒྱས་པར་བསྒྲུབས་གནང་ནུག། དེ་མ་ཚད་ ཞབས་དྲུང་ཐུགས་སྤྲུལ་གསུམ་པ་ འཇིགས་མེད་གྲགས་པ་མཆོག་ སྡེ་སྲིད་ཀྱིས་འགོ་འདྲེན་ཐོག་ལས་ ངོས་འཛིན་འཁྲིལ་མེདཔ་སྦེ་བསྒྲུབས་ཏེ་ བླ་མ་ཁྲི་པའི་གསེར་ཁྲི་ལུ་མངའ་གསོལ་མཛད་གནང་ཡོདཔ་ཨིན་པས།

སྡེ་ཁྲི་ལས་དགོངས་ཞུ་མཛད་པའི་སྐོར།[ཞུན་དག།]

སྡེ་སྲིད་བསོད་ནམས་རྒྱལ་མཚན་དང་ སྡེ་སྲིད་དབུ་མཛད་སྐྱབས་ཁྲ་པ་གཉིས་ སྡེ་སྲིད་ཟུང་འབྲེལ་སྦེ་བཞུགས་པའི་བར་སྐབས་ཅིག་ལས་ སྡེ་སྲིད་དབུ་མཛད་སྐུ་བསྙུངས་ཏེ་གསོལ་ཐབ་ཐིམ་ཕུག་ལུ་བཞུགསཔ་ད་ དགོངས་པ་རྫོགས་སོ་པའི་ཁར་ སྡེ་སྲིད་བསོད་ནམས་རྒྱལ་མཚན་ཁོ་ར་ཡང་ ནང་ཟིང་བྱུང་མི་ལུ་གཟིགས་ཏེ་ ཐུགས་ཕམ་སྟེ་ཟུར་བཞུགས་མཛད་གནང་ནུག།

སྡེ་ཁྲི་སྤངས་བའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་ སྡེ་ཁྲི་ལས་ཟུར་བཞུགས་མཛད་ཡོད་རུང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ཕྱག་ལཱ་མཛད་ནི་འདི་ བཀོ་མ་བཞག་པར་ ཀུན་མཁྱེན་པདྨ་དཀར་པོ་གི་བཀའ་འབུམ་ཆོས་ཚན་ཆ་ཚང་ཅིག་ པར་བརྐོ་བའི་སྐབས་ སྦྱིན་བདག་མཛད་གནང་ནུག། ཤུལ་མ་ སྤུ་ན་ཁ་རྫོང་མེ་མཆོད་ཐེངས་གཉིས་པ་བཞེས་ཏེ་ བསྐྱར་བཞེངས་མཛད་པའི་སྐབས་ལུ་ཡང་ རྒྱབ་སྐྱོར་མཛད་གནང་ཡོདཔ་མ་ཚད་ སྤུ་ན་ཁ་གི་འཛམ་གླིང་དགའ་ཚལ་ཕོ་བྲང་ཉམས་ཆག་ཤོར་ཡོད་མི་འདི་ཡང་ བསྐྱར་བཞེངས་མཛད་གནང་སྟེ་ མིང་ཡང་བསོད་ནམས་དགའ་ཚལ་ཟེར་བཏགས་གནང་ནུག། སྡེ་སྲིད་མཆོག་ ནང་ཟིང་ལུ་བརྟེན་ཏེ་ སྡེ་ཁྲི་ལས་ཟུར་བཞུགས་མཛད་གནང་ཡོད་རུང་ སྤྱི་ལོ་ ༡༨༠༣ ཟུར་བཞུགས་མཛད་དེ་ ལོ་བརྒྱད་ལངས་པའི་ཤུལ་ལས་ ལོག་སྟེ་ར་ སྡེ་སྲིད་ཁྲི་རབས་ཉེར་གསུམ་པའི་ཁྲི་ཐོག་ལུ་བྱོན་གནང་ནུག།

སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་གཅིག་པ་ས་སྐྱོང་མི་དབང་དབུ་མཛད་སྐྱབས་ཁྲ་པའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

ས་སྐྱོང་མི་དབང་དབུ་མཛད་སྐྱབས་ཁྲ་པ་མཆོག་ ཐིམ་ཕུག་སྐྱབས་ཁྲ་ལུ་སྐུ་འཁྲུངས་ཏེ་ སྐུ་ན་ཆུང་ཀུའི་དུས་སྐབས་ལས་ སྐུ་ཡོན་དང་སྒྲིག་ལམ་ཆོས་གསུམ་གྱི་སྦྱང་བ་ཚུ་དང་ དཀྱིལ་ཆོག་གི་དབྱངས་ཐིག་གར་གསུམ་ཚུ་ གྲྭ་ཚང་འདུས་སྡེ་ལུ་བཞུགས་ཏེ་མཐར་ཕྱིན་ཡོདཔ་ལས་ གྲྭ་ཚང་ནང་དབུ་མཛད་ཀྱི་གོ་གནས་བཞེས་ཏེ་བཞུགས་ནུག།

སྤྱི་ལོ་ ༡༧༩༢ ཟླཝ་ ༡༢ པའི་ནང་ སྡེ་སྲིད་ཁྲི་རབས་ ༡༩ པ་སངས་རྒྱས་བསྟན་འཛིན་མཆོག་ སྐུ་བསྙུངས་ཏེ་སྡེ་སྲིད་ཀྱི་ཁྲི་ཐོག་ལས་དགོངསམ་ཞུཝ་ད་ ཁོ་རའི་སྐུ་ཚ་བོ་བཀྲ་ཤིས་རྣམ་རྒྱལ་ སྡེ་སྲིད་ ༢༠ པའི་ཁྲི་ཐོག་ལུ་བསྐོ་བཞག་གནང་པའི་ཤུལ་ལས་ ཟླཝ་དག་པ་ཅིག་སྲིད་སྐྱོང་སྟེ་བཞུགས་པའི་མཐའ་མ་གཤགས་སོཔ་ལས་ ཕྱོགས་རིས་ཅན་ཚུ་གིས་དབུ་མཛད་སྐྱབས་ཁྲ་པ་སྡེ་སྲིད་ཉི་ཤུ་རྩ་གཅིག་པའི་ཁྲི་ལུ་མངའ་གསོལ་ཞུ་གནང་ནུག

སྡེ་སྲིད་མཆོག་གི་མཛད་རྣམ་དང་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་དབུ་མཛད་སྐྱབས་ཁྲ་པ་དང་ བསོད་ནམས་རྒྱལ་མཚན་གཉིས་ སྡེ་ཁྲི་ཟུང་འབྲེལ་སྦེ་སྲིད་སྐྱོང་མཛད་དེ་བཞུགས་ཡོདཔ་ལས་ སྡེ་སྲིད་མཆོག་ཁྲི་ཐོག་ལུ་ལོ་གསུམ་དེ་ཅིག་བཞུགས་ཡོད་རུང་ སྡེ་སྲིད་དབུ་མཛད་སྐྱབས་ཁྲ་པའི་མཛད་པ་ལོགས་སུ་ཅིག་བཀོད་ཡོད་མི་འདི་མཇལ་སར་མིན་འདུག།

རྡོ་རྗེ་སློབ་དཔོན་འཇམ་དབྱངས་རྒྱལ་མཚན་མཆོག་ གདན་ས་མདོ་སྡེ་བྲག་ལུ་བཞུགས་པའི་སྐབས་ལུ་ སྡེ་སྲིད་དབུ་མཛད་སྐྱབས་ཁྲ་པ་མཆོག་ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ལུ་ སྐུ་བསྙུངས་ཏེ་བཞུགས་ཡོདཔ་གསན་ཏེ་ རྡོ་རྗེ་སློབ་དཔོན་གདན་འདྲེན་ཞུ་སྟེ་ སྐུ་རིམ་བསྒྲུབས་གནང་ཡོད་རུང་ དྲག་མ་བཏུབ་པར་དགོངས་པ་རྫོགས་སོ་ནུག་གོ།

སྡེ་སྲིད་ཉི་ཤུ་རྩ་གཉིས་པ་ས་སྐྱོང་མི་དབང་གོང་གཟིམ་འབྲུག་རྣམ་རྒྱལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཉིར་གཉིས་པ་ས་སྐྱོང་མི་དབང་གོང་གཟིམ་འབྲུག་རྣམ་རྒྱལ་མཆོག་ ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་སྨད་ཝང་དར་ལུང་ཁ་ལུ་སྐུ་འཁྲུངས་ཏེ་ ཆོས་རྗེ་འབྲུག་པའི་སྒར་གྲལ་ལུ་ཞུགས་ནུག། སྡེ་སྲིད་མཆོག་གི་སྒྲིག་ལམ་དང་ཆོས་སྲིད་གཉིས་ཀྱི་རིང་ལུགས་ཚུ་ཆོས་རྗེ་དཔལ་ལྡན་འབྲུག་པའི་སྒར་ལྟོའི་གྲལ་ཁར་ཞུགས་ཏེ་ སྐུ་ན་ཆུང་ཀུའི་བསྒང་ལས་ མཐར་ཕྱིནམ་སྦེ་སྦྱངས་ནུག། གཞུང་གི་ལས་སྡེ་ནང་ལས་ གཞུང་ཞབས་ཚུ་གི་གྲས་ལས་ལྕོགས་གྲུབ་ཅན་ཨིན་པའི་ཁར་ གོ་གནས་ཚུ་རིམ་པ་བཞིན་ གོམ་པ་ཡར་འཛེགས་ཏེ་ གོང་གཟིམ་གྱི་གོ་གནས་བཞེས་ནུག།

འབྲུག་ལུ་ནང་འཁྲུག་གི་རྐྱེན་ལས་ སྡེ་སྲིད་བསོད་ནམས་རྒྱལ་མཚན་ཟུར་བཞུགས་སྦེ་སྡོད་དགོཔ་བྱུངམ་ལས་ རང་ལུགས་འདས་ལོ་ ༡༤༩ རབ་བྱུང་བཅུ་གསུམ་པའི་ས་ལུག་ལུ་ གོང་གཟིམ་འབྲུག་རྣམ་རྒྱལ་མཆོག་ སྡེ་སྲིད་ཁྲི་རབས་ཉེར་གཉིས་པའི་ཁྲི་ལུ་མངའ་གསོལ་མཛད་གནང་ནུག།

སྡེ་སྲིད་ཁྲི་ཐོག་ལུ་ཕེབས་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་སྤུ་ན་ཁ་ལུ་ཁྲི་མངའ་གསོལ་མཛད་ཚར་བའི་མཐའ་མར་ རྫོང་གཞིས་མང་རབས་ཅིག་གི་ཉམས་གསོ་ཞུ་ཡོདཔ་དང་ བཀའ་བརྒྱུད་གོང་མའི་རྣམ་ཐར་ཚུ་དང་ རྣམ་དཀར་གྱི་དགེ་ཚོགས་གཞན་ལས་ཁྱད་དུ་འཕགསཔ་སྦེ་གཟིགས་ཏེ་ བརྒྱད་སྟོང་པ་དང་རྒྱ་ཆེ་རོལ་པ། གསོ་བ་རིག་པའི་རྩ་རྒྱུད་དང་བཤད་རྒྱུད། གུ་རུའི་བཀའ་ཐང་གསེར་འཕྲེང་མ་ལ་སོགས་པའི་གསུང་རབ་མང་ཤོས་ཅིག་ པར་ཤིང་སྦེ་བརྐོ་སྟེ་ ཆོས་ཀྱི་འགྲོ་དོན་བསྐྱངས་གནང་ནུག། ཧེ་མ་འབད་བ་ཅིན་ པར་ཤིང་དེ་ཚུ་ སྤུ་ན་ཁ་ཐང་རྫོང་ནང་ལུ་བཞུགས་ཡོདཔ་ཨིན་རུང་ ཤུལ་མ་བསོད་ནམས་དགའ་ཚལ་ལུ་གདན་འདྲེན་ཞུ་ནུག།

མི་དབང་སྡེ་སྲིད་འབྲུག་རྣམ་རྒྱལ་དང་ ཁྲི་ཟུར་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་ རྡོ་རྗེ་སློབ་དཔོན་འཇམ་དབྱངས་རྒྱལ་མཚན་མཆོག་ མཁན་རབས་བཅོ་བརྒྱད་པའི་ཁྲི་ལུ་ མངའ་གསོལ་ཞུ་བའི་སྐབས་ལུ་ བཀྲ་ཤིས་པའི་ཁྲི་དར་ལེགས་སྨོན་དང་བཅསཔ་སྦེ་ཕུལ་ནུག། དེ་ཡང་ རྗེ་མཁན་ཁྲི་རབས་བཅུ་བདུན་པ་བྱམས་མགོན་ཡེ་ཤེས་རྡོ་རྗེ་མཆོག་ གསོལ་ཐབ་སྤུ་ན་ཁ་ལས་ཐིམ་ཕུག་ལུ་ཕེབས་ཏེ་ ཟླཝ་ ༥ པའི་ཚེས་ ༡༣ ལུ་ མཁན་ཁྲི་ལས་ཟུར་བཞུགས་སྦེ་སྡོད་དགོཔ་བྱུང་ཡོདཔ་ཨིན་པས།

སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་འདི་ སྤྱི་ལོ་ ༡༧༨༠ ལུ་ མེ་རྐྱེན་ཐེངས་དང་པ་བཞེས་པའི་སྐབས་ གོང་ས་འཇིགས་མེད་སེངྒེ་གིས་ལོག་བཞེངས་ཡོད་རུང་ སྤྱི་ལོ་ ༡༧༩༨ ཟླཝ་ ༡ པའི་ཚེས་ ༩ ལུ་མེ་མཆོད་ཐེངས་གཉིས་པ་བཞེས་ནུག། དེའི་སྐབས་ལུ་ རྗེ་འཇམ་དབྱངས་རྒྱལ་མཚན་གྱི་འགོ་འདྲེན་ཐོག་ལས་ ནང་རྟེན་གྱི་རིགས་ཚུ་བརྩོན་ཤུགས་བསྐྱེད་དེ་ གསར་བཞེངས་མཛད་གནང་པའི་སྐབས་ སྡེ་སྲིད་ཁྲི་པ་འབྲུག་རྣམ་རྒྱལ་དང་ ཁྲི་ཟུར་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་ཡང་རྒྱབ་རྟེན་སྦོམ་མཛད་གནང་ནུག། དེ་མ་ཚད་ སྡེ་སྲིད་མཆོག་གི་བསྒྲུབས་སྟོན་རབ་གནས་ཀྱི་དགའ་སྟོན་ཡང་མཛད་གནང་ནུག།

མི་དབང་སྡེ་སྲིད་འབྲུག་བསྟན་འཛིན་མཆོག་གིས་ ངག་དབང་ཆོས་ཀྱི་རྒྱལ་པོའི་གདན་ས་ གླང་དཀར་མཐོང་གྲོལ་དགའ་ཚལ་གཙུག་ལག་ཁང་གསརཔ་བཞེངས་པའི་སྐབས་ལུ་ བཀུར་སྟི་དང་རྒྱབ་སྐྱོར་མཛད་གནང་ནུག། སྡེ་སྲིད་མཆོག་གི་འབྲུག་ཆེན་ངག་དབང་ཆོས་ཀྱི་རྒྱལ་པོའི་གདན་ས་ ཁུ་བྱུག་ཆོས་སྐྱོང་ཕོ་བྲང་འདི་ ལོག་གསར་བཞེངས་གནང་ནུག།

ཞབས་དྲུང་གསུང་སྤྲུལ་གསུམ་པ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ ཡོངས་འཛིན་མཁན་ཆེན་འཇམ་དབྱངས་རྒྱལ་མཚན་ལས་ སྨིན་གྲོལ་གདམས་ངག་བཞུགས་བའི་སྐབས་ལུ་ སྡེ་སྲིད་ཁྲི་པ་འབྲུག་རྣམ་རྒྱལ་མཆོག་གིས་ བསྙེན་བཀུར་དང་ཞབས་ཏོག་ཚུ་ཕུལ་ཡོདཔ་དང་ ཞབས་དྲུང་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་རྩ་བའི་བླམ་སྦེ་བསྟེན་གནང་ནུག།

ས་སྐྱོང་འབྲུག་རྣམ་རྒྱལ་མཆོག་གིས་ རིལ་སྒྲུབ་ཆེན་མོ་བཙུགས་ནིའི་དོན་ལུ་ མཁན་ཆེན་འཇམ་དབྱངས་རྒྱལ་མཚན་མཆོག་ལུ་ གསོལཝ་བཏབ་སྟེ་ དགེ་འདུན་དམངས་ཀྱིས་དགུང་ཞག་བཅུ་ཕྲག་གི་བར་ན་ བདེ་ཆོག་དུང་ཕྱུར་བསྒྲུབས་གནང་ནུག།

སྡེ་སྲིད་ཁྲི་པ་འབྲུག་རྣམ་རྒྱལ་དང་ཁྲི་ཟུར་བསོད་ནམས་རྒྱལ་མཚན་གཉིས་ཀྱི་བར་ན་ མི་ངན་ཚུ་གིས་ཐུགས་སྣང་མ་མཐུནམ་བཟོ་ཡོད་མི་འདི་ རྗེ་འཇམ་དབྱངས་རྒྱལ་མཚན་གྱིས་ཟིང་འཁྲུག་ལང་མ་བཅུག་པར་ ཐེངས་གཅིག་ཞི་བར་འཇོམས་ཡོད་རུང་ ལོག་ཟིང་འཁྲུག་ལང་པའི་སྐབས་ སྡེ་སྲིད་ཁྲི་ཟུར་གྱིས་ སྡེ་སྲིད་ཁྲི་པ་འབྲུག་རྣམ་རྒྱལ་མཆོག་བཀྲོངས་ད་ནུག། སྡེ་སྲིད་མཆོག་གི་ཆོས་རྒྱལ་དམ་པའི་མཛད་པ་ཟུར་ཙམ་སྟོན་ཏེ་ ལོ་ངོ་བཞི་དེམ་ཅིག་ ཁྲི་ཐོག་ལུ་གཞུང་དང་མི་སེར་ཚུ་ལུ་ཕྱག་ཞུ་སྟེ་བཞུགས་ཡོདཔ་ཨིན་པས།

སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་གསུམ་པ་ས་སྐྱོང་མི་དབང་བཀྲ་ཤིས་རྣམ་རྒྱལ།་(བསོད་ནམས་རྒྱལ་མཚན)[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

ས་སྐྱོང་མི་དབང་སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་གསུམ་པ་མཆོག་ གཡུས་ཝང་སི་སི་ཕྱུག་མོའི་མི་ཚན་ནང་ རྒེད་པོ་དཀར་པོའི་སྲས་ལུ་སྐུ་འཁྲུངས་ཏེ་མཚན་ལུ་བཀྲ་ཤིས་རྣམ་རྒྱལ་ཟེར་གསོལ་ཡོད་པའི་ཁར་ ཤུལ་མ་ཞབས་དྲུང་སྐུ་འཕྲེང་གསུམ་པ་འཇིགས་མེད་གྲགས་པ་མཆོག་གིས་ མཚན་བསོད་ནམས་རྒྱལ་མཚན་ཟེར་གསོལ་ནུག། སྡེ་སྲིད་མཆོག་གིས་ཨ་ཁུ་སྤུངས་རྫོང་པ་ འབྲུག་བསྟན་འཛིན་ལུ་སྐུ་ན་ཆུང་ཀུའི་བསྒང་་ལས་ར་ཕྱག་ཞུ་སྟེ་ ཤུལ་མ་འབྲུག་རྣམ་རྒྱལ་མཆོག་སྡེ་སྲིད་ཀྱི་ཁྲི་ཐོག་ལུ་འབྱོནམ་ད་ ས་སྐྱོང་མི་དབང་བཀྲ་ཤིས་རྣམ་རྒྱལ་མཆོག་ཡང་གོང་གཟིམ་གྱི་གོ་གནས་གསོལ་གནང་ནུག།

རང་ལུགས་འདས་ལོ་ ༡༤༢ པ་རབ་བྱུང་བཅུ་གསུམ་པའི་སྐབས་ མི་དབང་བསོད་ནམས་རྒྱལ་མཚན་མཆོག་ཐིམ་རྫོང་པ་སྦེ་ཕྱག་ཞུ་སྟེ་སྡེད་པའི་བར་ན་ ཨ་ཁུ་གཤགས་པའི་མཐའ་མར་ སྡེ་སྲིད་ཁྲི་རབས་ཉི་ཤུ་པའི་ཁྲི་ཁར་བྱོན་གནང་ནུག། སྤྱི་ལོ་ ༡༧༩༦ ལུ་ ས་སྐྱོང་མི་དབང་བསོད་ནམས་རྒྱལ་མཚན་མཆོག་སྡེ་སྲིད་ཁྲི་རབས་ཉི་ཤུ་པ་སྦེ་བཞུགསཔ་ད་ ནང་འཁྲུག་བྱུང་སྟེ་ལོ་ངོ་ ༧ གྱི་རིང་ལུ་ ཟུར་བཞུགས་སྦེ་བཞུགས་དགོཔ་ཐོན་ནུག། དེའི་ཤུལ་མ་ སྡེ་སྲིད་ཁྲི་པ་དང་ སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་གཉིས་པ་འབྲུག་རྣམ་རྒྱལ་གཉིས་ཀྱི་བར་ན་ སྤྱི་ལོ་ ༡༨༠༣ ་ལུ་ ནང་འཁྲུག་ལང་པའི་སྐབས་ བཀྲ་ཤིས་རྣམ་རྒྱལ་གྱིས་རྒྱལ་ཁ་ཐོབ་ཡོདཔ་ལས་ སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་གསུམ་པ་སྦེ་ཁྲི་མངའ་གསོལ་ནུག།

སྡེ་སྲིད་ཀྱི་ཁྲི་ཁར་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྤྱི་ལོ་ ༡༨༠༣ ཆུ་ཕག་ཟླཝ་ ༢ པའི་ཚེས་ ༨ ལུ་ མི་ངན་ཚུ་གིས་སྡེ་སྲིད་མཆོག་གི་གདན་ས་འདི་ མེ་དཔགས་གཏངམ་ལས་ སྤུ་ན་ཁ་རྫོང་འདི་མེ་མཆོད་ཐེངས་གསུམ་པ་བཞེས་ནུག། དེ་ཡང་ སྡེ་སྲིད་མཆོག་ཁྲི་ཐོག་ཁར་ཕེབས་ཏེ་ ཟླ་ངོ་གཅིག་གི་བར་ན་བྱུང་ཡོདཔ་སྦེ་ཨིན་པས། མེའི་འཇིགས་པ་གིས་གདན་ས་མེ་རྐྱེན་ཤོར་ཡོད་རུང་ འདི་འཕྲོ་ལས་བསྐྱར་བཞེངས་ཀྱི་ཕྱག་ལཱ་འབད་ནི་འགོ་བཙུགས་ཏེ་ ལོ་ངོ་གཅིག་གི་ནང་འཁོད་ལུ་བསྒྲུབས་གནང་ནུག།

མཁན་ཆེན་འཇམ་དབྱངས་རྒྱལ་མཚན་གྱིས་ སྤུང་ཐང་བདེ་བ་ཆེན་པའི་ཕོ་བྲང་མེ་རྐྱེན་ཐེངས་གཉིས་པ་བཞེས་པའི་སྐབས་ ནང་རྟེན་འདི་ཚུ་ཐུགས་རྩོལ་ཆེན་པོའི་སྒོ་ལས་བསྒྲུབས་གནང་པའི་མཐའ་མ་ སྤྱི་ལོ་ ༡༨༠༣ ལུ་ ད་རུང་མེ་རྐྱེན་ཐེངས་གསུམ་པ་ཤོརཝ་ལས་ ཐུགས་ཕམ་པའི་ཤུགས་ཀྱིས་དགོངས་པ་རྫོགས་སོ་ནུག། ཁྲི་སྤྲུལ་གསུམ་པ་ཚུལ་ཁྲིམས་གྲགས་པའི་ཡོངས་འཛིན་ངག་དབང་ཆོས་རྒྱལ་མཆོག་ སྡེ་སྲིད་བསོད་ནམས་རྒྱལ་མཚན་གྱིས་མཁན་ཆེན་བཅུ་དགུ་པའི་ཁྲི་ལུ་མངའ་གསོལ་མཛད་གནང་ནུག།

སྡེ་སྲིད་བསོད་ནམས་རྒྱལ་མཚན་མཆོག་གི་སྤྱི་ལོ་ ༡༨༠༣ ལས་ སྤྱི་ལོ་ ༡༨༠༥ ཚུན་ ཁྲི་ཐོག་གུར་ཕྱག་ཕྱིད་ཞུ་ཡོད་རུང་ སྤྱི་ལོ་ ་ ༡༨༠༥ གི་ལོ་ལུ་ གསོལ་ཐབ་སྤུ་ན་ཁ་ལས་ཐིམ་ཕུག་ལུ་འབྱོན་ནི་རནམ་ད་ སྡེ་སྲིད་མཆོག་དགོན་པར་འབྱོན་ནི་སྦེ་སྡེ་སྲིད་ཀྱི་ཁྲི་ལས་དགོངསམ་ཞུ་ནུག། སྡེ་སྲིད་མཆོག་གི་ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་ལུ་སྡེ་སྲིད་ཀྱི་ཕྱག་འགན་ཕུལ་ཏེ་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ སྡེ་སྲིད་མཆོག་ཤུགས་སྦེ་བསྙུངས་ཏེ་བཞུགས་ཡོད་པའི་ཁར་ སྐུ་རིམ་ཟློག་ཐབས་ཚུ་ག་ཅི་བཟུམ་ཅིག་འབད་རུང་ཕན་མ་ཐོགས་པར་ སྐུ་ཚེ་ལུ་བར་ཆད་བྱུང་ནུག།

སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་བཞི་པ་ཐིམ་རྫོང་པ་སངས་རྒྱས་བསྟན་འཛིན་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོན་པའི་ཧེ་མའི་་མཛད་རྣམ།[ཞུན་དག།]

ས་སྐྱོང་མི་དབང་ཐིམ་རྫོང་པ་སངས་རྒྱས་བསྟན་འཛིན་མཆོག་ གཡུས་ཝང་སི་སི་ཟེར་ས་ལུ་སྐུ་འཁྲུངས་ནུག། སྡེ་སྲིད་མཆོག་གིས་སྐུ་ན་ཆུང་ཀུའི་བསྒང་ལས་ ཁོ་རའི་ཨ་ཞང་སྡེ་སྲིད་ཁྲི་རབས་ཉི་ཤུ་པ་བཀྲ་ཤིས་རྣམ་རྒྱལ་ མཚན་གཞན་བསོད་ནམས་རྒྱལ་མཚན་མཆོག་གི་སྒྲིག་ལུ་བཞུགས་བཅུག་ནུག། ཤུལ་ལས་ ཨ་ཞང་བསོད་ནམས་རྒྱལ་མཚན་མཆོག་སྡེ་སྲིད་ཀྱི་ཁྲི་ཐོག་ལུ་འབྱོནམ་ད་ ཚ་བོ་སངས་རྒྱས་བསྟན་འཛིན་མཆོག་སྲིད་སྐྱོང་ནི་དང་སྒྲིག་ལམ་རྣམ་གཞག་གི་སྦྱང་བ་ཐོབ་མི་ལུ་བརྟེན་ཏེ་ ཐིམ་ཕུག་རྫོང་དཔོན་གྱི་གོ་གནས་ལུ་བསྐོ་བཞག་གནང་ནུག།

སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་གསུམ་པ་ས་སྐྱོང་མི་དབང་བསོད་ནམས་རྒྱལ་མཚན་མཆོག་ སྤྱི་ལོ་ ༡༨༠༥ ཟླཝ་ ༦ པའི་ཚེས་ ༢ ལུ་སྡེ་སྲིད་ཀྱི་ཁྲི་ལས་དགོངསམ་ཞུ་སྦེ་ བླམ་ཁྲི་པ་ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་ལུ་ སྡེ་སྲིད་ཀྱི་གོ་གནས་ཕུལ་ཡོད་རུང་ སྡེ་སྲིད་ཁྲི་ཟུར་བསོད་ནམས་རྒྱལ་མཚན་མཆོག་ཟླཝ་དག་པ་ཅིག་གི་རྒྱབ་ལས་གཤགས་སོ་ནུག། དེ་འབད་བ་ལུ་བརྟེན་ སྤྱི་ལོ་ ༡༨༠༥ རབ་བྱུང་བཅུ་གསུམ་པ་ལུ་གསོལ་ཐབ་ཐིམ་ཕུག་ལུ་ཕེབས་ད་ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་གིས་ ཐིམ་རྫོང་པ་སངས་རྒྱས་བསྟན་འཛིན་མཆོག་སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་བཞི་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་ཐོག་ལུ་ཕེབས་ཏེ་སྤྱི་ལོ་ ༡༨༠༦ ལུ་ ཆོས་རྩེ་པ་ཚ་ཕུ་རྡོ་རྗེ་གིས་ངོ་རྒོལ་འབད་དེ་གཞུང་དང་གཅིག་ཁར་དམག་རྐྱབ་པའི་སྐབས་ལུ་ གཞུང་གིས་ཆོས་རྩེ་པ་ཚ་ཕུ་རྡོ་རྗེ་ལས་རྒྱལ་ཁ་འཐོབ་མ་ཚུགས་པས། དེ་འབད་བ་ལུ་བརྟེན་ཏེ་ དམག་འདི་གིས་ ཚེ་སྲོག་ལུ་གནོད་སྐྱོན་མ་བྱུང་རུང་ རྒྱལ་ཁབ་སྐྱིད་ཉམས་སྐྱོང་ནིའི་དོན་ལུ་ ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་གིས་ སྡེ་སྲིད་སངས་རྒྱས་བསྟན་འཛིན་མཆོག་ཟུར་བཞུགས་དང་ དབུ་མཛད་སྤ་གྲོ་པ་སྡེ་སྲིད་ཁྲི་ཐོག་ལུ་བཏོན་ནི་སྦེ་གྲོས་འཆར་ཕུལཝ་ལས་ སྡེ་སྲིད་སངས་རྒྱས་བསྟན་འཛིན་མཆོག་ སྡེ་སྲིད་ལོ་གཅིག་མཛད་པའི་མཐའ་མ་ཁྲི་ཐོག་ལས་དགོངསམ་ཞུ་ནུག།

སྡེ་སྲིད་ལས་དགོངསམ་ཞུ་བའི་ཤུལ་མའི་ལོ་རྒྱུས།[ཞུན་དག།]

ཁྲི་ཐོག་ལས་དགོངས་ཞུ་མཛད་པའི་ཤུལ་མ་སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་གསུམ་པ་སངས་རྒྱས་བསྟན་འཛིན་མཆོག་ གནམ་དགུན་གྱི་སྐབས་ལུ་བ་ལིང་རིན་ཆེན་ཁང་བཟང་དང་ གནམ་བྱཱ་གི་སྐབས་ལུ་ཝང་ཀུན་བཟང་བདེ་ཆེན་གྱི་དགོན་པ་བཟུང་སྟེ་ཐུགས་དམ་ལུ་བརྩོན་ཤུགས་བསྐྱེད་དེ་བཞུགས་ནུག།

སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་ལྔ་པ་ས་སྐྱང་མི་དབང་དབུ་མཛད་སྤ་གྲོ་པ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

ས་སྐྱོང་མི་དབང་དབུ་མཛད་སྤ་གྲོ་པ་མཆོག་ སྤ་རོ་དོལ་ཕུ་ཟེར་ས་ལུ་སྐུ་འཁྲུངས་ཏེ་ མཚན་ཡེ་ཤེས་རྒྱལ་མཚན་ཟེར་གསོལ་གནང་ནུག་ (ཀརྨ་ཕུན་ཚོགས་ཀྱི་མཛད་པའི་རྒྱལ་རབ་ནང་བཀོད་དེ་འདུག།) སྡེ་སྲིད་མཆོག་སྐུ་ན་ཆུང་ཀུའི་བསྒང་ལས་ སྤུ་ན་ཁ་ལུ་གདན་ས་བཟུང་སྟེ་ གཞུང་གྲྭ་ཚང་ལུ་བཞུགས་སྦེ་སྒྲིག་ལམ་རྣམ་གཞག་དང་འབྲི་ཀློག་ དབྱངས་ཐིག་གར་གསུམ་གྱི་ཡོན་ཏན་ཚུ་མཐར་འཁྱོལཝ་ལས་ གྲྭ་ཚང་ནང་དབུ་མཛད་ཀྱི་གོ་གནས་བཞེས་ནུག།
སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་བཞི་པ་སངས་རྒྱས་མཆོག་ ཁྲི་ཐོག་ལུ་ཕེབས་ཏེ་ སྤྱི་ལོ་ ༡༨༠༦) ལུ་ ཆོས་རྩེ་དཔོན་སློབ་ཚ་ཕུ་རྡོ་རྗེ་གིས་ངོ་རྒོལ་འབད་དེ་ གཞུང་དང་གཅིག་ཁར་ དམག་རྐྱབ་པའི་སྐབས་ལུ་ གཞུང་གི་ཆོས་རྩེ་པ་ཚ་ཕུ་རྡོ་རྗེ་ལས་རྒྱལ་ཁ་འཐོབ་མ་ཚུགས་པས། དེ་འབད་བ་ལུ་བརྟེན་ དམག་དེ་གི་སྦེ་ཚེ་སྲོག་ལུ་གནོད་སྐྱོན་མ་བྱུང་རུང་ རྒྱལ་ཁབ་སྐྱིད་ཉམས་སྐྱོང་ནིའི་དོན་ལུ་ ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་གིས་ སྡེ་སྲིད་སངས་རྒྱས་བསྟན་འཛིན་མཆོག་ཟུར་བཞུགས་དང་ ཤུལ་ལས་སྡེ་སྲིད་ཉེར་བཞི་པ་དགོངས་ཞུ་མཛད་པའི་མཐའ་མ་ རང་ལུགས་འདས་ལོ་ ༡༥༦ པ་རབ་བྱུང་བཅུ་གསུམ་ལུ་ དབུ་མཛད་སྤ་གྲོ་པ་སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་ལྔ་པའི་ཁྲི་མངའ་གསོལ་གནང་ནུག།

སྡེ་སྲིད་ཀྱི་ཁྲི་ཁརབྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་ལྔ་པ་ཁྲི་ལུ་ཕེབས་ཏེ་ སྤྱི་ལོ་ ༡༨༠༧ ཟླཝ་ ༣ པའི་ནང་ གསོལ་ཐབ་སྤུ་ན་ཁ་ལུ་ཕེབས་ཏེ་བཞུགས་པའི་དུས་ལུ་ གོང་ས་འཇིགས་མེད་སེང་གེ་མཆོག་གི་གདན་ས་ རྟ་ལོག་གསང་སྔགས་གླིང་འདི་ བླམ་ཁྲི་པ་ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པ་མཆོག་ལུ་ཕུལ་ནུག། དེའི་ལོ་ནང་ལུ་ར་ ཆོས་རྩེ་དཔོན་སློབ་ཚ་ཕུ་རྡོ་རྗེ་གིས་ སྤ་གྲོ་པ་སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་ལྔ་པའི་ཁྲི་ཐོག་ལུ་མངའ་གསོལ་ཏེ་ ལོ་ལངས་རུང་ཉན་མ་བཏུབ་པར་ ཐིམ་གཞུང་ལུ་ངོ་རྒོལ་འབདཝ་འབད་སར་སྡོད་ནུག། དེ་འབདཝ་ལས་བརྟེན་ རྒྱལ་ཁབ་ཀྱི་ཞི་བདེའི་དོན་ལུ་ མཁན་ཆེན་ངག་དབང་ཆོས་རྒྱལ་གྱིས་ བླམ་ཁྲི་པ་བཅུ་གཅིག་པའི་གོ་གནས་གོང་ས་འཇིགས་མེད་སེང་གེའི་ཡང་སྲིད་ཚུལ་ཁྲིམས་གྲགས་པ་གསོལ་གནང་ནུག། སྡེ་སྲིད་དབུ་མཛད་སྤ་གྲོ་པ་དང་ བོད་འགྲོལཔ་དང་པ་ཚེ་རིང་དབང་ཆེན་གྱི་ཡང་སྲིད་སྐུ་ཞབས་པདྨ་ཆོས་གྲགས་གཉིས་ སྡེ་སྲིད་མི་ངོམ་གཉིས་ཟུང་འབྲེལ་སྦེ་གསོལ་གནང་པའི་ཤུལ་ལས་ ཆོས་རྩེ་དཔོན་སློབ་ཀྱི་ངོ་རྒོལ་ཚར་གཅིག་ཞི་སོ་ནུག།
སྤྱི་ལོ་ ༡༨༠༧ ལུ་ མཁན་ཆེན་ཁྲི་རབས་བཅུ་དགུ་པ་ངག་དབང་ཆོས་རྒྱལ་མཆོག་ ཁྲི་ཐོག་ལས་དགོངས་ཞུ་མཛད་པའི་མཐའ་མ་ བླམ་ཁྲི་པ་དང་ལྷན་རྒྱས་ཀྱིས་ མཁན་ཆེན་ཁྲི་རབས་ཉི་ཤུ་པའི་ཁྲི་ལུ་ ཞབས་དྲུང་གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་མངའ་གསོལ་ཞུ་གནང་ནུག།
སྤྱི་ལོ་ ༡༨༠༨ ཟླཝ་ ༡ པའི་ནང་སྡེ་སྲིད་གཉིས་ཀྱི་བར་ན་ཟིང་འཁྲུག་བྱུངམ་ལས་ མཁན་ཆེན་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་དང་ལྷན་རྒྱས་ཀྱིས་ སྐུ་ཞབས་པདྨ་ཆོས་གྲགས་ལུ་སྡེ་སྲིད་ཀྱི་དབང་ཚད་ཡོདཔ་སྦེ་བཟོ་གནང་སྟེ་ དབུ་མཛད་སྤ་གྲོ་པ་མཆོག་ཁྲི་ཐོག་ལས་དགོངསམ་ཞུ་བཅུག་ནུག།

སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་དྲུག་པ་གོང་གཟིམ་པདྨ་ཆོས་གྲགས་ཀྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་དྲུག་པ་པདྨ་ཆོས་གྲགས་མཆོག་ འཁྲུངས་ཡུལ་བོད་ལས་ཨིནམ་ལས་ སྡེ་སྲིད་མཆོག་གི་མཚན་བོད་པ་ཆོས་གྲགས་ཟེར་ཡང་སློབ་སྲོལ་ཡོདཔ་ཨིན་མས། དཔེ་ཆ་ལ་ལུ་ཅིག་ནང་ སྡེ་སྲིད་མཆོག་སྐུ་ཡོན་མཁས་མཆོག་ཨིནམ་ལས་ བླ་མ་པདྨ་ཆོས་གྲགས་ཟེར་བཀོད་དེ་འདུག། ས་སྐྱོང་མི་དབང་གོང་གཟིམ་པདྨ་ཆོས་གྲགས་མཆོག་ འབྲུག་གི་གཏན་བཞུགས་སྐུ་ཚབ་སྦེ་མཛད་མི་འདི་གི་སྐུ་སྐྱེས་ཨིན་པས། སྡེ་སྲིད་མཆོག་ཁྲི་ཐོག་ལུ་བྱོན་པའི་ཤུལ་མ་ མཚན་ཡང་གོང་ས་ཆོས་ཀྱི་གྲགས་པ་ཟེར་ཡོངས་གྲགས་ཡར་སོ་ནུག།
སྡེ་སྲིད་པདྨ་ཆོས་གྲགས་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས སྐུ་ཚེ་སྔ་མའི་གཙུག་ལག་ཁང་ཚུ་ནང་ གདན་འདྲེན་ཞུ་སྟེ་ རྟ་མགོའི་གདན་ས་ལུསྐུ་ཡོན་བཞེས་ཏེ་བཞུགས་ནུག། སྤྱི་ལོ་ ༡༨༠༧ ལུ་ཞབས་དྲུང་གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་དང་ ངག་དབང་འཇམ་དཔལ་རྒྱ་མཚོ་ མཚན་གཞན་ཚུལ་ཁྲིམས་གྲགས་པ་གཉིས་ བོད་གངས་ཅན་ལུ་གནས་གཟིགས་ལུ་བྱོན་ཞིནམ་ལས་ ལོག་འབྱོནམ་ད་ སྡེ་སྲིད་པདྨ་ཆོས་གྲགས་མཆོག་ཡང་སྤྲུལ་སྐུ་རྣམ་པ་གཉིས་དང་གཅིག་ཁར་འབྲུག་ལུ་བྱོན་ནུག།
སྤྱི་ལོ་ ༡༨༠༧ ལུ་གསོལ་ཐབ་ཐིམ་ཕུག་ལུ་ཕེབས་ད་ ཆོས་རྩེ་དཔོན་སློབ་ཚ་ཕུ་རྡོ་རྗེ་གིས་ སྤ་གྲོ་པ་སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་ལྔ་པའི་ཁྲི་ཐོག་ལུ་མངའ་གསོལ་ཏེ་ལོ་ལངས་སོ་རུང་ ཉན་མ་བཏུབ་པར་ ཐིམ་གཞུང་ལུ་ངོ་རྒོལ་འབདཝ་འབད་སར་སྡོད་ནུག། དེ་འབདཝ་ལས་བརྟེན་ རྒྱལ་ཁབ་ཀྱི་ཞི་བདེའི་དོན་ལུ་ མཁན་ཆེན་ངག་དབང་ཆོས་རྒྱལ་གྱིས་ བླམ་ཁྲི་པ་བཅུ་གཅིག་པའི་གོ་གནས་ཁར་ གོང་ས་འཇིགས་མེད་སེང་གེའི་ཡང་སྲིད་ ཚུལ་ཁྲིམས་གྲགས་པ་འདི་གསོལ་གནང་ནུག། སྡེ་སྲིད་དབུ་མཛད་སྤ་གྲོ་པ་དང་ བོད་འགྲོལཔ་དང་པ་ ཚེ་རིང་དབང་ཆེན་གྱི་ཡང་སྲིད་ སྐུ་ཞབས་པདྨ་ཆོས་གྲགས་གཉིས་ སྡེ་སྲིད་མི་ངོམ་གཉིས་ཟུང་འབྲེལ་སྦེ་གསོལ་གནང་པའི་ཤུལ་ལས་ ས་སྐྱོང་མི་དབང་པདྨ་ཆོས་གྲགས་འདི་ སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་དྲུག་པ་སྦེ་ཁྲི་མངའ་གསོལ་གནང་ནུག།
སྤྱི་ལོ་ ༡༨༠༨ ཟླཝ་ ༡ པའི་ནང་ སྡེ་སྲིད་གཉིས་ཀྱི་བར་ན་ ནང་ཟིང་བྱུངམ་ལས་ མཁན་ཆེན་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་དང་ལྷན་རྒྱས་ཀྱིས་ སྐུ་ཞབས་པདྨ་ཆོས་གྲགས་ལུ་སྡེ་སྲིད་ཀྱི་དབང་ཚད་ཡོདཔ་སྦེ་བཟོ་གནང་སྟེ་ དབུ་མཛད་སྤ་གྲོ་པ་མཆོག་ཁྲི་ཐོག་ལས་དགོངསམ་ཞུ་བཅུག་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྤྱི་ལོ་ ༡༨༠༨ ལུ་ ཆོས་སྐྱོང་རྒྱལ་ཆེན་གྱི་རྒྱལ་ཁང་ གསར་བཙུགས་འབད་ཡོད་མི་འདི་ གདན་ས་སྤུ་ན་ཁ་ལུ་སྦེ་ ཞབས་དྲུང་ཐུགས་སྤྲུལ་གསུམ་པ་དཔལ་འཇིགས་མེད་གྲགས་པ་མཆོག་ལུ་སྡེ་སྲིད་མཆོག་གིས་ སྐུལ་མ་ཞུ་དོན་དང་འཁྲིལ་ཏེ་མཛད་གནང་ནུག། སྡེ་སྲིད་མཆོག་གི་བཀའ་དང་འཁྲིལ་ཏེ་ མཁན་ཆེན་ཁྲི་རབས་ཉེར་ལྔ་པ་ ཤེས་རབས་རྒྱལ་མཚན་གྱིས་ རྒྱལ་ཁང་གསར་བཟོ་གི་དོན་ལུ་ ལཱ་ཚུ་འགོ་འདྲེན་འཐབ་ཡོད་མི་འདི་ དཔལ་འཇིགས་མེད་གྲགས་པ་མཆོག་གིས་ ཡོངས་བསྒྲུབས་ཀྱི་རབ་གནས་ཚུ་གནང་ནུག།
མཁན་ཆེན་ཁྲི་རབས་ ༡༣ པ་ རྗེ་ཡོན་ཏན་མཐའ་ཡས་མཆོག་གི་གདན་ས་ མདོ་སྡེ་བྲག་གཙུག་ལག་ཁང་གི་གསེར་ཏོག་ཆེན་པོ་ འདི་ཡང་བྲག་སྟེང་ལུ་བཀལ་ནུག། གདན་ས་བཀྲ་ཤིས་ཆོས་རྫོང་ནང་ རྒྱལ་ཆེན་སྡེ་བཞི་དང་གནས་བདག་གི་སྐུ་བརྙན་ཚུ་བཞེངས་གནང་ཡོདཔ་མ་ཚད་ དགེ་འདུན་པའི་གདན་ས་ཀུན་དགའ་ར་བ་ཡང་ ཚོན་བཏང་གནང་ནུག།
ས་སྐྱོང་མི་དབང་སྡེ་སྲིད་པདྨ་ཆོས་གྲགས་མཆོག་གིས་ཤེས་རབ་རྒྱལ་མཚན་ལུ་ ཐིམ་ཕུག་ས་དམར་རྫིང་ཁའི་ལྷ་ཁང་འདི་བསྐྱར་བཞེངས་དང་ལེགས་བཅོས་ཀྱི་ལཱ་ཚུ་འགོ་འདྲེན་འཐབ་དགོ་པའི་བཀའ་དང་འཁྲིལ་ཏེ་ བསྒྲུབས་ཡོད་པའི་ཁར་ རབ་གནས་ཡང་མཛད་གནང་ནུག།
ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པ་དང་ སྡེ་སྲིད་པདྨ་ཆོས་གྲགས་གཉིས་ཀྱི་བར་ན་ རྒྱལ་ལྟག་དྲུང་པ་བགྲེསཔ་ནོར་བུ་རིན་ཆེན་གྱིས་ཕུང་དཀྲུགས་ཏེ་ ཟིང་འཁྲུག་ལངསམ་ལས་ སྤྱི་ལོ་ ༡༨༠༨ ལུ་ ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་གིས་སྡེ་སྲིད་པདྨ་ཆོས་གྲགས་འདི་སྡེ་སྲིད་ཀྱི་ཁྲི་ལས་དགོངས་ཞུ་བཏང་ནུག།


སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་བདུན་པ་ས་སྐྱོང་མི་དབང་ཚུལ་ཁྲིམས་གྲགས་པའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཉེར་བདུན་པ་ས་སྐྱོང་མི་དབང་ཚུལ་ཁྲིམས་གྲགས་པ་མཆོག་ སྤྱི་ལོ་ ༡༧༩༠ ལུ་སྐུ་འཁྲུངས་ཏེ་མཚན་ཡང་ཚུལ་ཁྲིམས་གྲགས་པ་ཟེར་གསོལ་ཡོདཔ་ཨིན་རུང་ སྡེ་སྲིད་མཆོག་ མཁན་ཆེན་ཁྲི་རབས་བཅོ་བརྒྱད་པ་འཇམ་དབྱངས་རྒྱལ་མཚན་ལས བསླབ་བྱ་དམ་ཚིག་དང་སྡོམ་པ་ཚུ་ཞུ་བའི་ཤུལ་མ་ མཚན་ལུ་འཇམ་དབྱངས་རྒྱ་མཚོ་ཟེར་གསོལ་གནང་ནུག། ས་སྐྱོང་མི་དབང་ཚུལ་ཁྲིམས་གྲགས་པ་མཆོག་ གོང་ས་འཇིགས་མེད་སེང་གེའི་ཡང་སྲིད་ཨིན་པའི་ཁར་ མང་སྡེ་བོན་སྦིས་ཆོས་རྗེའི་གདུང་རྒྱུད་ལུ་སྐུ་འཁྲུངས་ནུག།
སྡེ་སྲིད་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ གོང་ས་འཇིགས་མེད་སེང་གེའི་ཡང་སྲིད་ལུ་ངོས་འཛིན་གྲུབ་སྟེ་ ཁྲི་མངའ་གསོལ་ཞུ་བའི་ཤུལ་མ་ མཁན་ཆེན་འཇམ་དབྱངས་རྒྱལ་མཚན་དང་ ཡོངས་འཛིན་ངག་དབང་ཆོས་རྒྱལ། ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པ། དེ་ལས་ གསུང་སྤྲུལ་གསུམ་པ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་ཚུ་ལས་ སྐུ་ཡོན་དང་སྨིན་གྲོལ་གདམས་ངག་ཚུ་གསན་གནང་ཡོདཔ་མ་ཚད་ མི་ཕམ་དབང་པོའི་ཡང་སྲིད་ པདྨ་ཆོས་གྲགས་ཀྱི་ནང་བློན་གྱི་ཕྱག་འགན་ཡང་བཞེས་གནང་ནུག། སྡེ་སྲིད་དགུང་ལོ་བཅོ་བརྒྱད་བཞེས་པའི་སྤྱི་ལོ་ ༡༨༠༧ ལོ་ལུ་ ཞབས་དྲུང་གསུང་སྤྲུལ་གསུམ་པ་ ཡེ་ཤེས་རྒྱལ་མཚན་དང་གཅིག་ཁར་བོད་ལུ་བྱོན་ནུག། ལོག་འབྲུག་ལུ་ཕེབས་ད་ ཡང་སྲིད་པདྨ་ཆོས་གྲགས་མཆོག་ སྡེ་པའི་ཁྲི་ཐོག་ལུ་འབྱོནམ་དང་གཅིག་ཁར་ བླ་མ་ཁྲི་པ་བཅུ་གཅིག་པའི་ཁྲི་ཐོག་ལུ་བྱོན་གནང་ནུག།
སྡེ་སྲིད་ཁྲི་རབས་ཉེར་དྲུག་པ་ པདྨ་ཆོས་གྲགས་དང་ཞབས་དྲུང་འཇིགས་མེད་གྲགས་པ་གཉིས་ཀྱི་བར་ན་ མི་ངན་ཚུ་གིས་དཀྲོགས་པའི་རྐྱེན་གྱིས་ སྡེ་སྲིད་མཆོག་ དུས་མིན་རྐྱེན་ལམ་དུ་བཏང་ད་ནུག། དེ་འབདཝ་ལས་ སྤྲུལ་སྐུ་བླ་མ་ཁྲི་པ་མཆོག་ལུ་ མཁན་སློབ་འདུས་ཚོགས་དང་ ལྷན་རྒྱས་རྣམས་ཀྱིས་ཞུ་བ་ཕུལཝ་བཞིན་དུ་ བླ་མ་ཁྲི་པའི་ཁྲི་དང་སྡེ་ཁྲི་ཟུང་འབྲེལ་སྦེ་བཞེས་གནང་ནུག།

སྡེ་སྲིད་མཆོག་གི་མཛད་རྣམ།[ཞུན་དག།]

སྤྲུལ་སྐུ་ཚུལ་ཁྲིམས་གྲགས་པ་ སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་ཤུལ་ལུ་ ཧེ་མ་ལས་བརྩམས་ཡོད་པའི་ཆོས་སྲིད་ཀྱི་ལམ་ལུགས་དང་འཁྲིལ་ དགེ་འདུན་གསོལ་ཐབ་ཀྱི་ལུགས་སྲོལ་ཅིག་ལས་འགོ་བཙུགས་ཏེ་ ཚུལ་བཞིན་མཛད་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ལམ་ལུགས་སྲོལ་ལུ་ཡང་ཕྱག་ཞུ་ཡོདཔ་ཨིན།

སྡེ་སྲིད་མཆོག་གི་མཛད་པ་མཐའ་མ།[ཞུན་དག།]

རྒྱལ་ཁབ་དང་བསྟན་འགྲོ་ལུ་ཕན་ཐོགས་པའི་སྡེ་སྲིད་མཆོག་ རྒྱལ་ཁབ་ཀྱི་དོན་ལུ་དགོཔ་ཡོད་རུང་ རྒྱལ་ཁབ་ཀྱི་ནང་འཁྲུག་ལུ་ཐུགས་བསུན་ཏེ་ སྡེ་ཁྲི་སྤངས་ཏེ་ མགོན་པ་ལུ་འབྱོན་ནིའི་ཐུགས་བསམ་བཞེས་ནི་འདི་གིས་ ལྷན་རྒྱས་དང་དགེ་འདུན་འདུས་ཚོགས་ཚུ་གིས་ ཁོ་གི་ཚབ་ལུ་ ཞབས་དྲུང་འཇིགས་མེད་གྲགས་པ་བཀལ་ནི་སྦེ་ སྤང་དཀར་པོ་མགོན་པ་ལས་གདན་འདྲེན་ཞུ་ནུག། དེ་མ་ཚད་ སྡེ་ཁྲི་པ་ཚུལ་ཁྲིམས་གྲགས་པ་གིས་ ཞབས་དྲུང་བཞུགས་སར་བཅར་ཏེ་ སྡེ་ཁྲི་བཞེས་དགོཔ་སྦེ་ག་དེམ་ཅིག་ཞུ་རུང་ གསན་མ་བཏུབ་རུང་ ཞབས་དྲུང་མཆོག་གི་རྒྱལ་བློན་མཁན་སློབ་ཚུ་གིས་ ཆོས་སྲིད་ཀྱི་ཁྲི་མངའ་གསོལ་ གཅིག་ཁར་ཞུ་ནི་སྦེ་བཅའ་སྒྲིག་གནང་ཡོདཔ་མ་ཚད་ གནས་ཚུལ་ཡང་ཁྱབ་སོ་ནུག། ཨིན་རུང་ བཅའ་སྒྲིག་རྐྱབ་པའི་སྐབས་ལུ་ སྡེ་སྲིད་ཚུལ་ཁྲིམས་གྲགས་པའི་དར་དཔོན་གྱི་གཙོས་པའི་ནང་བློན་ཚུ་མ་ཚུདཔ་ལས་ ཁོང་གིས་ངོས་ལེན་མ་མཛདཔ་མ་ཚད་ དམག་གི་བཅའ་སྒྲིག་ཡང་རྐྱབ་ནི་འགོ་བཙུགས་ནུག། ནངས་པ་དྲོ་པ་ཟེརཝ་ད་ ཞབས་དྲུང་རིན་པོ་ཆེ་མཆོག་ གསོལ་ཇ་དང་ཉིན་མའི་གསོལཝ་བཞེས་ཚར་རུང་ གདན་འདྲེན་ཞུ་བར་ག་ཡང་མ་ལྷོདཔ་ལས་ ཐུགས་ཕམ་སྟེ་ མགོན་པ་ལུ་ལོག་འབྱོན་ནིའི་ཐུགས་ཐག་བཅད་ནུག། དེ་བསྒང་ ཞབས་དྲུང་གི་ཕྱག་ཞུ་མི་ ཞབས་དྲུང་རང་གི་ཕོ་རྒནམ་ ངག་དབང་ཕུན་ཚོགས་གིས་གཙོས་པའི་གཟིམ་སྒརཔ་བཞི་བཅུ་དང་ ཆུ་བྲག་པའི་མི་གྲངས་བཞི་བཅུ། སྤུངས་རྫོངཔ་འཁོར་བཅས་ཀྱིས་ གཞུང་དང་གཅིག་ཁར་ སྤྱི་ལོ་ ༡༨༠༧ ས་སྦྲུལ་ཟླཝ་ ༣ པའི་ཚེས་ ༡༠ གི་ཕྱི་རུ་ལས་དམག་རྐྱབ་ནི་འགོ་བཙུགས་ནུག། དམག་རྐྱབ་ད་ སྡེ་ཁྲི་པའི་དམག་ཚུ་ཕངམ་སོཔ་ལས་ སྡེ་ཁྲི་པ་བྱོག་འགྱོ་ནིའི་བྱོག་ལམ་འཚོལ་མ་ཐོབ་པར་ སྒོ་སྒྲིག་ནང་ལས་ཐོན་སོང་སྟེ་ མཁན་ཆེན་ལས་སྲོག་སྐྱབས་ཞུ་བར་ཐོན་སོ་ནུག། ཤུལ་ལས་ དགེ་འདུན་གསོལ་ཐབ་སྤུ་ན་ཁ་ལས་ ཐིམ་ཕུག་ལུ་ཕེབས་ཅིག་ སྡེ་ཁྲི་ལས་དགོངས་ཞུ་མཛདནུག།

དགོངསམ་ཞུ་བའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྤྲུལ་སྐུ་ཚུལ་ཁྲིམས་གྲགས་པ་མཆོག་ སྡེ་ཁྲི་ལས་དགོངས་ཞུ་མཛད་པའི་ཤུལ་མ་ རྟ་མགོ་ལུ་ཐུགས་དམ་གནང་སྟེ་བཞུགས་ཡོདཔ་དང་ ཤུལ་མ་ རྗེ་ངག་དབང་ཆོས་རྒྱལ་ཞིང་ཕེབས་ཀྱི་པུར་སྦྱང་གི་ཚོགས་དབུ་དང་ ཐིམ་ཕུག་ལྷ་མོའི་ཆོ་ག་གི་ཚོགས་དབུ་སྦེ་ཞུཝ་བཞིན་དུ་ དབུ་བཞུགས་མཛད་གནང་བའི་སྤྱི་ལོ་ ༡༨༣༠ དགུང་ལོ་བཞི་བཅུ་ཞེ་གསུམ་བཞེས་པའི་ལྕགས་སྟག་ལུ་ དགོངས་པ་ཆོས་ཀྱི་དབྱིངས་ལུ་ཐིམ་སོ་ནུག་གོ།

སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་བརྒྱད་པ་ས་སྐྱོང་མི་དབང་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

རང་ལུགས་འདས་ལོ་ ༡༣༡ པ་རབ་བྱུང་བཅུ་གསུམ་པ་ སྤྱི་ལོ་ ༡༧༨༡ ལུ་སྐུ་འཁྲུངས་མིཞབས་དྲུང་གསུང་སྤྲུལ་གསུམ་པ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ ལྷོ་ཐིམ་ཕུག་ཝང་ཡུལ་ཁ་གསར་ལུ་སྐུ་འཁྲུངས་ཏེ་ མཚན་ལུ་ཡེ་ཤེས་རྒྱལ་མཚན་ཟེར་གསོལ་གནང་ནུག། སྡེ་སྲིད་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ མཁན་ཆེན་ཤེས་རབ་སེང་གེ་ལས་ བསླབ་ཚིགས་སྔ་མ་གཉིས་དང་ སྨིན་གྲོལ་གྱི་གདམས་ངག་ཚུ་གསན། ལྷག་པར་དུ་ ཁོ་རའི་རྩ་བའི་བླ་མ་འཇམ་དབྱངས་རྒྱལ་མཚན་ལས་ བསླབ་ཚིགས་ཕྱི་མ་གི་གཙོས་མདོ་སྔགས་ཀྱི་གཞུང་ཚུ་ཡང་སྦྱང་བ་མཛད་གནང་ནུག།
སྡེ་སྲིད་ཁྲི་རབས་ཉེར་བརྒྱད་པ་ ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ སྤྱི་ལོ་ ༡༧༩༦ ལས་ སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་གཅིག་པ་འབྲུག་རྣམ་རྒྱལ་གྱིས་དབུ་བླར་བཟུང་སྟེ་ སྦྱིན་བདག་མཛད་དེ་བཞུགས་ནུག། དེ་མ་ཚད་ སྡེ་སྲིད་ཁྲི་རབས་ཉེར་བདུན་པ་ ས་སྐྱོང་མི་དབང་ཚུལ་ཁྲིམས་གྲགས་པ་དང་ ཇོ་ཤཱཀྱ་རྣམ་གཉིས་དང་མཉམ་གཅིག་ བོད་གངས་ཅན་གྱི་རྟེན་དང་གནས་ཁྱད་པར་ཅན་ཚུ་གཟིགས་པར་བྱོན་ཏེ་ བསྟན་འགྲོའི་དོན་ལུ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་ ཐུགས་སྨོན་གནང་ནུག།
ས་སྐྱོང་མི་དབང་ཁྲི་རིན་པོ་ཆེ་ཚུལ་ཁྲིམས་གྲགས་པ་དང་ སྡེ་སྲིད་ཁྲི་རབས་ཉེར་ལྔ་པ་དབུ་མཛད་སྤ་གྲོ་པ་དང་ སྡེ་སྲིད་རབས་ཉེར་དྲུག་པ་གོང་གཟིམ་པདྨ་ཆོས་གྲགས་དང་ལྷན་རྒྱས་ཚུ་གིས་ མཁན་ཆེན་ངག་དབང་ཆོས་རྒྱལ་མཆོག་ མཁན་ཁྲི་ལས་དགོངས་ཞུ་མཛད་གནངམ་ལས་ ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ མཁན་ཆེན་ཁྲི་རབས་ཉི་ཤུ་པའི་ཁྲི་ལུ་མངའ་གསོལ་ནུག།
སྤྱི་ལོ་ ༡༨༠༩ ལུ་ བླམ་ཁྲི་པ་དང་ཁྲི་རིན་པོ་ཆེ་ཚུལ་ཁྲིམས་གྲགས་པ་དང་ གཞུང་ལྷན་རྒྱས་ཚུ་གིས་ ཆོས་སྲིད་ཟུང་འབྲེལ་གྱི་ཁྲི་ལུ་ ཞབས་དྲུང་ཐུགས་སྤྲུལ་དང་པ་འཇིགས་མེད་གྲགས་པ་མཆོག་ མངའ་གསོལ་ནི་འབདཝ་ད་ ཁྲི་རིན་པོ་ཆེའི་ནང་བློན་ཚུ་གིས་གསན་མ་བཏུབ་པར་ནང་ཟིང་བྱུང་ནུག། འདི་གིས་སྦེ་ ས་སྐྱོང་མི་དབང་ཚུལ་ཁྲིམས་གྲགས་པ་མཆོག་གི་ཚེ་སྲོག་ལུ་ ཉེན་འཚུབ་ཐུགཔ་ད་ མཁན་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་ཉེན་སྐྱོབ་མཛད་གནང་ནུག། ཡུན་མ་རིང་ཅིག་ཁར་ ཁྲི་རིན་པོ་ཆེ་ཚུལ་ཁྲིམས་གྲགས་པ་མཆོག་ སྡེ་སྲིད་ཀྱི་ཁྲི་ལས་དགོངསམ་ཞུ་ནུག།
སྤྱི་ལོ་ ༡༨༠༩ ལུ་ ཐིམ་ཕུག་རྫོང་དཔོན་དང་ས་པ་དང་ སྤ་གྲོ་སྤྱི་བླ་སྟོད་ཅུང་པ། དར་དཀར་སྤྱི་བླ་དཔྲལ་བ། ཀྲོང་གསར་སྤྱི་བླ་ཚ་ཕུག་རྡོ་རྗེ་ཚུ་གིས་ མཁན་ཆེན་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་བདུན་པའི་ཁྲི་ལུ་མངའ་གསོལ་ཞུ་གནང་ནུག།

སྡེ་སྲིད་མཆོག་གི་མཛད་རྣམ།[ཞུན་དག།]

མཁན་ཆེན་ཁྲི་རབས་ཉི་ཤུ་པ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ སྡེ་སྲིད་ཁྲི་རབས་ཉེར་བདུན་པ་སྦེ་མངའ་གསོལ་མཛད་པའི་ཤུལ་མ་ རྗེ་འཇམ་དཔལ་གྲགས་པ་ མཁན་ཆེན་ཁྲི་རབས་ཉི་ཤུ་རྩ་གཅིག་པ་སྦེ་བསྐོ་བཞག་གནང་ནུག། སྤྱི་ལོ་ ༡༨༠༩ ལུ་ སྡེ་སྲིད་ཟུང་འབྲེལ་གྱི་ཁྲི་ལུ་བརྟེན་ ནང་འཁྲུག་ལངས་ཡོད་མི་འདི་མ་ཆདཔ་ལས་ བྱམས་མགོན་ངག་དབང་འཇམ་དཔལ་ཡེ་ཤེས་རྡོ་རྗེ་དང་ རྗེ་ཁྲི་པ་འཇམ་དཔལ་གྲགས་པ་དང་ རྗེ་ཁྲི་ཟུར་ངག་དབང་ཆོས་རྒྱལ་གསུམ་ཁ་འཆམས་ཏེ་ ཁྲི་འདུམ་མཛད་གནང་ནུག།
སྡེ་སྲིད་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ལུ་ སྤུངས་རྫོང་པ་གིས་ངོ་ལོག་སྟེ་ ཚུལ་མིན་གྱིས་ལཱ་ལེ་ཤ་འབདཝ་ལས་ ཞབས་དྲུང་འཇིགས་མེད་གྲགས་པ་དང་ མཁན་ཁྲི་འཇམ་དཔལ་གྲགས་པ་རྣམ་གཉིས་ཀྱིས་ གསུང་གྲོས་གནངམ་བཞིན་དུ་ སྤུངས་རྫོང་པ་འདི་དགོངས་ཞུ་བཏང་ནུག།

སྡེ་སྲིད་མཆོག་གི་མཛད་པ་མཐའ་མ།[ཞུན་དག།]

སྤྱི་ལོ་ ༡༨༡༡ ཟླཝ་ ༤ པའི་ནང་ སྡེ་སྲིད་ཁྲི་རབས་ཉེར་བརྒྱད་པ་ཕྱོགས་ལས་ངག་དབང་ཡེ་ཤེས་རྒྱལ་མཚན་མཆོག་ སྡེ་སྲིད་ཀྱི་ཁྲི་ཐོག་ལས་དགོངས་ཞུ་མཛད་དེ་ སྤ་གྲོ་གསང་ཆེན་ཆོས་འཁོར་ལུ་གདན་ས་བཟུང་སྟེ་བཞུགས་ནུག།

དགོངསམ་ཞུ་བའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

ཞབས་དྲུང་གསུང་སྤྲུལ་ཕྱོགས་ལས་རིམ་བྱོན་གྱི་མིང་གཏམ་ བོད་དང་རྒྱ་ནག་ཕྱོགས་ལུ་ཡོངས་གྲགས་ཡར་སོ་ནུག། རྒྱ་ནག་རྒྱལ་པོ་གིས་གདན་འདྲེན་ཞུ་སྟེ་ རྩ་བའི་བླམ་སྦེ་བསྟེན་ཏེ་ ཆོས་གསན་ཞིནམ་ལས་ འབུལ་ཆེན་ཚུ་ཡང་ཕུལ་ནུག། ད་རེས་ནངས་པ་ གདན་ས་གསང་ཆེན་ཆོས་འཁོར་ལུ་ གསེར་གྱི་གླེགས་བམ་དང་ སངས་རྒྱས་རབ་བདུན་གྱི་མཐོང་གྲོལ་ཚུ་མཇལ་ནི་ཡོདཔ་ཨིན། དེ་བསྒང་ ཞབས་དྲུང་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་གིས་ ཤིང་འབྲས་ཨན་འབྲས་ཀྱི་སོན་ རྒྱ་ནག་ལས་ འབྲུག་ལུ་བསྣམས་བྱོན་ནུག།
ཞབས་དྲུང་མཆོག་འབྲུག་ལུ་ལོག་བྱོན་ཞིནམ་ལས་ གསང་ཆེན་ཆོས་འཁོར་ལུ་ཐུགས་དམ་གནང་བཞུགས་ཏེ་ ཁོ་རའི་སློབ་མ་ཚུ་ལུ་ཆོས་འཁོར་ཚུ་བསྐོར་གནང་ནུག། སྤྱི་ལོ་ ༡༨༣༠ ཟླཝ་ ༩ པའི་ཚེས་ ༢༢ ལུ་དགུང་ལོ་ ༥༠ བཞེས་པའི་མཐའ་མ་དགོངས་པ་ཆོས་ཀྱི་དབྱིངས་ལུ་ཐིམ་སོ་ནུག།


སྡེ་སྲིད་ཁྲི་རབས་ཉི་ཤུ་རྩ་དགུ་པ་ ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའིམཛད་རྣམ།[ཞུན་དག།]

ས་སྐྱོང་མི་དབང་ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པ་མཆོག་ སྤྱི་ལོ་ ༡༧༩༡ ཟླ་ ༤ པའི་ཚེས་ ༡༥ རང་ལུགས་འདས་ལོ་ ༡༤༡ པ་རབ་བྱུང་བཅུ་གསུམ་པའི་ནང་ ཤར་ཕྱོགས་ཝེང་མཁར་ལུ་སྐུ་འཁྲུངས་ནུག། སྡེ་སྲིད་མཆོག་ དགུང་ལོ་གསུམ་དེ་ཅིག་ལས་ར་ ཞབས་དྲུང་རིན་པོ་ཆེའི་སྐུ་སྐྱེས་སྦེ་ངོས་འཛིན་གྲུབ་མི་ལུ་བརྟེན་ སྤྱི་ལོ་ ༡༧༩༤ ལུ་སྡེ་སྲིད་ཁྲི་རབས་ཉི་ཤུ་པ་ བསོད་ནམས་རྒྱལ་མཚན་གྱིས་འགོ་འདྲེན་འཐབ་ཐོག་ལས་ གདན་ས་བཀྲ་ཤིས་ཆོས་རྫོང་ལུ་གདན་འདྲེན་ཞུ་ནུག།
སྤྱི་ལོ་ ༡༧༩༥ ལུ་ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པའི་རྒྱལ་ཚབ་ བླ་མ་ཁྲི་པ་བཅུ་པའི་ཁྲི་ཁར་མངའ་གསོལ་ཞུ་ནུག། དེ་ལས་ མཁན་ཆེན་ཁྲི་རབས་བཅོ་བརྒྱད་པ་འཇམ་དབྱངས་རྒྱལ་མཚན་དང་ ཡོངས་འཛིན་མཁན་ཆེན་ཁྲི་རབས་ཉེར་གཉིས་པ་འཇིགས་མེད་རྒྱལ་མཚན་ལས་ རིམ་པ་བཞིན་དུ་ གདམས་ངག་ཡོངས་རྫོགས་གསན་ཏེ་ མཁས་གྲུབ་ཀྱི་གོ་གནས་བཞེས་ནུག།
སྤྱི་ལོ་ ༡༨༠༧ ལུ་ སྡེ་སྲིད་ཁྲི་རབས་ཉེར་བཞི་པ་དབུ་མཛད་སྤ་སྒྲོ་པ་གིས་ ཉམས་གསོ་དང་རྒྱ་སྐྱེད་མཛད་གནང་ཡོད་མི་གཙུག་ལག་ཁང་ རྟ་ལོག་གསང་སྔགས་ཆོས་གླིང་ གོང་ས་འཇིགས་མེད་སེང་གེ་གི་གདན་ས་འདི་ ཞབས་དྲུང་ཐུགས་སྤྲུལ་རིམ་བྱོན་ཚུ་གི་གདན་ས་ལུ་གྱུར་ནུག། དེ་མ་ཚད་ སྡེ་སྲིད་ཁྲི་རབས་ཉེར་ལྔ་པ་པདྨ་ཆོས་གྲགས་མཆོག་གིས་ཞུ་བ་ཕུལཝ་བཞིན་དུ་ རྒྱལ་ཁང་གསརཔ་གཞི་བཙུགས་གནང་ནུག། སྤྱི་ལོ་ ༡༨༠༩ ལུ་ ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་ དགུང་ལོ་ ༡༨ བཞེས་པའི་སྐབས་ དགུང་སྐག་ཕོགཔ་ལས་ རྐྱེན་ཟློག་ཐབས་ལུ་ དབེན་སྤང་དཀར་པོ་ལུ་ ཐུགས་དམ་རིམ་པ་གཉིས་ལུ་བརྩོན་ཏེ་བཞུགས་ནུག།
སྤྱི་ལོ་ ༡༨༠༩ ལུ་ཁྲི་རིན་པོ་ཆེ་ཚུལ་ཁྲིམས་གྲགས་པ་དང་ མཁན་ཆེན་ཡེ་ཤེས་རྒྱལ་མཚན། དེ་ལས་ གཞུང་ལྷན་རྒྱས་ཚོགས་ཀྱིས་ ཟླཝ་ ༣ པའི་ཚེས་ ༣ ལུ་སྤུ་ན་ཁ་ལུ་གདན་འདྲེན་ཞུ་སྟེ་ ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་ ཆོས་སྲིད་ཟུང་འབྲེལ་གྱི་འགན་ཁག་བཞེས་དགོཔ་སྦེ་ཞུ་བ་ཕུལ་ཡོདཔ་དང་ དེ་གི་ནངས་པ་ ཁྲི་མངའ་གསོལ་ཞུ་ནིའི་དོན་ལུ་ཁྱབ་བསྒྲགས་གནང་ནུག། ཨིན་རུང་ དེ་གི་སྐོར་ལས་ ཁྲི་རིན་པོ་ཆེའི་ནང་བློན་ཚུ་དང་གཅིག་ཁར་ བསྟུན་གྲོས་མ་འབདཝ་ལས་བརྟེན་ ཉན་མ་བཏུབ་པར་ རྟེན་འབྲེལ་གྱི་ལས་རིམ་ཆ་མེད་བཏང་ཡོདཔ་ལས་ ཟླཝ་ ༣ པའི་ཚེས་ ༡༠ ལུ་ཞབས་དྲུང་གི་ཕྱག་ཞུ་མི་ཚུ་གིས་ ནང་འཁྲུག་འགོ་བཙུགས་ནུག། ནང་འཁྲུག་འབྱུང་པའི་སྐབས་ ཁྲི་རིན་པོ་ཆེའི་ཕྱོགས་ཀྱིས་ ཞབས་དྲུང་གི་ཕྱག་ཞུ་མི་ཚུ་ ཕམ་མ་ཚུགས་པར་ མཁན་ཆེན་མཆོག་ལུ་སྲོག་སྐྱབས་ཞུ་དགོཔ་ཐོན་སོ་ནུག།
ཐིམ་ཕུགཔ་དང་ དར་དཀར་དཔོན་སློབ། སྤ་གྲོ་དཔོན་སློབ། ཀྲོང་གསར་དཔོན་སློབ་ཚུ་ཁ་འཆམས་ཏེ་ མཁན་ཆེན་ཁྲི་རབས་ཉི་ཤུ་པ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ སྡེ་སྲིད་ཁྲི་རབས་ཉེར་བརྒྱད་པའི་ཁྲི་ཁར་མངའ་གསོལ་ཞུ་ཡོད་རུང་ ཞབས་དྲུང་འཇིགས་མེད་གྲགས་པའི་ཕྱོགས་ལས་ དབང་འདུས་རྫོང་དཔོན་དང་ སྤུ་ན་ཁ་རྫོང་དཔོན་ཚུ་གིས་དམག་འཁྲུག་ལོངས་ཏེ་ སེམས་རྟོགས་ཁ་རྫོང་ཐོབ་ཆི་ནུག། ཟླཝ་ ༧ པའི་ནང་ ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་ གསོལ་ཐབ་སེམས་རྟོགས་ཁ་ལུ་བྱོན་སོ་ནུག། ཟླཝ་ ༡༠ པའི་ནང་ དམག་འདི་ཐག་ཆོད་མ་ཚུགས་པར་ མི་མང་གི་འགོ་དཔོན་དང་ སྤྱི་དཔོན་ཚུ་གིས་ མི་མང་གི་ཚེ་སྲོག་ལུ་ཉན་ཁ་སྦོམ་བྱུང་ཡོདཔ་ལས་བརྟེན་ ཁྲི་འདུམ་མཛད་གནང་དགོ་པའི་ཞུ་བ་ མཁན་ཆེན་ཁྲི་པ་འཇམ་དཔལ་གྲགས་པ་དང་ མཁན་ཆེན་སྐུ་བགྲེས་ཡེ་ཤེས་རྒྱལ་མཚན། དེ་ལས་ མཁན་ཆེན་ངག་དབང་ཆོས་རྒྱལ་གསུམ་ལུ་ཕུལ་ནུག། སྤྱི་ལོ་ ༡༨༡༠ ལུ་མཁན་ཆེན་རྣམ་པ་གསུམ་གྱིས་ གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་དང ཞབས་དྲུང་འཇིགས་མེད་གྲགས་པ་གཉིས་ སྡེ་སྲིད་ཟུང་འབྲེལ་མཛད་དགོཔ་སྦེ་ཆིངས་འགྲིག་གནང་སྟེ་ ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་ སྡེ་སྲིད་ཁྲི་རབས་ཉེར་དགུ་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག།

སྡེ་སྲིད་མཆོག་གི་མཛད་རྣམ།[ཞུན་དག།]

སྤྱི་ལོ་ ༡༨༡༠ པའི་ནང་ གནམ་དགུན་ལུ་ སྡེ་སྲིད་ཞབས་དྲུང་འཇིགས་མེད་གྲགས་པ་དང་ གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་གཉིས་ ཐུགས་མཐུན་པའི་ཐོག་ལས་ མཛད་སྒོ་ཚུ་ཚུལ་བཞིན་མཛད་གནང་ནུག།

སྡེ་སྲིད་མཆོག་གི་མཛད་པ་མཐའ་མ་དང་ དགོངས་ཞུ་བའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྤྱི་ལོ་ ༡༨༡༠ ཟླཝ་ ༤ པའི་ནང་ སྡེ་སྲིད་ཞབས་དྲུང་ཐུགས་སྤྲུལ་འཇིགས་མེད་གྲགས་པ་མཆོག་ དགུང་ལོ་ཉེར་གཉིས་བཞེསཔ་ད་ རང་གི་མོས་པའི་ཐོག་ལས་ སྡེ་སྲིད་ཀྱི་ཁྲི་ལས་དགོངས་ཞུ་མཛད་ནུག། དགོངས་ཞུ་མཛད་པའི་ཤུལ་ལུ་ སེམས་རྟོགས་ཁ་ལུ་བཞུགས་ཏེ་ ཡོངས་འཛིན་འཇམ་དབྱངས་རྒྱལ་མཚན་གྱི་རྣམ་ཐར་ གསར་རྩམ་མཛད་ནུག། སྤུངས་རྫོང་པ་དཔལ་འབར་གྱིས་ ལཱ་ངན་མང་རབས་ཅིག་འབདཝ་ལས་ ཞབས་དྲུང་མཆོག་གིས་ སྤུངས་རྫོང་པའི་གོ་གནས་ལས་དགོངསམ་ཞུ་བཅུག་ནུག། རྗེ་འཇམ་དཔལ་གྲགས་པ་མཆོག་ མཁན་ཁྲི་ཉེར་གཅིག་པ་ལས་དགོངས་ཞུ་མཛད་དེ་ མཁན་ཁྲི་ཉེར་གཉིས་པ་འཇིགས་མེད་རྒྱལ་མཚན་འདི་ ཁྲི་མངའ་གསོལ་མ་ཞུ་ཚུན་ཚོད་ ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་གིས་ མཁན་ཆེན་གྱི་ཕྱག་འགན་བཞེས་ཏེ་བཞུགས་ནུག། རྟ་ལོག་གཙུག་ལག་ཁང་ ཞབས་དྲུང་གི་མཐོང་གྲོལ་མཇལ་ཁ་གནང་ནིའི་དོན་ལུ་བཞེངས་ཡོདཔ་དང་ གྲུབ་ཆུ་ཡང་བཏོན་ནུག་ དེ་ལས་ མཐོང་གྲོལ་ཁྱད་དུ་འཕགས་པ་མང་རབས་ཅིག་བཞེངས་གནང་ནུག། དེ་ལས་ སྤྱི་ལོ་ ༡༨༣༠ ཟླཝ་ ༨ པའི་ཚེས་ ༣༠ ལུ་ ཞབས་དྲུང་ཐུགས་སྤྲུལ་འཇིགས་མེད་གྲགས་པ་མཆོག་ དགོང་ལོ་ ༤༠ བཞེསཔ་ད་ དགོངས་པ་ཆོས་ཀྱི་དབྱིངས་ལུ་ཐིམ་སོ་ནུག་གོ།

སྡེ་སྲིད་ཁྲི་རབས་སུམ་ཅུ་པ་ས་སྐྱོང་མི་དབང་ཚ་ཕུག་རྡོ་རྗེའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་སུམ་ཅུ་པ་ ས་སྐྱོང་མི་དབང་ཀྲོང་གསར་དཔོན་སློབ་ཚ་ཕུག་རྡོ་རྗེ་མཆོག་ སྟོད་ཝང་ཚ་ཕུག་ནང་ལུ་སྐུ་འཁྲུངས་ཏེ་ མཚན་ཡང་ཚ་ཕུག་རྡོ་རྗེ་ཟེར་གསོལ་ནུག། སྐུ་ན་ཆུང་ཀུའི་བསྒང་ལས་ སྒར་ལྟོ་སྦེ་ཕྱག་ཞུ་སྟེ་ སྲིད་སྐྱོང་གི་ལམ་ལུགས་དང་སྒྲིག་ལམ་རྣམ་གཞག་ཚུ་ལུ་ཉམས་མྱོང་ཐོབ་ཡོདཔ་ལས་ རིམ་གྱིས་སྦེ་ ཆོས་རྩེ་དཔོན་སློབ་ཀྱི་གོ་གནས་བཞེས་ནུག། སྡེ་སྲིད་ཁྲི་རབས་ཉེར་བཞི་པ་ སངས་རྒྱས་བསྟན་འཛིན་དང་ སྡེ་སྲིད་ཁྲི་རབས་ཉེར་ལྔ་པ་དབུ་མཛད་སྤ་གྲོ་པ། སྡེ་སྲིད་ཁྲི་རབས་ཉེར་དྲུག་པ་ པདྨ་ཆོས་གྲགས་ཚུ་གིས་ སྲིད་སྐྱོང་མཛད་གནང་བའི་སྐབས་ལས་འགོ་བཟུང་སྟེ་ ཁྲི་རིན་པོ་ཆེ་ཚུལ་ཁྲིམས་གྲགས་པ་མཆོག་ ཆོས་སྲིད་ཟུང་འབྲེལ་གྱི་ཁྲི་ཐོག་ལུ་མ་བཀལ་ཚུན་ཚད་ ཆོས་རྩེ་དཔོན་སློབ་ཚ་ཕུག་རྡོ་རྗེ་གིས་ ངོ་ལོག་རྐྱབ་སྟེ་ནང་འཁྲུག་ལང་བཅུག་ནུག།
སྤྱི་ལོ་ ༡༨༠༩ ལས་ ༡༨༡༠ ཚུན་ ཆོས་རྩེ་དཔོན་སློབ་ཚ་ཕུག་རྡོ་རྗེ་མཆོག་ ཞབས་དྲུང་འཇིགས་མེད་གྲགས་པའི་ཕྱོགས་གཏོགས་ལུ་ ཐིམ་ཕུག་དང་དར་དཀར་ན། སྤ་རོ་དཔོན་སློབ་ཚུ་གི་འཆར་གཞི་དང་འཁྲིལ་ཏེ་ ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་གི་ཧོངས་ལས་ བྱང་ཕྱད་རྐྱབ་མི་ཚུ་གི་གྲས་ལས་གཅིག་ ཁོ་ཨིན་མས།
སྡེ་སྲིད་ཁྲི་རབས་ཉེར་བརྒྱད་པ་ ཞབས་དྲུང་གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་མཆོག་ སྤྱི་ལོ་ ༡༨༡༡ ཟླཝ་ ༤ པའི་ནང་ སྡེ་ཁྲི་ལས་དགོངས་ཞུ་མཛདཔ་ད་ སྤྱི་ལོ་ ༡༨༡༡ ཟླཝ་ ༥ པའི་ནང་ ཆོས་རྩེ་དཔོན་སློབ་ཚ་ཕུག་རྡོ་རྗེ་མཆོག་ ལྕོགས་གྲུབ་ཅན་ཅིག་འབདཝ་ལས་ ཁོ་རའི་དབང་ཚད་ཀྱི་སྒོ་ལས་ སྡེ་སྲིད་ཁྲི་རབས་སུམ་ཅུ་པའི་ཁྲི་ཁར་བྱོན་ནུག། དེའི་སྐབས་ ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པ་མཆོག་གིས་ ཆོས་རྩེ་དཔོན་སློབ་ཚ་ཕུག་རྡོ་རྗེ་ལུ་ ལེགས་དར་དང་བཅས་ ཆིབས་རྟ་གནང་ནུག། སྡེ་སྲིད་མཆོག་གིས་ ཞབས་བརྟན་ཟབ་རྒྱས་ཕུལ་ནུག།

སྡེ་སྲིད་མཆོག་གི་མཛད་རྣམ་དང་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་ཚ་ཕུག་རྡོ་རྗེ་མཆོག་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་མངའ་གསོལ་ཏེ་ སྲིད་སྐྱོང་མཛད་དེ་ཟླཝ་དྲུག་ཡང་མ་ལངསམ་ལས་ ཐིམ་ཕུག་རྫོང་དཔོན་བསོད་ནམས་འབྲུག་རྒྱས་ཀྱིས་ ངོ་ལོག་རྐྱབ་སྟེ་ སྡེ་སྲིད་མཆོག་བཀྲོངས་ད་ནུག།


སྡེ་སྲིད་ཁྲི་རབས་སོ་གཅིག་པ་ ཐིམ་རྫོང་པ་བསོད་ནམས་འབྲུག་རྒྱས་ཀྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མ་མཛད་པའི་ཧེ་མ།[ཞུན་དག།]

དང་པ་སྐུ་འཁྲུངས་པ་དང་ཆོས་རྗེས་འབྲུག་པའི་སྒར་ལྟོའི་གྲལ་དུ་ཞུགས་པ།[ཞུན་དག།]

སྡེ་སྲིད་ཁྲི་རབས་སོ་གཅིག་པའི་མཚན་ཡང་ བསོད་ནམས་འབྲུག་རྒྱས་ཟེར་ གསོལ་དགོ་པའི་དགོས་པ་ཡང་ ཝང་ཚོ་ཆེན་བརྒྱད་ཀྱི་ཡ་གྱལ་སྟོད་ཝང་སྲིན་མོ་ལུ་འཁྲུངས་ནི་འདི་གིས་ཨིན་པས། ཁོ་ར་འདི་ གཞོན་སྐྱེས་ལངམ་ད་ ཁོ་ར་དང་ཁོ་རའི་གཡུས་ཁར་ལས་འབད་མི་ཆ་རོགས་ སྟོད་ཝང་དར་ལུང་པ་མ་ཧཱ་བྷ་ལ་བུམ་ཐང་བྱ་དཀར་རྫོང་དཔོན་འབད་དེ་བཞུགས་ས་ལུ་ གནས་སྐོར་བྱོན་པའི་སྐབས་ དགེ་སློང་གི་གཡོག་རྒྱུག་མི་སྦེ་ སྒྲིག་རྒྱུག་སྟེ་བཞུགས་ནུག།
དེ་བསྒང་ ཧེ་མ་སྤྲུལ་སྐུ་མཆོག་ལྡན་མགོན་པོའི་དགོན་གནས་ བུམ་ཐང་བླ་མའི་དགོན་པའི་གདན་ས་ལུ་ བྱ་དཀར་རྫོང་གི་ཉེ་འདབས་ལྷ་ལུང་དཔལ་རྡོར་གྱི་གདུང་བརྒྱུད་ བྱ་དཀར་གདུང་གི་ཁྱིམ་ནང་ལས་ ནོར་བུ་སྒྲོན་མ་དང་གཉེན་དུ་བསྡོམས་ཏེ་ བཞུགས་པའི་ཐ་མ་ ཁོང་གཉིས་ལུ་ སྲས་ལྔ་དང་སྲོས་མོ་གཉིས་བྱུང་ནུག། གཏམ་ཞིང་ཆོས་རྗེ་ཨོ་རྒྱན་ཕུན་ཚོགས་ཀྱི་ བྱུང་བའི་སྤུན་ཆ་རྒན་ཤོས་སྲས་མོ་རིན་ཆེན་པདྨོ་དེ་དང་ གཉེན་གཅིག་ཁར་བསྡོམས་པའི་བཟའ་ཚང་ལུ་གྱུར་པའི་ སྲས་མོ་པདྨ་ཆོས་སྐྱིད་འདི་ཤུལ་མ་ གོང་ས་འཇིགས་མེད་རྣམ་རྒྱལ་བཙུན་མོ་བཞེས་སྟེ་སྡོད་ཡོདཔ་ཨིན་པས།

གཉིས་པ་གོ་གནས་རིམ་པ་མ་འདྲཝ་བཞེས་པའི་སྐོར།[ཞུན་དག།]

འབྲུག་སྡེ་སྲིད་སོ་དགུ་པ་བསོད་ནམས་འབྲུག་རྒྱས་མཆོག་ནི་ འབྲུག་སྡེ་སྲིད་མ་མཛད་པའི་ཧེ་མ་ སྟོད་ཝང་དར་ལུང་པ་མ་ཧཱ་བྷ་ལ་བུམ་ཐང་བྱ་དཀར་རྫོང་དཔོན་འོག་ ཕྱག་ཞུས་ཏེ་ལོ་དག་པ་ཅིག་ལས་ར་ ཆིབས་ཞོན་པའི་གོ་གནས་ བུམ་ཐང་བྱ་དཀར་རྫོང་གི་སྒོ་སྲུང་པའི་གོ་གནས་བཞེས་ཏེ་བཞུགསཔ་ད་ ཁོ་རའི་ལྕོགས་གྲུབ་ཆེན་པོ་ལས་བརྟེན་གཉིས་སྐལ་མའི་གོ་གནས་ ཀྲོང་གསར་གཟིམ་དཔོན་ཐོབ་པའི་ཁར་ ད་རུང་ ཡུན་མ་རིངམ་ཅིག་ཁར་ ཀྲོང་གསར་ལུ་ཁོ་གིས་ ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་དང་ དེའི་ཤུལ་ལས་ ཐིམ་ཕུག་ལུ་ཡང་ ཐིམ་ཕུག་རྫོང་དཔོན་གྱི་གོ་གནས་ཚུ་ རིམ་པ་བཞིན་དུ་བཞེས་ཏེ་ བཞུགས་སྡོད་སྡོདཔ་ཨིན་པས།

སྡེ་སྲིད་ཀྱི་ཁྲི་ལུ་མངའ་གསོལ་ཞུ་ཡོད་པའི་སྐོར།[ཞུན་དག།]

ཐིམ་རྫོང་པ་བསོད་ནམས་འབྲུག་རྒྱས་ཀྱི་ སྡེ་སྲིད་སུམ་ཅུ་པ་ཚ་ཕུགས་རྡོ་རྗེ་མཆོག་ནི་ ཁྲི་ཐོག་གུར་ ཟླ་ངོ་ ༥ དེ་ཅིག་འགྱོཝ་ད་བཀྲོང་མི་དེ་ཡང་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཅུ་གཅིག་(༡༨༡༡) ལྕགས་ལུག་ཟླ་ལྔ་པའི་ནང་ ཀྲོང་གསར་དཔོན་སློབ་ཚ་ཕུགས་རྡོ་རྗེ་ནི་ སྡེ་སྲིད་སུམ་ཅུ་པའི་ཁྲི་ལུ་བཞུགསཔ་ད་ ཀྲོང་གསར་དཔོན་སློབ་ཀྱི་ཁྲི་འདི་ ཧེ་མ་བསོད་ནམས་འབྲུག་རྒྱས་ཀྱིས་མཛད་ཡོདཔ་ཨིན་རུང་ སྡེ་སྲིད་ཁྲི་ཐོག་ནི་ སྡེ་སྲིད་བསོད་ནམས་འབྲུག་རྒྱས་ཀྱི་ཧེ་མ་ ཚ་ཕུགས་རྡོ་རྗེ་གིས་མཛད་མི་ལུ་ངལ་མ་རངས་པར་ ཐིམ་རྫོང་པ་བསོད་ནམས་འབྲུག་རྒྱས་ཀྱིས་ སྡེ་སྲིད་སུམ་ཅུ་པ་ཚ་ཕུགས་རྡོ་རྗེ་ནི་ སྡེ་པའི་ཁྲི་ཐོག་ཁར་ར་བཀྲོངས་བཏང་ནུག། དེ་ལས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཅུ་གཉིས་(༡༨༡༢) པའི་ཆུ་སྤྲེལ་ལོའི་ནང་ རྫོང་ཁག་ཡོངས་ཀྱི་རྫོང་དཔོན་ག་ར་འཛོམས་བཞིན་ ཐིམ་ཕུག་རྫོང་དཔོན་བསོད་ནམས་འབྲུག་རྒྱས་ནི་ གསོལ་ཐབས་སྤུ་ན་ཁར་ཕེབས་ཞིནམ་ལས་ སྡེ་སྲིད་ཁྲི་རབས་སོ་གཅིག་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག།

སྡེ་སྲིད་ཁྲི་ཐོག་གི་ཕྱག་ཤུལ།[ཞུན་དག།]

དང་པ་ཕས་རྒོལ་ཟིལ་གྱིས་གནོན་ཏེ་ཞི་བདེའི་གོ་སྐབས་བཟོ་གནང་བ།[ཞུན་དག།]

སྡེ་སྲིད་གཤགས་མི་ཚ་ཕུགས་རྡོ་རྗེའི་ཕྱག་ཞུ་མི་དང་ ཞབས་དྲུང་གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་གྱི་ཕྱག་ཞུ་མི་ཚུ་ ཁ་རུབ་སྟེ་ རྒྱབ་འགལ་གྱི་གྲོས་འཆར་བརྩམས་པ་མ་ཚད་ ཞབས་དྲུང་འཇིགས་གྲགས་ལུ་ཡང་ དེ་ལུགས་ཀྱི་སྙན་ཞུ་ཕུལ་ནུག། སྡེ་སྲིད་ཀྱི་དབང་ལུ་ ཞབས་དྲུང་ཕྱག་གཡོག་ཚོ་ཆེན་གྱི་དགེ་འདུན་པ་ཚུ་ རང་སོའི་གཡུས་ཁར་ཆུ་བྲག་འགོ་པ་ཚུ་ཡང་ལོག་སོང་པའི་ཤུལ་ལུ་ གཞན་ཚུ་ག་ར་སྡེ་སྲིད་ཀྱི་བསོད་དབང་ཤུགས་ཀྱིས་འོག་ལུ་བསྡུ་བཏངམ་ལས་ ཕས་ཀྱི་རྒོལ་བ་གིས་གླགས་རྙེད་མ་ཚུགས་པར་ འདས་པའི་ལོ་ཚུ་ནང་ རྒྱལ་ཁབ་ཀྱི་དགའ་སྐྱིད་འཕྲོག་མི་ཟིང་རྐྱེན་ཚུ་ཟིལ་གྱིས་གནོན་ཏེ་ ཚར་ཅིག་རྒྱལ་ཁབ་ཞི་བདེའི་གོ་སྐབས་ཤར་ནུག།

གཉིས་པ་ཞབས་དྲུང་འཇིགས་མེད་གྲགས་པ་ལུ་བཟོད་གསོལ་ཕུལ་བ།[ཞུན་དག།]

འབྲུག་སྡེ་སྲིད་བསོད་ནམས་འབྲུག་རྒྱས་མཆོག་ནི་ སྔོན་མ་ཞབས་དྲུང་རིན་པོ་ཆེ་ཡང་གཞུང་གི་དགྲ་ཟླར་བཟུང་སྟེ་ ཡིད་ཆེས་ཀྱི་དད་པ་མེད་རུང་ མཁན་ཆེན་ཧེ་མའི་ངག་དབང་ཆོས་རྒྱལ་གྱིས་ འབྲུག་སྡེ་སྲིད་བསོད་ནམས་འབྲུག་རྒྱས་མཆོག་ལུ་ ཞབས་དྲུང་སྤྲུལ་སྐུའི་ཐུགས་བདག་ཟིན་པ་ཅིག་མ་འབད་བ་ཅིན་ ལེགས་ཤོམ་མི་འོང་ནིའི་རྒྱུ་མཚན་མནལ་ལམ་གཟིགས་མི་ཚུ་གསུངས་གནངམ་ལས་ ཞབས་དྲུང་འཇིགས་མེད་གྲགས་པ་ནི་ ས་སྐྱོང་བགྲེས་པོ་སངས་རྒྱས་བསྟན་འཛིན་གྱི་སྤུར་སྦྱང་ནང་ བཀྲ་ཤིས་ཆོས་རྫོང་ལུ་གདན་འདྲེན་ཞུ་བའི་སྐབས་ མི་དབང་སྡེ་སྲིད་མཆོག་དང་བློན་པོ་ག་ར་གིས་ ཧེ་མའི་ལཱ་འབད་མི་ལུ་བློ་འཁོལ་བའི་སེམས་དྲག་པོའི་བཤགས་པ་དང་བཤགས་རྟེན་འབུལ་བ་རྒྱ་ཆེན་པོར་ཕུལ་ཏེ་ འདི་མན་ཆད་ཞབས་དྲུང་རིན་པོ་ཆེ་བཞུགས་ས་ཡང་གདན་ས་ཕན་ཚུན་གཉིས་ནང་བཞུགས་དགོཔ་དང་ གསོལ་ཐབ་ཡང་སྟབས་གཅིག་ཁར་ཕེབས་དགོ་པའི་གསོལ་བཏབ་ཞུཝ་ད་ ཞབས་དྲུང་རིན་པོ་ཆེ་གིས་ཡང་གསན་ཏེ་ དེ་ལས་ཚུར་ཡོན་ཏན་སྦྱིན་བདག་ཐུགས་སྣང་གཙང་དག་ལུ་གྱུར་སོ་ནུག།

གསུམ་པ་མཁན་ཆེན་ཁྲི་རབས་ཉེར་གཉིས་པའི་མངའ་གསོལ།[ཞུན་དག།]

མཁན་ཆེན་ཁྲི་རབས་ཉེར་གཉིས་པ་འཇམ་དཔལ་གྲགས་པ་ནི་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཅུ་དྲུག་(༡༨༡༦) མེ་བྱི་ལོ་ལུ་ དགོངས་ཞུ་མཛད་དེ་ དགོན་པར་བྱོན་པའི་ཤུལ་མ་མཁན་པོའི་ཕྱག་འགན་ ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པ་གིས་མཛད་དེ་བཞུགས་པའི་བར་ན་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཅུ་དྲུག་(༡༨༡༦) མེ་བྱི་ཟླ་བདུན་པའི་ཚེས་ཉི་ཤུ་ལུ་ མཁན་ཆེན་ཁྲི་ཟུར་ངག་དབང་ཆོས་རྒྱལ་ནི་ དགོངས་པ་རྫོགས་སོངམ་ལས་ མཁན་ཆེན་ཁྲི་ཟེར་གྱི་དགོངས་རྫོགས་ཕྱག་ལཱ་ཚུ་མཇུག་བསྡུཝ་ཅིག་ མཁན་རབས་ཉེར་གཉིས་པའི་ཁྲི་ཐོག་གུར་ ཞབས་དྲུང་འཇིགས་མེད་གྲགས་པ་དང་ འབྲུག་སྡེ་སྲིད་བསོད་ནམས་འབྲུག་རྒྱས་ཀྱིས་རྒྱལ་སྲས་སྐུ་འཕྲེང་ལྔ་པ་འཇམ་དཔལ་རྡོ་རྗེའི་ཡོངས་འཛིན་ འཇིགས་མེད་རྒྱལ་མཚན་མཆོག་ནི་ མངའ་གསོལ་ཞུ་ནུག།

བཞི་པ་འབྲུག་དང་བལ་པོའི་མཐུན་འབྲེལ་རྒྱུན་སྐྱོང་ཟད་འགྲོ།[ཞུན་དག།]

ཧེ་མ་ སྡེ་སྲིད་ཁྲི་རབས་ཉེར་བརྒྱད་པ་ ཕྱོགས་ལས་ཡེ་ཤེས་རྒྱལ་མཚན་གྱིས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཅུ་གསུམ་(༡༨༡༣) པའི་ཆུ་བྱ་ལོ་ལུ་ འབྲུག་པའི་བླ་མ་སངས་རྒྱས་ནོར་བུ་ བལ་ཡུལ་འཕགས་པ་ཤིང་ཀུན་ཉམས་གསོ་ཞུ་བར་བཏང་མི་དེ་ཡང་ སྡེ་སྲིད་བསོད་ནམས་འབྲུག་རྒྱས་སྐབས་ ཉམས་གསོ་ལེགས་ཤོམ་སྦེ་བསྒྲུབས་ཏེ་ལོག་ལྷོདཔ་ལས་ འབྲུག་དང་བལ་གྱི་མཐུན་འབྲེལ་རྒྱུན་སྐྱོང་ངང་ལུ་གནས་ནུག།

ལྔ་པ་རྒྱ་གར་ཕྱི་གཞུང་དང་འབྲེལ་བ་དང་མ་ར་གཱཌ་ས་གནས་ལོག་ཐོབ་ཡོད་པའི་སྐོར།[ཞུན་དག།]

རྒྱ་གར་ཕྱི་གཞུང་དང་ བལ་ཡུལ་ས་མཚམས་འགྲིགས་མིན་གྱི་དམག་འཁྲུག་ནི་ སྤྱི་ལོ་༡༨༡༤ ནས་༡༨༡༦ ལོ་ལུ་ཐུག་པའི་སྐབས་ཨིནམ་ལས་ ཕྱི་གཞུང་གིས་འབྲུག་གཞུང་ལུ་ བལ་པོའི་རྒྱབ་སྐྱོར་མ་མཛད་པར་བཞུགས་དགོ་པའི་ཞུ་བ་དང་འཁྲིལ་ འབྲུག་གཞུང་གི་བལ་རྒྱབ་མ་མཛད་པར་བཞུགས་ནུག།
དེ་བསྒང་ འབྲུག་གི་ས་ཁོངས་མ་ར་གཱཌ་ཟེར་མི་འདི་ ཕྱི་གཞུང་གི་སྐྱབས་འཛིན་འོག་གི་ཀུཆ་བི་ཧར་སྲིད་སྐྱོང་བས་དབང་འཛིན་འབད་བའི་སྐོར་ལས་ འབྲུག་དང་ཀུཆ་བི་ཧར་ འགྲིགས་མིན་བྱུངམ་ད་ ཕྱི་གཞུང་གིས་ སྤྱི་ལོ་ ༡༨༡༤ ལུ་ ཀིརི་ཤཱན་ཀཱནཏ་བཱོསི་ཟེར་མི་འདི་ འབྲུག་དང་གཅིག་ཁར་སླབ་པར་བཏང་ནུག། ཀིརི་ཤཱན་ཀཱནཏ་བཱོསི་གསར་སྤང་བརྒྱུད་དེ་ སྤུ་ན་ཁར་འོང་ཞིནམ་ལས་ གསུང་གྲོས་ལེགས་ཤོམ་གནང་ནི་དེ་གིས་ ཕྱི་གཞུང་གིས་ སྤྱི་ལོ་ ༡༨༡༧ པའི་ལོ་ལུ་ མ་ར་གཱཌ་ཟེར་བའི་ས་གནས་འདི་ འབྲུག་གི་དབང་ཚད་ལུ་ལོག་ཐོབ་སྦེ་བཟོ་གནང་ནུག།

སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ།[ཞུན་དག།]

འབྲུག་སྡེ་སྲིད་བསོད་ནམས་འབྲུག་རྒྱས་མཆོག་ནི་ སྤྱི་ལོ་ ༡༨༡༧ པའི་མེ་གླང་ཟླ་བརྒྱད་པའི་ནང་ བསྙུང་གཞི་ཐེབས་ཏེ་ སྐུ་གཟུགས་མ་བདེ་བར་ སྡེ་ཁྲི་ལས་དགོངས་ཞུ་མཛད་དེ་བཞུགས་ནུག།

སྡེ་སྲིད་ཁྲི་ལས་དགོངས་ཞུའི་མཛད་པ།[ཞུན་དག།]

མེ་གླང་ཟླ་ ༨ པའི་ནང་ སྡེ་སྲིད་བསོད་ནམས་འབྲུག་རྒྱས་མཆོག་ནི་ དགོངས་ཞུ་སྟེ་ལོ་ངོ་དགུ་དེ་ཅིག་ཟུར་བཞུགས་གནངམ་ད་ རྟ་ལོག་གསང་སྔགས་ཆོས་གླིང་ལུ་ ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་གིས་ རྒྱ་སྐྱེད་མཛདཔ་ད་ མཐུན་རྐྱེན་གྱི་ཞབས་ཏོག་ཡང་ཞུ་ནུག། དེ་ལས་ སྡེ་སྲིད་བསོད་ནམས་འབྲུག་རྒྱས་མཆོག་ནི་ སྤྱི་ལོ་ ༡༨༢༦ པའི་ མེ་ཁྱི་ལོ་ནང་ ཐིམ་ཕུག་ལུ་གསོལ་ཐབ་བཞུགསཔ་ད་ སྐུ་བསྙུངས་ཏེ་གཤགསཔ་ད་ ཞབས་དྲུང་འཇིགས་གྲགས་མཆོག་དང་བྱམས་མགོན་ཡེ་ཤེས་རྡོ་རྗེ་དང་ མཁན་ཁྲི་རབས་ ༢༢ པ་འཇིགས་མེད་རྒྱལ་མཚན་ཚུ་ཡང་ སྤུར་སྦྱང་ལུ་བྱོན་ཏེ་ ཐིམ་ཕུག་རྫོང་ལུ་འབད་སྤུར་སྦྱང་མཛད་གནང་ནུག།

སྡེ་སྲིད་ཁྲི་རབས་སོ་གཉིས་པ་སྤུངས་རྫོང་པ་བསྟན་འཛིན་འབྲུག་སྒྲའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མ་མཛད་གོང་གི་མཛད་པ།[ཞུན་དག།]

སྤྱི་ལོ་ ༡༧༧༡ ལྕགས་ཡོས་ལོར་ འབྲུག་སྡེ་སྲིད་བསྟན་འཛིན་འབྲུག་སྒྲ་མཆོག་ནི་ ཝང་ཚོ་ཆེན་བརྒྱད་ཀྱི་ཡ་གྱལ་སྨད་ཝང་དར་ལུང་ཁ་ལུ་སྐུ་འཁྲུངས་ཏེ་ མཚན་ཡང་བསྟན་འཛིན་འབྲུག་སྒྲ་ཟེར་གསོལ་ནུག།
མི་དབང་སྡེ་སྲིད་མཆོག་ནི་ སྐུ་ན་ཆུང་ཀུའི་བསྒང་ལས་ རྫོང་གོང་མའི་སྒྲིག་ལམ་ལུ་ཞུགས་ཏེ་ རིམ་པ་བཞིན་དུ་ ཆིབས་ཞོནམ་དང་གཉིས་སྐལ་མའི་གོ་གནས་ལས་ སྤུངས་རྫོང་པའི་བདག་རྐྱེན་དང་ དེ་ལས་གོང་གཟིམ་གྱི་བདག་རྐྱེན་བཞེས་ཏེ་བཞུགས་སྡོད་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་དུས་སྟབས་ཀྱི་རྟེན་འབྲེལ།[ཞུན་དག།]

མི་དབང་སྡེ་སྲིད་བསོད་ནམས་འབྲུག་རྒྱལ་ནི་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཅུ་བདུན་ (༡༨༡༧) མེ་གླང་ཟླ་ ༨ པའི་ནང་ སྐུ་བསྙུངས་ཏེ་ དགོངས་ཞུ་མཛད་དགོཔ་ཐོནམ་ལས་ མཁན་སློབ་འདུས་ཚོགས་ཀྱིས་བཀའ་གནང་སྟེ་ སྡེ་སྲིད་ཁྲི་རབས་སོ་གཉིས་པའི་ཁྲི་ལུ་ ལྷ་མོའི་སྒྲུབ་མཆོད་གྲོལཝ་ཅིག་ གོང་གཟིམ་བསྟན་འཛིན་འབྲུག་སྒྲ་དེ་ མངའ་གསོལ་ཞུ་ཡོདཔ་ཨིན་པས།

སྡེ་སྲིད་ཁྲི་ཐོག་གི་ཕྱག་ཤུལ།[ཞུན་དག།]

དང་པ་མདོ་སྡེ་བྲག་ལུ་བཀའ་འགྱུར་གསར་བཞེངས་པ།[ཞུན་དག།]

ས་སྐྱོང་མི་དབང་སྡེ་སྲིད་བསྟན་འཛིན་འབྲུག་སྒྲ་ནི་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཅུ་བརྒྱད་ ༡༨༡༨ ས་སྟག་ལོར་ རྗེ་ཡོན་ཏན་མཐའ་ཡས་ཀྱི་གདན་ས་མདོ་སྡེ་བྲག་གི་བཀའ་འགྱུར་གསར་བཞེངས་མཛད་གནང་ནུག། དེ་གི་འབྲེལ་ཞུའི་དོན་ལུ་ཤུལ་མ་མཁན་རབས་ ༢༥ པ་མཛད་མི་ རྗེ་ཤེས་རབ་རྒྱལ་མཚན་གྱིས་མ་ཀྲམ་ཁལ་བཅུ་གཉིས་ཡང་ཕུལ་ནུག།

གཉིས་པ་གསང་སྔགས་ཆོས་གླིང་གདན་ས་རྒྱ་སྐྱེད་ཀྱི་ཞབས་ཏོག།[ཞུན་དག།]

རྟ་ལོག་གསང་སྔགས་ཆོས་གླིང་གདན་ས་ལུ་ ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པ་མཆོག་གིས་ རྒྱ་སྐྱེད་མཛད་གནངམ་ད་ ཉེར་འཁོའི་མཐུན་རྐྱེན་དང་ཞབས་ཏོག་རྒྱ་ཆེ་བར་མཛདཔ་མ་ཚད་ རབ་གནས་ཀྱི་སྐབས་ལུ་ཡང་ སྐུ་མགྲོན་གཙོ་བོ་སྡེ་སྲིད་མཆོག་བྱོན་ཏེ་ དགའ་སྟོན་ཟབ་རྒྱས་མཛད་གནང་ནུག།

གསུམ་པ་ཀྲོང་གསར་དཔོན་སློབ་ཀྱི་ངོ་རྒོལ་ལས་བརྟེན་རྒྱལ་ཁ་ཐོབ་ཡོདཔ།[ཞུན་དག།]

ཆོས་རྩེ་དཔོན་སློབ་དཔྲལ་བ་གིས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ཉེར་གཅིག་ (༡༨༢༡) ལྕགས་སྤྲེལ་ལོར་ གསོལ་ཐབ་སྤུ་ན་ཁར་བཞུགསཔ་ད་ འབྲུག་གཞུང་ལུ་ངོ་རྒོལ་གྱི་གྲ་སྒྲིག་འབད་དེ་ ཞབས་དྲུང་འཇིགས་གྲགས་མཆོག་ལུ་ དེ་ལུགས་ཀྱི་ཞུ་བ་འབུལ་ཆེན་བཅས་ངོམ་རྐང་བཙུགས་ཕུལ་བར་བཏངམ་མ་ཚད་ ཞབས་དྲུང་མཆོག་གིས་ དམག་འཛིང་གི་ལཱ་འདི་ཆ་མེད་གཏང་ད་ཟེར་བཀའ་གནང་རུང་མ་ཉན་པར་ གཞུང་ལུ་ངོ་རྒོལ་འབད་ནི་འགོ་བཙུགསཔ་ད་ གསོལ་ཐབ་ཐིམ་ཕུག་བྱོན་ཞིནམ་ལས་ གཞུང་དམག་ཀྲོང་གསར་ལུ་བཙུགས་ཏེ་ དམག་ཐག་ཆོད་མ་ཚུགས་པར་ མི་མང་སྡུག་ལུ་བཀོད་པའི་དུས་ངན་ཤར་ནུག།
དེ་ལས་མཁན་ཆེན་ཁྲི་པ་འཇིགས་མེད་རྒྱལ་མཚན་དང་ ཁྲི་ཟུར་འཇམ་དཔལ་གྲགས་པ་རྣམ་གཉིས་ཐུགས་སྙིང་རྗེས་མ་བཟོད་པར་ ཀྲོང་གསར་ལུ་བྱོན་ནུག། དཔོན་སློབ་འདས་པའི་མེ་སྦྱང་ཡང་ བླ་ཆེན་རྣམ་གཉིས་ཀྲོང་གསར་ལུ་ཕེབསཔ་ད་མཛད་དེ་བྱོན་ནུག།

བཞི་པ་མཁན་ཆེན་འཇམ་དབྱངས་རྒྱལ་མཚན་གྱི་ཡང་སྲིད་ལུ་མཐོང་བཟོས་ཀྱི་གཟེངས་བསྟོད།[ཞུན་དག།]

འཇམ་དབྱངས་ལྷུན་གྲུབ་འདི་བོད་ལུ་ མཁན་ཆེན་ཁྲི་རབས་བཅོ་བརྒྱད་པ་འཇམ་དཔལ་རྒྱལ་མཚན་གྱི་ ཡང་སྲིད་དུ་སྐུ་འཁྲུངས་པ་དང་ ཁོ་རའི་སློབ་མ་དམ་པ་ ཞབས་དྲུང་འཇིགས་མེད་གྲགས་པ་གིས་ ཐབས་ཤེས་ལེ་ཤ་ཐོག་ལས་ འབྲུག་ལུ་གདན་འདྲེན་ཞུ་སྟེ་ སྤུ་ན་ཁ་ལུ་ཁྲི་སྟོན་རྟེན་འབྲེལ་མཛདཔ་ད་ ས་སྐྱོང་མི་དབང་མཆོག་གིས་དཔང་མཐོ་བའི་གནང་སྦྱིན་གྱི་ལེགས་འབུལ་དང་ ཞབས་དྲུང་གི་བཀའ་དང་བསྟུན་ཏེ་ གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་དང་མཉམ་པའི་བདག་རྐྱེན་ཡང་ཕུལ་ནུག།

སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ།[ཞུན་དག།]

ས་སྐྱོང་བསྟན་འཛིན་འབྲུག་སྒྲ་མཆོག་ནི་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ཉེར་གཅིག་ (༡༨༢༡) ཆུ་རྟ་ལོའི་ནང་ སྤུ་ན་ཁར་ཕེབས་ཏེ་ དགུན་གྱི་མཛད་སྒོ་ཚུ་བསྒྲུབས་ཞིནམ་ད་ དགོན་པར་འབྱོན་ནིའི་ཐུགས་བཞེད་གནང་བཞིན་ རྒྱལ་སྲིད་སྤངས་ཏེ་ ཟུར་བཞུགས་མཛད་གནང་ནུག།

སྡེ་སྲིད་ལས་དགོངས་ཞུའི་རྗེས་ཀྱི་མཛད་པ།[ཞུན་དག།]

སྡེ་སྲིད་ཁྲི་རབས་སོ་གཉིས་པ་ས་སྐྱོང་མི་དབང་སྤུངས་རྫོང་པ་ བསྟན་འཛིན་འབྲུག་སྒྲ་མཆོག་ནི་ སྡེ་ཁྲི་ལས་དགོངས་ཞུ་མཛད་དེ་ སེམས་རྟོགས་ཁར་བཞུགས་ནུག།
སྤྱི་ལོ་༡༨༣༧ ༡༨༣༩ ༡༨༤༠ ༡༨༤༢ ལོ་ཚུའི་ ནང་འཁྲུག་ཚུ་གི་སྐབས་ ཞབས་དྲུང་ཐུགས་སྤྲུལ་འཇིགས་མེད་གྲགས་པ་རྩ་བའི་བླམ་སྦེ་བསྟེན་ཏེ་ ཞབས་ཏོག་ཞུཝ་མ་ཚད་ ཐུགས་འཚེར་བ་མ་གཟིགས་པར་ ནང་འགྲིགས་བཟོ་ནི་དང་འཁོན་འདུམ་གྱི་བར་དཔང་ལུ་ལོག་ཅི་ར་ཐོན་ཏེ་ རྒྱལ་ཁབ་ཀྱི་དགའ་སྐྱིད་དང་ཞི་བདེ་ལུ་ རྒྱབ་སྐྱོར་མཛད་བཞིན་དུ་ སྤྱི་ལོ་ ༡༨༤༤ མེ་ལུག་ལོ་ལུ་ གཤགས་སོ་ནུག།

སྡེ་སྲིད་ཁྲི་རབས་སོ་གསུམ་པ་ས་སྐྱོང་མི་དབང་ཐིམ་རྫོང་པ་ཕུར་རྒྱལ་ལམ་ཆོས་ཀྱི་རྒྱལ་མཚན་གྱི་མཛད་རྣམ།[ཞུན་དག།]

སྐུ་འཁྲུངས་པ་དང་གྲྭ་ཚང་གི་སྒྲིག་ལུ་ཞུགས་པ།[ཞུན་དག།]

སྤྱི་ལོ་ཆིག་སྟོང་བདུན་བརྒྱ་བདུན་ཅུ་དོན་བཞི་ཤིང་རྟའི་ལོ་ནང་ འབྲུག་སྡེ་སྲིད་ཁྲི་རབས་སོ་གསུམ་པ་ཕུར་རྒྱལ་ཡང་ན་ཆོས་ཀྱི་རྒྱལ་མཚན་ནི། ཝང་ཚོ་ཆེན་བརྒྱད་ཡོད་པའི་ནང་ལས་སྟོད་ཁ་ཐུག་ལས་ཝང་ཁོངས་གཏོགས་ སི་ཁྱོད་ནང་སྐུ་འཁྲུངས་ཏེ་ མཚན་ཡང་ཕུར་རྒྱལ་ཟེར་གསོལ་ནུག། སྐུ་ན་ཆུང་ཀུའི་བསྒང་ལས་གྲྭ་ཚང་ནང་ དགེ་འདུན་གྱི་སྡེར་ཞུགས་པའི་ཆོས་མིང་ཆོས་ཀྱི་རྒྱལ་མཚན་གསོལ་ཏེ་ སྐུ་ཡོན་ལེགས་ཤོམ་སྦེ་སྦྱངས་གནང་ནུག། ==== རྫོང་གོང་མའི་སྒྲིག་ལུ་ཞུགས་ཏེ་བདག་རྐྱེན་རིམ་པར་བཞེས་པ། ==== སྐུ་ན་ཆུང་ཀུ་བསྒང་ལས་གྲྭ་ཚང་ནང་ དགེ་འདུན་གྱི་སྡེར་ཞུགས་བཞིན་ རྫོང་གོང་མའི་སྒྲིག་ལུ་ཞུགས་ཏེ་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་དང་ ཆོས་སྲིད་ལུགས་གཉིས་ཁྲིམས་ཀྱི་རིང་ལུགས་ལུ་རང་བྱོན་ཚུདཔ་ལས་ དང་པ་ར་ཐིམ་ཕུག་གཉེར་ཆེན་གྱི་གོ་གནས་དང་ དེ་གི་ཤུལ་ལས་ ཐིམ་ཕུག་རྫོང་དཔོན་གྱི་གོ་གནས་བཞེས་ཏེ་བཞུགས་ནུག། ==== སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་སྒོ། ==== སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ཉེར་གཉིས་ (༡༨༢༢) ཆུ་རྟ་ལོའི་དགེ་འདུན་གྱི་གསོལ་ཐབ་ སྤུ་ན་ཁ་ལུ་བཞུགས་པའི་སྐབས་ དེ་བསྒང་གི་རྒྱལ་པོ་བསྟན་འཛིན་འབྲུག་སྒྲ་ནི་ དགོན་པར་འབྱོན་ནི་སྦེ་ རྒྱལ་སྲིད་སྤངས་ཏེ་ ཟུར་བཞུགས་གནངམ་ལས་ ཐིམ་རྫོང་པ་ཆོས་ཀྱི་རྒྱལ་མཚན་ནི་ འབྲུག་སྡེ་སྲིད་ཁྲི་རབས་ སོ་གསུམ་པ་ལུ་མངའ་གསོལ་གནང་ནུག།

སྡེས་སྲིད་ཁྲི་ཐོག་གི་མཛད་ཤུལ།[ཞུན་དག།]

སྤུ་ན་ཁར་ཟབ་གོས་ཀྱི་མཐོང་གྲོལ།[ཞུན་དག།]

ལྷོ་འབྲུག་ཆོས་འབྱུང་དང་འབྲུག་གསལ་སྒྲོན་ དེབ་ཐེར་གསལ་བའི་མེ་ལོང་ཚུ་ནང་ འབྲུག་སྡེ་སྲིད་ཆོས་ཀྱི་རྒྱལ་མཚན་ སྡེ་པའི་ཁྲི་ཐོག་བྱོན་ཞིནམ་ལས་ སྤུ་ན་ཁ་ལུ་མཐོང་གྲོལ་བཞེངས་ཡོད་མི་འདི་ ཞལ་མཐུན་བཀོད་དེ་ཡོད་རུང་ ལྷ་སྐུ་གང་ཡིན་གྱི་གསལ་ཁ་མི་སྣང་ཟེར་ཡོདཔ་ཨིན་པས།

བཀྲ་ཤིས་ཆོས་རྫོང་ནང་སྤྱན་རས་གཟིགས་ཀྱི་ལྷ་ཁང་།[ཞུན་དག།]

བཀྲ་ཤིས་ཆོས་རྫོང་གདན་ས་ལུ་ སྒོ་ཆེན་གོང་མའི་ཐོག་ཆ་སེང་སྟེ་ ལྷ་ཁང་གསརཔ་བཞེངས་ས་ལས་ཕར་ སྤྱན་རས་གཟིགས་ འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྐུ་རྟེན་ཐོག་ཚད་མ་གསར་བཞེངས་གནང་ནུག།

ཐིམ་ཕུག་དབུ་རྩེའི་གསེར་གྱི་རྒྱ་ཕིབས།[ཞུན་དག།]

གདན་ས་བཀྲ་ཤིས་ཆོས་རྫོང་དབུ་རྩེ་ཆེན་མོར་གསེར་གྱི་རྒྱ་ཕིབས་སྒྲོན། དེ་ཡང་ སྒོར་ཚད་འདོམ་དྲུག་ཅུ་རེ་གཉིས་ (༦༢) ཅན་མའི་དོན་ལུ་གཟུང་དོས་ཉིས་བརྒྱ་བརྒྱད་ཅུ་བརྒྱ་བརྒྱད་ (༢༨༨) གསེར་ཏོ་ལ་ ༥༨༠༠ དངུལ་ཆུ་ཏོ་ལ་ཉི་ཤུ་རྩ་གསུམ་དང་སུམ་བརྒྱ་ཞེ་བརྒྱད་ (༢༣,༣༤༨) ཀྱི་རྒྱུ་དངོས་ལས་གསར་སྒྲུབ་གནང་སྟེ་ཕུལ་ཡོདཔ་ཨིན་པས།

བདེ་ཆེན་ཕུག་གི་དགེ་བསྙེན་གསེར་ཟངས་ལས་གྲུབ་པ།[ཞུན་དག།]

ཐིམ་ཕུག་བདེ་ཆེན་ཕུག་ལུ་ཡོད་པའི་ དཔལ་ལྡན་འབྲུག་པའི་བཀའ་སྲུང་གཙོ་བོ དགེ་བསྙེན་ཇག་མེ་ལེན་གྱི་གནས་ཁང་རབ་གསལ་ གསེར་ཟངས་ཡུག་གཅིག་གིས་སྤུར་ཏེ་ཕུལ་ནུག།

ཞབས་དྲུང་འཇིགས་མེད་གྲགས་པའི་ཞབས་ཏོག།[ཞུན་དག།]

གསང་སྔགས་ཆོས་གླིང་ལུ་ཡོད་མི་ ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པའི་གདན་ས་ནང་ལུ་ཡོད་པའི་ སྒྲུབ་སྡེ་ གསར་བཞེངས་དང་ ཤག་སྐོར་གཟིམ་ཅུང་གསར་བཞེངས་ཚུ་གི་སྐབས་ལུ་ ཞབས་ཏོག་ཞུ་གནང་ནུག།

མཁན་ཁྲི་ཉེར་གསུམ་པ་དང་ཉེར་བཞི་པའི་ཁྲི་མངའ་གསོལ།[ཞུན་དག།]

དེ་ཡང་ མཁན་ཆེན་ཁྲི་རབས་ཉེར་གཉིས་པ་འཇིགས་མེད་རྒྱལ་མཚན་ མཁན་པོའི་ཁྲི་ཐོག་ལས་དགོངས་པ་རྫོགས་སོངམ་ལས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་དྲུག་ (༡༨༢༦) མེ་ཁྱི་ལོ་ལུ་ མཁན་ཆེན་ཁྲི་རབས་ཉེར་གཅིག་པ་ འཇམ་དཔལ་གྲགས་པ་མཆོག་ལུ་ མི་སེར་དང་འབྲུག་སྡེ་སྲིད་མཆོག་གིས་ ལོག་སྟེ་ར་ མཁན་ཆེན་ཁྲི་རབས་ ཉེར་གསུམ་པའི་ཁྲི་ཐོག་ལུ་མངའ་གསོལ་ཞུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མཁན་ཆེན་ཁྲི་རབས་ཉེར་གསུམ་པ་ འཇམ་དཔལ་གྲགས་པ་ནི་ མཁན་ཁྲི་ལས་དགོངས་ཞུ་མཛད་དེ་ དགོན་པར་བྱོན་སོངམ་ལས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་གཅིག་ (༡༨༣༡) ལྕགས་ཡོས་ལོ་ལུ་ མི་སེར་དང་འབྲུག་སྡེ་སྲིད་མཆོག་གིས སེ་ལ་ཆོས་རྗེ་ངག་དབང་ཕྲིན་ལས་ཀྱི་ཡང་སྲིས་གཉིས་པ་ ཆོས་རྗེ་ཤཱཀྱ་རྒྱལ་མཚན་མཆོག་ མཁན་ཆེན་ཁྲི་རབས་ཉེར་བཞི་པའི་ཁྲི་ལུ་ མངའ་གསོལ་ཞུ་གནང་ནུག།

བྱམས་མགོན་ཡི་ཤེས་རྡོ་རྗེའི་དགོངས་རྗོགས།[ཞུན་དག།]

སེ་ལ་བྱམས་མགོན་སྐུ་འཕྲེང་གཉིས་པ་ཡེ་ཤེས་རྡོ་རྗེ་མཆོག་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་ (༡༨༣༠) ལྕགས་ཡོས་སྟག་ལོ་ལུ་དགོངས་པ་རྫོགས་ཡོདཔ་ད་ འབྲུག་སྡེ་སྲིད་མཆོག་གིས་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ལུ་ སྐུ་གདུང་ཞུ་སྟེ་ སྤུར་སྦྱང་དང་དགོངས་རྫོགས་ཀྱི་ཚོགས་དབུ་ལུ་ འཇིགས་མེད་གྲགས་པ་གདན་འདྲེན་ཞུ་སྟེ་ མཛད་གནང་ཡོདཔ་ཨིན་པས།

སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ།[ཞུན་དག།]

དེ་ཡང་ འབྲུག་སྡེ་སྲིད་མཆོག་ནི་ མངའ་འབངས་ཡོངས་ལུ་གནང་སྦྱིན་ལ་སོགས་ བསོད་ནམས་དགེ་བའི་མཛད་པ་རྒྱ་ཆེན་པོ་མཛད་ རྒྱལ་སྲིད་བདེ་སྐྱིད་ཀྱི་ངང་ལུ་སྐྱོང་སྟེ་བཞུགས་པའི་སྐབས་ ཀྲོང་གསར་དཔོན་སློབ་རྡོ་རྗེ་རྣམ་རྒྱལ་གྱི་སྡེ་སྲིད་ཀྱི་ཁྲི་ལུ་ ཐབས་ཆག་པའི་སྒོ་ལས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་ (༡༨༣༠) ལྕགས་སྟག་ལོ་ལུ་ ངོ་རྒོལ་འབདཝ་བཞིན་ དམག་དཔུང་ལོག་ཅི་ར་གཏང་རུང་ མི་དབང་སྡེ་སྲིད་མཆོག་ལས་ རྒྱལ་ཁ་མ་ཐོབ་པར་ ལྷ་ས་ལུ་ཡོད་མི་རྒྱ་ནག་ཨམ་བྷན་ལས་གྲོགས་རམ་ལེན་ཏེ་ བོད་ཀྱི་དམག་བཏོནམ་ལས་ སྡེ་སྲིད་མཆོག་གི་ རྒྱལ་ཁབ་དང་མི་སེར་ཚུ་ལུ་ཉེན་ཁ་གཟིགས་ཏེ་ སྤུ་ན་ཁ་ལུ་སྦེ་ འབྲུག་སྡེ་སྲིད་མཆོག་གི་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སོ་གཅིག (༡༨༣༡) ལྕགས་ཡོས་ ཟླ་ ༡༡ པའི་ནང་ སྡེ་ཁྲི་ལས་དགོངས་ཞུ་མཛད་དེ་ དབང་འདུས་རྩེ་ལུ་ ཟུར་བཞུགས་མཛད་གནང་ནུག།

སྡེ་ཁྲི་ལས་དགོངས་ཞུའི་རྗེས་ཀྱི་མཛད་པ།[ཞུན་དག།]

སྡེ་སྲིད་ཁྲི་པ་རྡོ་རྗེ་རྣམ་རྒྱལ་གྱིས་ འབྲུག་སྡེ་སྲིད་ཕུར་རྒྱལ་ལམ་ཆོས་ཀྱི་རྒྱལ་མཚན་སྡེ་ཁྲི་ལས་དགོངས་ཞུས་མཛད་པའི་ཤུལ་ལས་ཡང་ འཁྲུག་ཟིང་སློང་སྟེ་བཞུགས་མ་སྟེརཝ་ལས་ སྡེ་ཟུར་ཆོས་ཀྱི་རྒྱལ་མཚན་སྤ་གྲོ་ལུ་བྱོན་ཏེ་ དཔོན་སློབ་ཨ་རྒས་ཧཱ་པ་དང་མཐུན་འབྲེལ་གྱི་ཐོག་ལུ་བཞུགས་ཏེ་སྡོད་ཡོདཔ་ཨིན་རུང་ མི་སེར་ཚུ་དགའ་སྐྱིད་དང་ལྡནམ་ཡོད་མི་ཚུ་ཡང་ སྡེ་སྲིད་ཁྲི་པ་རྡོ་རྗེ་རྣམ་རྒྱལ་གྱིས་སྤ་རོ་ལུ་དམག་དྲངས་ཏེ་ མི་སེར་དགའ་སྐྱིད་མེདཔ་བཟོཝ་ད་ མི་དྲག་གཙོ་ཅན་མནོ་ཤེས་ཚུ་གིས་གསོལ་བཏབ་ཞུཝ་བཞིན་ སྡེ་ཟུར་ཆོས་ཀྱི་རྒྱལ་མཚན་དབང་འདུས་རྩེ་ལུ་བཞུགས་ཆོགཔ་སྦེ་ རྗེ་མཁན་ཁྲི་པ་ཤེས་རབ་རྒྱལ་མཚན་ ཁྲི་ཟུར་ཤཱཀྱ་རྒྱལ་མཚན་ སྡེ་ཟུར་བསྟན་འཛིན་འབྲུག་སྒྲ་ཚུ་གིས་ཁྲི་བཟོ་གནང་ནུག།
སྡེ་སྲིད་ཁྲི་རབས་སོ་ལྔ་པ་ཨ་ཐངཔ་ཕྲིན་ལས་ནི་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་ལྔ་ (༡༨༣༥) ལུ་སྐུ་བསྙུངས་ཏེ་ སྡེ་སྲིད་ཁྲི་ཐོག་ལུ་གཤགས་སོངམ་ལས་ སྡེ་སྲིད་ཁྲི་ཟུར་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ ལོག་སྟེ་ར་ སྡེ་སྲིད་ཁྲི་རབས་སོ་དྲུག་པའི་ ཁྲི་ཐོག་ལུ་བྱོན་ནུག།

སྡེ་སྲིད་ཁྲི་རབས་སོ་བཞི་པ་ཀྲོང་གསར་དཔོན་སློབ་རྡོ་རྗེ་རྣམ་རྒྱལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མ་མཛད་པའི་མཛད་རྣམ།[ཞུན་དག།]

སྤྱི་ལོ་ཆིག་སྟོང་བདུན་བརྒྱ་བདུན་ཅུ་དོན་དགུ་ (༡༧༧༩) ས་ཕག་ལོ་ལུ་ མི་དབང་སྡེ་སྲིད་རྡོ་རྗེ་རྣམ་རྒྱལ་མཆོག་ ཝང་ཚོ་ཆེན་བརྒྱད་ཀྱི་ཡ་གྱལ་སྟོད་ཝང་དར་ལུང་ཁ་ལུ་སྐུ་འཁྲུངས་ཏེ་ མཚན་ཡང་རྡོ་རྗེ་རྣམ་རྒྱལ་ཟེར་གསོལ་ཡོདཔ་ཨིན་མས། ཁོ་ར་ནི་ མི་དབང་སྡེ་སྲིད་བསོད་ནམས་འབྲུག་རྒྱས་ཀྱི་ཚ་བོ་འབདཝ་ལས་ སྐུ་ན་ཆུང་ཀུའི་བསྒང་ལས་ སྡེ་སྲིད་ཀྱི་སྒར་ལྟོ་འབད་དེ་ རྫོང་གོང་མའི་སྒྲིག་ལུ་ཞུགས་ཏེ་ ཆོས་སྲིད་ལུགས་གཉིས་ཀྱི་སྒྲིག་ལམ་རྣམ་གཞག་ལུ་སྦྱང་བ་མཐར་འཁྱོལ་ཡོདཔ་མ་ཚད་ ཁོ་རའི་ལྕོགས་གྲུབ་དང་ སྡེ་སྲིད་བསོད་ནམས་འབྲུག་རྒྱས་ཀྱི་རྒྱབ་སྐྱོར་ལས ཆིབས་གཞོན་པའི་འགན་ཁུར་ལས་རིམ་བཟུང་སྟེ་ ཆོས་རྩེ་དཔོན་སློབ་ཀྱི་གོ་གནས་ཚུ་ རིམ་པར་བཞེས་གནང་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་སྒོ།[ཞུན་དག།]

སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་ལུ་ སྐུ་གཞོགས་ཕུར་རྒྱལ་ལམ་ཆོས་ཀྱི་རྒྱལ་མཚན་ སྡེ་སྲིད་ཀྱི་ཁྲི་སྐྱོང་སྟེ་བཞུགས་པའི་སྐབས་ གཞུང་ལུ་ངོ་རྒོལ་གྱི་དམག་དྲངས་ཏེ་ སྡེ་སྲིད་ཀྱི་ཁྲི་འཕྱོག་ནིའི་རྩིས་ཡང་བསྐྱར་འབད་རུང་ གཞུང་དམག་ལུ་མ་ཐུབ་པའི་སྐབས་ ལྷ་ས་ལུ་ཡོད་མི་ཨམ་བྷན་ལུ་དམག་རྒྱབ་འཚོལ་ཏེ་ རྒྱ་མི་ཨམ་བྷན་གྱིས་ ཀྲོང་གསར་དཔོན་སློབ་ཀྱི་གྲོགས་རམ་ལུ་ རྒྱ་མིའི་དམག་དཔུང་དུམ་ཚན་ཅིག་བཏང་མི་ཚུ་གི་རྒྱབ་སྐྱོར་འོག་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་གསུམ་བཅུ་སོ་གཅིག་ (༡༨༣༡) པའི་ལྕགས་ཡོས་ཟླ་ ༡༡ པའི་ནང་ གཞུང་དམག་ལས་རྒྱལ་ཁ་ཐོབ་སྟེ་ གསོལ་ཐབ་སྤུ་ན་ཁར་བཞུགས་པའི་སྐབས་ སྡེ་སྲིད་ཁྲི་རབས་སོ་བཞི་པའི་ཁྲི་ཁར་མངའ་གསོལ་ཞུ་ནུག།

སྡེ་སྲིད་མཆོག་ཁྲི་ཐོག་གི་མཛད་ཤུལ།[ཞུན་དག།]

དང་པ་སྤུང་རྫོང་མེ་མཆོད་ཐེངས་བཞི་པ་གསར་བཞེངས་དགོ་པའི་སྐོར།[ཞུན་དག།]

འབྲུག་སྡེ་སྲིད་མཆོག་ནི་ སྡེ་སྲིད་ཁྲི་རབས་སོ་བཞི་པའི་ཁྲི་ལུ་མངའ་གསོལ་ཞིནམ་ལས་ རྒྱ་མིའི་དཔུང་དམག་ཚུ་ བོད་ལུ་ལོག་སོང་བའི་རྒྱབ་ལས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་གསུམ་བཅུ་སོ་གཅིག་ (༡༨༣༡) པའི་ ལྕགས་ཡོས་ཟླ་གསུམ་པའི་ཚེས་བཅུ་གསུམ་ལུ་ ལོག་སྟེ་ར་ནང་འཁྲུག་ལོང་བའི་རྐྱེན་གྱིས་ སྤུངས་རྫོང་མེ་མཆོད་ཐེངས་བཞི་པ་བཞེས་མི་འདི་ གསར་བཞེངས་ཐུགས་འགན་བཞེས་དགོཔ་བྱུང་ནུག། ===== གཉིས་པ་མཁན་ཆེན་ཁྲི་རབས་ཉེར་བཞི་པའི་མངའ་གསོལ། ===== མཁན་ཆེན་ཁྲི་རབས་ཉེར་གསུམ་པ་ འཇམ་དཔལ་གྲགས་པ་མཆོག་ནི་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སོ་གཅིག་ ༡༨༣༡ ལྕགས་ཡོས་ལོར་ དགོངས་ཞུ་མཛད་དེ་དགོན་པར་བྱོནམ་ལས་ མི་དབང་སྡེ་སྲིད་མཆོག་དང་ གྲྭ་ཚང་བླ་སློབ་ཞལ་མཐུན་ཐོག་ལས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སོ་གཅིག་ ༡༨༣༡ ལྕགས་ཡོས་ལོར་ སེ་ལ་ཆོས་རྗེ་སྐུ་འཕྲེང་གཉིས་པ་ཤཱཀྱ་རྒྱལ་མཚན་མཆོག་ནི་ མཁན་ཆེན་ཁྲི་རབས་ཉེར་བཞི་པའི་ ཆོས་ཀྱི་ཁྲི་ལུ་མངའ་གསོལ་ཞུ་ནུག།

གསུམ་པ་ནང་འཁྲུག་གི་མཐུན་འགྲིག།[ཞུན་དག།]

སྡེ་སྲིད་རྡོ་རྗེ་རྣམ་རྒྱལ་གྱིས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་གསུམ་བཅུ་སོ་གཅིག་ ༡༨༣༡ པའི་ ལྕགས་ཡོས་ལོའི་གསོལ་ཐབ་ཐིམ་ཕུག་ལུ་བཞུགསཔ་ད་ སྡེ་ཟུར་ཆོས་ཀྱི་རྒྱལ་མཚན་གུར་ ཟིང་འཁྲུག་སློང་སྟེ་དམག་དྲངམ་ལས་ སྡེ་ཟུར་སྤ་གྲོ་ལུ་བྲོས་ཟུར་བྱོན་ཏེ་ དཔོན་སློབ་ཨ་རྒས་ཧཱ་པ་དང་ ཧེ་མ་ལས་འཆམ་ཏོག་ཏོ་ཡོདཔ་ལས་ གྲོགས་རམ་འཚོལ་ཏེ་ བཞུགས་ཡོདཔ་ཨིན་མས།
སྤ་རོ་ལུ་ སྡེ་སྲིད་རྡོ་རྗེ་རྣམ་རྒྱལ་གྱིས་གཞུང་དམག་འཁྱིད་དེ་ དམག་རྐྱབ་པར་བྱོནམ་ད་ སྡེ་ཟུར་ཆོས་ཀྱི་རྒྱལ་མཚན་དང་སྤ་གྲོ་དཔོན་སློབ་ཁ་གཅིག་འབད་དེ་ གཞུང་དམག་དང་གཅིག་ཁར་ཕྱད་མདའ་འགོ་བཙུགས་ཏེ་ ཡུན་རིང་སོངམ་ལས་བརྟེན་ མི་སེར་གྱི་སྐྱིད་སྡུག་ལུ་མ་བཟོད་པར་ དོལ་པོ་གྱང་སའི་མི་དྲག་དོན་གྲུབ་ཀྱི་གཙོ་ཅན་ཚུ་གིས་ དགེ་འདུན་ལུ་མཐུན་སྒྲིག་དགོ་པའི་ཞུ་བ་ཕུལཝ་ད་ མཁན་ཟུར་འཇམ་དཔལ་གྲགས་པ་དང་ མཁན་ཁྲི་ཤཱཀྱ་རྒྱལ་མཚན་གསང་ཟབ་ལས་ སྡེ་ཟུར་བསྟན་འཛིན་འབྲུག་སྒྲ་ཚུ་གིས་བར་མི་མཛད་དེ་ བདེ་སྒྲིག་འབད་གནངམ་ལས་ སྡེ་ཟུར་ཆོས་ཀྱི་རྒྱལ་མཚན་ཡང་ དབང་འདུས་རྩེ་ལུ་བཞུགས་ཆོགཔ་སྦེ་བཟོ་ནུག།

བཞི་པ་སྡེ་སྲིད་མཆོག་ཁྲི་ཐོག་གི་མཛད་ཤུལ།[ཞུན་དག།]

སྤ་རོ་ལུ་དམག་ཐག་ཆོད་ཞིནམ་ལས་ ལོ་ངོ་ཕྱེད་དང་གཉིས་ཀྱི་ནང་འཁོད་ལུ་ གདན་ས་སྤུ་ན་ཁའི་རྫོང་ཆེན་བསྐྱར་བཞེངས་གནང་ནི་ལུ་ཤུགས་བཏོན་ཏེ་ སྤུ་ན་ཁའི་རྫོང་ནི་ལོག་ཨ་རྟག་ཧ་ལུགས་བཞེངས་ཏེ་ ནང་རྟེན་ནི་སངས་རྒྱས་སྟོང་གི་སྐུ་བརྙན་བཞེངས་ཡོདཔ་ད་ སྡེ་སྲིད་མཆོག་ནི་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་བཅུ་སོ་གསུམ་ ༡༨༣༣ ཆུ་སྦྲུལ་ལོའི་གསོལ་ཐབ་སྤུ་ན་ཁར་བཞུགསཔ་ད་ ཧེ་མ་གི་ནང་འཁྲུགས་ནད་རོ་ལོང་བའི་ནང་འཁྲུགས་སྐབས་ བྱང་ཕྱད་ཚུ་གིས་སྡེ་སྲིད་མཆོག་གི་སྐུ་ལུ་མཚོན་ཆ་ཕུལ་ཏེ་གཤགས་ནི་གུར་ཐུག་ཆིཔ་ལས་ སྡེ་སྲིད་ཀྱི་ཁྲི་ཐོག་ལས་ཕབ་བཏང་ད་ནུག།

སྡེ་སྲིད་ཁྲི་རབས་སོ་ལྔ་པ་ ཨ་ཐང་ཕྲིན་ལས་ཀྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཨ་ཐང་ཕྲིན་ལས་ཀྱི་འདས་པའི་ལོ་རྒྱུས།[ཞུན་དག།]

སྡེ་སྲིད་ཁྲི་རབས་སོ་ལྔ་པ་ཨ་ཐང་ཕྲིན་ལས་ནི་ དབང་འདུས་ཕོ་བྲང་རྫོང་ཁག་ཆ་འོག་ཤར་དར་བརྒྱད་པོའི་ཡ་གྱལ་ཨ་ཐང་ལས་སྐུ་འཁྲུངས་ནི་དེ་གི་ མཚན་ཡང་ཕྲིན་ལས་ཟེར་བཞག་ཡོདཔ་ཨིན་པས། སྡེ་སྲིད་ཁྲི་རབས་སོ་ལྔ་པའི་མཚན་ ཨ་ཐང་ཕྲིན་ལས་ཟེར་དར་ཁྱབ་སོང་དགོ་པའི་ གནད་དོན་གཙོ་བོ་ར་ ཁོ་ར་སྐུ་ན་ཆུང་ཀུའི་བསྒང་ལས་ སྡེ་སྲིད་བསོད་ནམས་འབྲུག་རྒྱལ་གྱི་སྒར་ལྟོ་མཛད་དེ་ རྫོང་གོང་མའི་སྒྲིག་ལུ་ཞུགསཔ་ལས་ མཚན་ཡང་འཁྲུངས་ཡུལ་གྱི་མིང་དང་སྦྲགས་ཏེ་ཨ་ཐངཔ་ཕྲིན་ལས་ཟེར་བཤདཔ་ཨིན་པས།

སྡེ་སྲིད་ཁྲི་རབས་སོ་ལྔ་པའི་ཁྲི་ལུ་མངའ་གསོལ་ཞུ་བའི་མཛད་པ།[ཞུན་དག།]

སྡེ་སྲིད་ཁྲི་པ་རྡོ་རྗེ་རྣམ་རྒྱལ་གྱི་ཕྱོགས་སྡེ་དང་ སྡེ་སྲིད་ཁྲི་ཟུར་ཆོས་ཀྱི་རྒྱལ་མཚན་ཕྱོགས་སྡེ་གཉིས་ཀྱི་བར་ན་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་གསུམ་ (༡༨༣༣) ཆུ་སྦྲུལ་ལོའི་གསོལ་ཐབ་སྤུ་ན་ཁར་བཞུགསཔ་ད་ ལོག་སྟེ་ར་ཟིང་འཁྲུག་ལོངམ་ལས་ སྡེ་སྲིད་ཁྲི་པའི་སྐུ་ལུ་བྱང་ཕྱད་ཀྱི་མཚོན་ཆ་ཉེན་འཚུབས་ཆེ་ཏོག་ཏོ་སྦེ་ཕོག་སྟེ་ སྐུ་མ་ཉམས་པར་གནས་བཞུགས་ནིའི་རེ་བ་མེདཔ་སྦེ་འགྱོཝ་ལས་ ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་གསུམ་ (༡༨༣༣) ཆུ་སྦྲུལ་ཟླ་ ༡༡ པའི་ཚེས་ ༡༣ ལས་ སྡེ་སྲིད་ཁྲི་རབས་སོ་ལྔ་པའི་ཁྲི་ལུ་ གོང་གཟིམ་ཨ་ཐངཔ་ཕྲིན་ལས་ནི་གཞུང་དགེ་འདུན་འདུས་པའི་སྡེ་དང་ གཞུང་ལྷན་རྒྱས་ཀྱིས་ མངའ་གསོལ་ཞུ་གནང་ནུག།

སྡེ་སྲིད་ཁྲི་ཐོག་གི་མཛད་ཤུལ།[ཞུན་དག།]

དགེ་འདུན་འདུས་སྡེའི་ཉམས་གསོ།[ཞུན་དག།]

བསྐལ་པ་དེའི་སྐབས་ གཞུང་དགེ་འདུན་གྲྭ་ཚང་གི་ འགོ་འདྲེན་འཐབ་སྟེ་ དགེ་སློང་གསར་མ་བཙུགས་པར་ ཡུན་རིང་སོང་བ་ལས་ གྲྭ་ཚང་གི་རིགས་ཚན་ལ་ཁྱད་དུ་སོང་བ་ མི་དབང་སྡེ་སྲིད་ཨ་ཐང་ཕྲིན་ལས་མཆོག་གིས་ མཁན་ཆེན་ཁྲི་རབས་ཉེར་བཞི་པ་ ཆོས་རྗེ་ཤཱཀྱ་རྒྱལ་མཚན་ལུ་ཞུ་བ་ཕུལ་ཏེ་ དགེ་སློང་གསརཔ་སུམ་བརྒྱ་ཉི་ཤུ་མཉམ་གཅིག་ལུ་གསར་བཙུགས་མཛད་དེ་གནང་བ་ལས་བརྟེན་ བསྟན་པའི་རྩ་བར་སྨན་པའི་མཛད་ཆེན་ལུ་གྱུར་ཏེ་ དུས་ད་ལྟའི་བར་ སྡེ་སྲིད་སོ་ལྔ་པ་ཨ་ཐང་ཕྲིན་ལས་ཀྱི་ཞལ་གྲངས་ཁལ་བཅུ་དྲུག་པ་ཟེར་བའི་གཏམ་སྙན་ཅན་ལུ་གྱུར་ཡོདཔ་ཨིན་པས།

སངས་རྒྱས་སྟོང་སྐུ་བཞེངས་འཕྲོའི་ལཱ་མཇུག་བསྡུ་ཡོད་པའི་སྐོར།[ཞུན་དག།]

སྡེ་སྲིད་སོ་བཞི་པ་རྡོ་རྗེ་རྣམ་རྒྱལ་གྱིས་ སྤྱི་ལོ་ཅིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་ལྔ་ (༡༨༣༥) ཤིང་ལུག་ཟླ་དང་པའི་ཚེས་ ༡༥ ལུ་ སྤུ་ན་ཁ་རྫོང་གི་ནང་རྟེན་སངས་རྒྱས་སྟོང་སྐུ་ བཞེངས་མ་ཚར་བ་ལུས་ཡོད་མི་དེ་ཡང་ མི་དབང་སྡེ་སྲིད་མཆོག་གིས་ལཱ་གཡོག་གི་འགན་ཁུར་འདི་ རྗེ་ཤེས་རབ་རྒྱལ་མཚན་ལུ་བསྐོ་བཞག་གནང་སྟེ་ ཆ་མཉམ་བསྒྲུབས་པའི་རབ་གནས་ནི་ མཁན་པོ་དང་སློབ་དཔོན་དགེ་འདུན་དམངས་ཀྱིས་ཐོག་ལས་མཛད་གནང་ནུག།

ཨ་སམ་ཌུ་ཝར་སི་བྷ་རི་གུ་མ།[ཞུན་དག།]

སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་བཞི་ (༡༨༣༤) ཤིང་རྟའི་ལོ་ལུ་ འབྲུག་གི་དབང་འོག་ལུ་ཡོད་པའི་ཨ་སམ་ཌུ་ཝརསི་བདུན་གྱི་ནང་གསེས་བྷུ་རི་གུ་མ་ཟེར་མི་འདི་ བར་སྐབས་ཅིག་ལས་ འབྲུག་མི་སེར་གྱིས་རྒྱ་གར་གཞུང་ལུ་ ས་ཁྲལ་ཅིག་སྤྲོད་དགོཔ་ཡོད་མི་གི་རྒྱུ་མཚན་ཅིག་ལུ་བརྟེན་ཏེ་ རྒྱ་གར་གཞུང་གིས་མངའ་འོག་སྦེ་ཡོད་མི་འདི་ མི་དབང་སྡེ་སྲིད་མཆོག་གིས་ རྒྱ་གར་གཞུང་ལུ་ ཞུ་ཡིག་ཅིག་ཕུལཝ་ལས་བརྟེན་ ལོག་སྟེ་ར་ འབྲུག་གི་དབང་འོག་ལུ་རང་འཇགས་ཐོབ་ནུག།

ཞབས་དྲུང་ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ་ བླམ་ཁྲི་པར་མངའ་གསོལ།[ཞུན་དག།]

སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་ཅིག་ (༡༨༣༡) ལྕགས་ཡོས་ལོ་ལུ་ ཤར་ཕྱོགས་དགྲ་མེད་རྩེ་ཟེར་ས་ལུ་ ཞབས་དྲུང་ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ་ནི་སྐུ་འཁྲུངས་པ་དང་ སྐུ་གོང་མ་འཇིགས་མེད་གྲགས་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་ཤེས་འདྲོངསམ་ལས་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་བཞི་ (༡༨༣༤) ཤིང་རྟ་ལོའི་ནང་ འབྲུག་སྡེ་སྲིད་ཨ་ཐང་ཕྲིན་ལས་དང་ མཁན་ཆེན་ཆོས་རྗེ་ཤཱཀྱ་རྒྱལ་མཚན་དང་ རྗེ་ཁྲི་ཟུར་འཇམ་དཔལ་གྲྭགས་པ་ གྲྭ་ཚང་ལས་ཁུངས་ལྷན་རྒྱས་ཀྱིས་གཞུང་ལུ་ཞུ་སྟེ་ གསོལ་ཐབ་སྤུ་ན་ཁར་བཞུགསཔ་ད་ མཚན་ཡང་འཇིགས་མེད་ནོར་བུ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་བཟང་པོ་ཟེར་ ཞབས་དྲུང་རིན་པོ་ཆེའི་སེངྒེའི་ཁྲི་ལུ་ བླམ་ཁྲི་པ་བཅུ་གཉིས་པ་ལུ་ མངའ་གསོལ་ཞུ་ནུག།

སྡེ་སྲིད་ཁྲི་ཐོག་གི་ལས་སྣ་མཐའ་མཇུག།[ཞུན་དག།]

འབྲུག་སྡེ་སྲིད་ཨ་ཐང་ཕྲིན་ལས་ནི་ སྨན་བཅོས་རིམ་གྲོ་གིས་ནད་བཀག་མ་ཚུགས་པའི་ནད་གཞི་བཅོ་ཐབས་མེདཔ་ཅིག་གིས་བསྙུངས་ཏེ་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་ལྔ་ (༡༨༣༥) ཤིང་ཕག་ལོའི་གསོལ་ཐབ་ཐིམ་ཕུག་བཞུགས་པའི་རིང་ལུ་ ཡུན་མ་རིང་བར་ ཁྲི་ཐོག་ལུ་གཤགས་ཡོདཔ་ལས་ ཁྲི་ཐོག་ལུ་ལོ་གཉིས་དང་ཕྱེད་དེ་ཅིག་བཞུགས་ཡོདཔ་ཨིན་པས།

སྡེ་སྲིད་ཁྲི་རབས་སོ་དྲུག་པ་ ས་སྐྱོང་མི་དབང་སྡེ་སྲིད་ཁྲི་ཟུར་ ཆོས་ཀྱི་རྒྱལ་མཚན་ནམ་ཕུར་རྒྱལ་གྱི་མཛད་རྣམ།[ཞུན་དག།]

དང་པ་སྡེ་སྲིད་མ་མཛད་པའི་མཛད་རྣམ།[ཞུན་དག།]

ཧེ་མ་སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ཉེར་གཉིས་ (༡༨༢༢) ལས་ ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་གཅིག་ (༡༨༣༡) ཚུན་ལོ་ངོ་བཅུའི་རིང་ མི་དབང་ཆོས་ཀྱི་རྒྱལ་མཚན་གྱི་ཁྲི་རབས་སོ་གསུམ་པ་ ༣༣ མཛད་པའི་མཐའ་མར་ ཀྲོང་གསར་དཔོན་སློབ་རྡོ་རྗེ་རྣམ་རྒྱལ་གྱིས་ངོ་ལོག་དྲག་པོ་སློངམ་ད་ སྡེ་སྲིད་ལས་དགོངས་ཞུ་མཛད་ནུག། དེ་ལས་རྗེ་མཁན་ཁྲི་ཟུར་གཉིས་དང་ སྡེ་ཟུར་བསྟན་འཛིན་འབྲུག་སྒྲ་དང་སྡེ་སྲིད་རྡོ་རྗེ་རྣམ་རྒྱལ་གཉིས་ཀྱིས་ནང་འཁྲུག་སློངམ་ད་ ཆིངས་བསྒྲིགས་ཏེ་ཐུགས་སྣང་དག་པའི་ཐོག་ལས་བཞུགས་གནས་ཡང་ ཐིམ་ཕུག་དབང་འདུས་རྩེ་ལུ་བཞུགས་ཆོགཔ་བཟོ་ནུག།

གཉིས་པ་སྡེ་སྲིད་ཆོས་ཀྱི་རྒྱལ་མཚན་ཁྲི་ལུ་བསྐོ་བཞག་གི་མཛད་སྒོ།[ཞུན་དག།]

འབྲུག་སྡེ་སྲིད་ཨ་ཐང་ཕྲིན་ལས་མཆོག་ནི་སྐུ་ལུ་བསྙུང་གཞི་གཅིག་བཞེས་ཏེ་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སོ་ལྔ་ (༡༨༣༥) ཤིང་ལུག་ལོའི་གསོལ་ཐབས་ཐིམ་ཕུག་བཞུགསཔ་ད་ སྡེ་སྲིད་མཆོག་ནི་དགོངས་པ་རྗོགས་སོངམ་ལས་ ཐིམ་ཕུག་དབང་འདུས་རྩེ་ལུ་བཞུགས་ཏེ་ཡོད་མི་སྡེ་སྲིད་ཁྲི་ཟུར་ཆོས་ཀྱི་རྒྱལ་མཚན་འདི་ བླམ་དགེ་འདུན་པ་གཞུང་ལྷན་རྒྱས་རྣམས་ཀྱིས་སྡེ་སྲིད་མཆོག་ཁྲི་རབས་སོ་དྲུག་པའི་ཁྲི་ལུ་ བསྐོ་བཞག་མཛད་གནང་ནུག།

གསུམ་པ་སྡེ་སྲིད་མཆོག་ཁྲི་ཐོག་གི་མཛད་ཤུལ།[ཞུན་དག།]

མཁན་ཆེན་ཁྲི་རབས་ཉེར་ལྔ་པ་མཆོག་སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སོ་དྲུག་ (༡༨༣༦) ཤིང་སྤྲེལ་ལོ་ལུ་ མཁན་ཆེན་ཉེར་བཞི་པ་ ཆོས་རྗེ་ཤཱཀྱ་རྒྱལ་མཚན་མཆོག་དགོངས་པ་རྗོགས་སོངམ་ལས་ སྡེ་སྲིད་མཆོག་དང་ གྲྭ་ཚང་རྣམས་ནས་ རྗེ་ཤེས་རབ་རྒྱལ་མཚན་མཆོག་ མཁན་ཆེན་ཁྲི་རབས་ཉེར་ལྔ་པའི་ཆོས་ཀྱི་ཁྲི་ལུ་མངའ་གསོལ་ཞུ་ནུག། དེ་ལས་སྡེ་སྲིད་མཆོག་གིས་ ཀེབ་ཀྲིན་བྷོ་གིལ་དང་ ཀེབ་ཀྲིན་དཔལ་འབར་ཊེན་དང་འབྲེལ་བ་འདི་ཡང་ རྒྱ་གར་གཞུང་ཀེབ་ཀྲིན་བྷོ་གིས་འབྲུག་ལུ་ཁ་སླབ་པར་བཏང་མི་འདི་ཡང་ དུས་སྐབས་དེ་ནང་འབྲུག་མི་ཚུ་གིས་རྒྱ་གར་ནའོ་གཞུང་དང་ ད་རང་ག་ས་གནས་གཉིས་ནང་འཕྲོག་བཅོམ་འབདཝ་མ་ཚད་ རྒྱ་གར་གྱི་མི་སེར་ལེ་ཤ་བཟུང་སྟེ་འབྲུག་ནང་བཏངམ་ལས་ཨིན་པས། ཀེབ་ཀྲིན་བྷོ་གིལ་འབྲུག་ལུ་བཏངམ་ད་ དེ་ཝང་གུ་རི་ཡིརྗོང་དཔོན་དང་གཅིག་ཁར་ དམག་འཁྲུག་ལོངས་ཏེ་བཱག་ས་དྲུ་ཨར་དེ་ཡང་ ཕྱི་གླིང་པ་ལུ་ཤོར་སོ་ནུག། དེ་ལས་ཕྱི་གཞུང་ལས་ བཱག་ས་དྲུ་ཨར་ འབྲུག་ལུ་སྤྲོད་དགོ་པའི་བཀའ་ཤོག་གནང་མི་དེ་ཡང་ སྡེ་སྲིད་ཆོས་ཀྱི་རྒྱལ་མཚན་གྱིས་ ལྷོ་མཚམས་མི་སེར་ཚུའི་ཁོངས་ནས་ རྒྱ་གར་མི་སེར་སྟེང་དུ་དབང་བཙོང་དང་ཅ་ཆས་རྣམས་འཕྲོག་བཅོམ་ ས་ཁྲལ་ཆད་ལུས་བཞག་མི་ཚུ་ སྡེ་པ་ལུ་རྒྱུས་ཆ་མེདཔ་ལས་ ས་ཁྲལ་ཆད་ཚུ་དྲུ་ཨརསི་གི་རྗོང་དཔོན་ཚུ་གིས་ དགོཔ་སྦེ་སླབ་ཡོདཔ་ལས་ བག་ས་དྲུ་ཨར་ལོག་སྟེ་ འབྲུག་ལུ་རྩིས་སྤྲོད་དགོཔ་སྦེ་ཡི་གུ་བཏངམ་ལས་ཨིན་པས། ཨིན་རུང་ཕྱི་གཞུང་གྱི་བཀའ་ཤོག་འདི་ ས་མཚམས་ལས་ཐོགས་ཏེ་ སྡེ་སྲིད་མཆོག་གི་ཕྱག་ལུ་མ་འབྱོར་བས།
བླ་མ་ཁྲི་པ་ཞབས་དྲུང་འཇིགས་མེད་ནོར་བུ་དགུང་ལོ་བདུན་བཞེས་མི་དང་ སྡེ་སྲིད་མཆོག་དང་རྗོང་དཔོན་ཚུ་གིས་ ངོས་ལེན་གནང་མི་འདི་ཡང་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སོ་བདུན་ (༡༨༣༧) མེ་བྱ་ལོ་ལུ་ རྒྱ་གར་གཞུང་གིས་ ཨ་སམ་དྲུ་ཨརསི་ཚུ རྒྱ་གར་གཞུང་ཁོངས་སུ་བཞག་སྟེ་ ས་རིན་ལོ་བསྟར་ ༡༠,༠༠༠/- རེ་འབྲུག་ལུ་ཕུལ་རྒྱུའི་ཁ་སླབ་པར་ ཀེབ་ཀྲིན་དཔལ་འབར་ཏེན་ དེ་ཝང་གུ་རི་བརྒྱུད་དེ་ འབྲུག་ནང་བཏངམ་ལས་ཨིན། དེ་ལུ་ཀྲོང་གསར་དཔོན་སློབ་ཀྱི་ངོས་ལེན་མ་འབད་བར་ དོན་དག་མ་གྲུབ་པར་ལུས་ནུག། ད་རུང་སྡེ་སྲིད་མཆོག་ནི་ ཁྲི་ཐོག་མཛད་པའི་མཐའ་མ་ གཞོང་སྒར་རྫོང་དཔོན་ལྕགས་པ་སངས་རྒྱས་ཀྱིས་ གཞུང་ལུ་ངོ་ལོག་གི་དམག་སྤུ་ན་ཁར་ལྷོད་དེ་ ཟླ་དང་པའི་ཚེས་ ༡༥ འི་ནུབ་མོ་ རྗོང་འཕྱོག་ཆིཝ་ལས་ སྡེ་སྲིད་མཆོག་མཁན་ཆེན་གྱི་གཟིམ་ཅུང་ནང་ སྲོག་སྐྱབས་ཞུ་བར་བྱོན་ཏེ་ སྡེ་སྲིད་ཀྱི་ཁྲི་ལས་ ཟུར་བཞུགས་དགོཔ་བྱུང་ནུག། དེ་ཡང་སྤྱི་ལོ་ ༡༨༣༨ ས་ཁྱི་ལོའི་གསོལ་ཐབ་ སྤུ་ན་ཁར་བཞུགསཔ་ཨིན་པས།

ས་སྐྱོང་མཆོག་དགོངས་ཞུའི་མཛད་པ།[ཞུན་དག།]

སྡེ་ཟུར་ཆོས་ཀྱི་རྒྱལ་མཚན་ལུ་ཉེས་སྐྱོན་ག་ནི་ཡང་མ་ཕོག་པར་བདེ་ཏོག་ཏོ་སྦེ་ བདེ་བར་བཏོན་ཡོད་མི་དེ་ཡང་ གཞོང་སྒར་རྫོང་དཔོན་ལྕགས་པ་སངས་རྒྱས་ཀྱིས་ སྡེ་ཁྲི་ལས་ཕབ་པའི་ཤུལ་མ་ མཁན་ཆེན་ཉེར་ལྔ་པའི་ཁྲི་ཟུར་ བསྟན་འཛིན་འབྲུག་སྒྲ་སློབ་དཔོན་ཡོན་ཏན་ ཐིམ་ཕུག་རྗོང་དཔོན་ཚུ་གིས་ཁྲི་འདུམ་མཛད་དེ་ སྤུ་ན་ཁའི་རྗོང་གཞིས་དེ་ལྕགས་པ་སངས་རྒྱས་ལུ་རྩིས་སྤྲོད་གནང་ནུག། དེ་ལས་སྡེ་ཟུར་མཆོག་ཉེས་སྐྱོན་ག་ནི་ཡང་མ་ཕོག་པར་ བདེ་བར་བཏོན་པའི་ཤུལ་ མ་དགོན་པར་བྱོན་ཏེ་ ཚེ་མཇུག་བདེ་བར་སྐྱོངསཏེ་བཞུགས་ནུག།

སྡེ་སྲིད་ཁྲི་རབས་སོ་བརྒྱད་པ་ ས་སྐྱོང་མི་དབང་ཐིམ་རྫོང་པ་བཀྲ་ཤིས་རྡོ་རྗེའི་མཛད་རྣམ།[ཞུན་དག།]

དང་པ་སྡེ་སྲིད་མ་མཛད་གོང་གི་མཛད་རྣམ།[ཞུན་དག།]

ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་སྟོད་ཝང་དར་ལུང་ཁ་ལུ་སྐུ་འཁྲུངས་ཏེ་ཡོད་མི་ སྡེ་སྲིད་ཁྲི་རབས་སོ་བརྒྱད་པ་ ས་སྐྱོང་མི་དབང་ཐིམ་རྫོང་པ་འདི་ནི་ མཚན་ལུ་ཡང་བཀྲ་ཤིས་རྡོ་རྗེ་ཟེར་གསོལ་གནང་ནུག། ཁོ་ར་ ཧེ་མ་ཆུང་ཀུའི་བསྒང་ལས་ སྡེ་སྲིད་ཆོས་ཀྱི་རྒྱལ་མཚན་གྱི་སྒར་ལྟོ་མཛད་ཡོདཔ་མ་ཚད་ ཆོས་རྗེ་འབྲུག་པའི་ལས་ཚན་གྱི་འགན་ཁུར་རིམ་པར་མཐར་འཁྱོལ་ཏེ་ ཐིམ་ཕུག་རྫོང་དཔོན་གྱི་གོ་གནས་ཐོབ་སྟེ་བཞུགས་ནུག།

གཉིས་པ་སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་སྒོ།[ཞུན་དག།]

སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སུམ་བཅུ་སོ་བརྒྱད་ ༡༨༣༨ པའི་ས་ཁྱི་ཟླ་དང་པའི་ནང་ མི་དབང་སྡེ་སྲིད་ཆོས་ཀྱི་རྒྱལ་མཚན་མཆོག་ ད་རུང་སྡེ་སྲིད་ཤོ་ཐེངས་གཉིས་པ་ ཁྲི་རབས་སོ་དྲུག་པའི་ཁྲི་ལུ་བཞུགསཔ་ད་ གཞོང་རྫོང་པ་ལྕགས་པ་སངས་རྒྱས་ཀྱིས་ གཞུང་ལུ་ངོ་རྒོལ་གྱི་དམག་དཔུང་ སྤུ་ན་ཁར་བཙུགས་ཏེ་ སྡེ་སྲིད་ཆོས་ཀྱི་རྒྱལ་མཚན་ནི་རྐྱེན་ལུ་ཁྲི་ལས་ཕབས་ཏེ་ རྡོ་རྗེ་ནོར་བུ་འདི་དར་དཀར་དཔོན་སློབ་ཀྱི་ཁྲི་ལུ་བཏོནམ་ད་ སྡེ་སྲིད་ཆོས་ཀྱི་རྒྱལ་མཚན་གྱི་བློ་ཁར་མ་བབས་པར་ སྤྱི་ལོ་ ༡༨༣༨ ས་ཁྱི་ཟླ་ ༤ པའི་ནང་ ཐིམ་རྫོང་པ་བཀྲ་ཤིས་རྡོ་རྗེ་དེ་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ལུ་ སྡེ་སྲིད་སོ་བརྒྱད་པའི་ཁྲི་ལུ་ མངའ་གསོལ་ཞུཝ་ད་ རྗེ་ཤེས་རབ་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་ཡང་ཞུ་ནུག།

གསུམ་པ་སྡེ་སྲིད་ཁྲི་ཐོག་གི་མཛད་ཤུལ།[ཞུན་དག།]

༡. སྡེ་སྲིད་རྣམ་གཉིས་ཟུང་འབྲེལ།[ཞུན་དག།]

འབྲུག་རྒྱལ་ཁབ་ནང་ སྤྱི་ལོ་ ༡༨༣༨ ལས་ སྡེ་སྲིད་ཁག་གཉིས་ལུ་གནས་ཏེ་ གསོལ་ཐབ་ཕེབས་བཞུགས་ལས་འགོ་བཟུང་སྟེ་ རྒྱལ་སྲིད་ཀྱི་ལཱ་ཚུ་ མཛད་སྟབས་མ་བདེ་བར་བཞུགསཔ་ད་ གྲྭ་ཚང་གི་བླམ་མཁན་པོ་དང་ སྐུ་གཞོགས་བསྟན་འཛིན་འབྲུག་སྒྲ་ཚུ་གིས་ ལོ་ངོ་བཞིའི་རིང་ལོག་སྟེ་ར་ སྤྱི་ལོ་ ༡༨༤༢ ཆུ་སྟག་ལོ་ལས་ཁྲི་འགྲིགས་ཚུགསཔ་ལས་ སྡེ་སྲིད་རྣམ་གཉིས་ ཐུགས་མཐུན་མཉམ་གཅིག་གི་ཐོག་ལས་ སྤྱི་ལོ་ ༡༨༤༨ ཚུན་ལོ་ངོ་ ༦ གི་རིང་ རྒྱལ་སྲིད་མཉམ་རུབ་སྐྱོངས་ཏེ་བཞུགས་ནུག། སྡེ་སྲིད་རྡོ་རྗེ་རྣམ་རྒྱལ་མཆོག་ནི་ སྤྱི་ལོ་ ༡༨༤༨ ས་སྤྲེལ་ལོ་ལུ་ ཁྲི་ཐོག་གུར་གཤགས་སོངམ་ལས་ དེ་ལས་ཚུར་ སྡེ་སྲིད་བཀྲ་ཤིས་རྡོ་རྗེ་ཁོ་ར་གཅིག་གིས་ སྡེ་སྲིད་ཀྱི་ཁྲི་ཁར་ སྤྱི་ལོ་ ༡༨༥༠ ཚུན་ལོ་ངོ་ ༢ ཀྱི་རིང་ རྒྱལ་སྲིད་སྐྱོངས་ཏེ་བཞུགས་ནུག།

༢. རྗེ་མཁན་ཁྲི་རབས་ ༢༩ པའི་ཁྲི་མངའ་གསོལ།[ཞུན་དག།]

རྗེ་མཁན་ཁྲི་རབས་ ༢༨ པ་ངག་དབང་རིན་ཆེན་བཟང་པོ་མཆོག་ སྤྱི་ལོ་ ༡༨༤༨ ལུ་ རྗེའི་ཁྲི་ཐོག་ལས་ དགོངས་པ་རྫོགས་སོངམ་ལས་ སྤྱི་ལོ་ ༡༨༤༨ ལུ་རྗེ་ཁྲི་ཟུར་པདྨ་བཟང་པོ་མཆོག་ནི་ ལོག་སྟེ་ར་རྗེ་མཁན་ཁྲི་རབས་ ༢༩ པའི་ཆོས་ཀྱི་ཁྲི་ལུ་མངའ་གསོལ་ཞུ་ནུག།

༣. སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན།[ཞུན་དག།]

གདན་ས་སྤུ་ན་ཁ་རྫོང་གི་ནང་རྟེན་དུ་ སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཆེན་པོ་འགྲན་ཟླ་དང་བྲལ་བ་ གསར་དུ་བཞེངས་ནུག། དེ་སྐབས་ ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་ལས་ཀྱང་ ཞལ་འདེབས་ཚུ་ཕུལ་གནང་ནུག།

༤. བསྟན་སྤྱིའི་སྐུ་རིམ།[ཞུན་དག།]

སྡེ་སྲིད་བཀྲ་ཤིས་རྡོ་རྗེ་མཆོག་གིས་ སྤྱི་ལོ་ ༡༨༤༧ མེ་སྟག་ཟླ་ ༥ པའི་ནང་ བསྟན་སྤྱིའི་སྐུ་རིམ་དོན་དུ་ ལྷ་མགོན་གྱི་སྲིད་པ་སྤྱི་མདོས་སྐུ་རིམ་བསྒྲུབས་གནང་ནུག།

༥. ཆབ་འབངས་མི་སེར་ཡོངས་ལུ་གནང་སྦྱིན།[ཞུན་དག།]

སྡེ་སྲིད་བཀྲ་ཤིས་རྡོ་རྗེ་མཆོག་ནི་ སྤྱི་ལོ་ ༡༨༤༨ ས་སྤྲེལ་ལོར་ སྐུ་གཤེགས་པ་ནས་ འབྲུག་གི་སྡེ་སྲིད་དབང་ཚད་ ཧྲིལ་བུམ་ཕྱག་ལུ་ཐེབས་པའི་དགའ་སྟོན་ལུ་ ཁ་བཞིའི་ཆབ་འབངས་མི་སེར་ཡོངས་ལུ་ སྡེ་སྲིད་བཀྲ་ཤིས་རྡོ་རྗེ་མཆོག་གིས་ རྒྱལ་ཡོངས་གནང་སྦྱིན་གནང་ནུག།

༦. འཆམ་རོལ་བཀྲ་ཤིས་རྡོ་རྗེ།[ཞུན་དག།]

དགེ་འདུན་གྲྭ་ཚང་འདུས་དེར་ ཧེ་མ་ལས་མེད་མི་ འགྲན་ཟླ་དང་འབྲལ་བའི་རོལ་མོ་སྤོ་གསང་གསར་དུ་བསྒྲུབས་ཏེ་ཕུལ་མི་ དེ་ལུ་ འཆམ་རོལ་བཀྲ་ཤིས་རྡོ་རྗེ་ཟེར་མི་ ད་ལྟོ་བར་ན་ཡོངས་གྲགས་ཀྱི་སྙན་གྲགས་སྦེ་ཡོདཔ་ཨིན་པས།

༧. སྤུངས་རྫོང་མེ་འཇིགས་ཐེངས་ལྔ་པའི་ཉམས་གསོ།[ཞུན་དག།]

སྤུངས་རྫོང་མེ་འཇིགས་ཐེངས་ལྔ་པ་ནི་ སྤྱི་ལོ་ ༡༨༤༩ ས་བྱ་ཟླ་ ༨ ཚེས་ ༢༣ ལུ་བྱུང་སྟེ་ རྒྱལ་བློན་ག་ར་སྡུག་བསྔལ་དཔག་ཏུ་མེདཔ་འབྱུང་རུང་ གོང་ས་བཀྲ་ཤིས་རྡོ་རྗེ་གིས་བརྩོན་ཤུགས་སྦོམ་མཛད་དེ་ ཞབས་དྲུང་འཇིགས་མེད་ནོར་བུ་ཕྱོགས་སྤྲུལ་འཇིགས་མེད་རྡོ་རྗེ་ ཁྲི་སྤྲུལ་ངག་དབང་ཕྲིན་ལས་རྒྱ་མཚོ་ བྱམས་སྤྲུལ་བདུད་འཇོམས་རྒྱལ་མཚན་ མཁན་ཆེན་པདྨ་བཟང་པོ་བཅས་ཞལ་འཛོམས་ཐོག་ལས་ ལོ་འཁོར་ལུ་ཕྱི་གཟུགས་བསྒྲུབས་པའི་རབ་གནས་ཡང་གནང་ནུག།

༨. མཁན་ཆེན་ཁྲི་རབས་ ༣༠ པའི་ཁྲི་མངའ་གསོལ།[ཞུན་དག།]

མཁན་རབས་ཉེར་དགུ་པ་རྗེ་པདྨ་བཟང་པོ་མཆོག་ནི་ སྤྱི་ལོ་ ༡༨༥༠ ལྕགས་ཁྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ཁྲི་ཐོག་ལུ་གཤགས་སོངམ་ལས་ དགེ་འདུན་གསོལ་ཐབ་ཐིམ་ཕུག་ཕེབས་ཅིག་ མཁན་རབས་སུམ་ཅུ་པའི་ཆོས་ཀྱི་ཁྲི་ཐོག་ལུ་ ཞབས་དྲུང་འཇིགས་མེད་ནོར་བུའི་ཡོངས་འཛིན་ ངག་དབང་འཇམ་དཔལ་རྒྱ་མཚོ་ ཁྲི་མངའ་གསོལ་ཞུ་ནུག།

སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ།[ཞུན་དག།]

སྤྱི་ལོ་ ༡༨༥༠ ལྕགས་ཁྱི་ལོའི་གསོལ་ཐབ་ཐིམ་ཕུག་ཕེབས་པའི་ཤུལ་ལས་ སྐུ་གཟུགས་གནོད་འཚེ་ཅན་ཅིག་ཐོབ་པ་ལས་བརྟེན་ སྐུ་གཟུགས་མ་བདེ་བར་ སྡེ་སྲིད་ཁྲི་ཐོག་ལས་དགོངས་ཞུས་མཛད་དེ་ ཟླཝ་མ་འཁོརཝ་ལས་ ལྕགས་ཁྱི་ཟླ་ ༤ ཚེས་ ༢༩ ལུ་དགོངསམ་རྫོགསཔ་ད་ ཞབས་དྲུང་འཇིགས་མེད་ནོར་བུ་ཞུ་སྟེ་ ལམ་སྟོན་སྤུར་སྦྱང་ཚུ་གནང་ནུག།

ས་སྐྱོང་མི་དབང་འབྲུག་སྡེ་སྲིད་ཁྲི་རབས་སོ་དགུ་པ་ ཐིམ་རྫོང་པ་དབང་ཕྱུག་རྒྱལ་པོའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མ་མཛད་གོང་གི་མཛད་རྣམ།[ཞུན་དག།]

སྡེ་སྲིད་སོ་དགུ་པ་དབང་ཕྱུག་རྒྱལ་པོ་ནི་ ཝང་ཚོ་ཆེན་བརྒྱད་ཀྱི་ཡ་གྱལ་ལུ་ཡོད་པའི་ སྨད་ཝང་ཁོངས་གཏོགས་མཁར་སྦིས་ལས་སྐུ་འཁྲུངས་ནི་འདི་གི་ མཚན་ཡང་དབང་ཕྱུག་རྒྱལ་པོ་ཟེར་གསོལ་གནང་ནུག།
སྐུ་ན་ཆུང་ཀུའི་བསྒང་ལས་ གཞུང་སྤུངས་ཐང་བདེ་བ་ཆེན་པའི་ཕོ་བྲང་ནང་ལུ་ དགེ་འདུན་འདུས་པའི་སྡེ་ལུ་ཞུགས་ཏེ་ ཆོས་རྗེ་འབྲུག་པའི་སྒྲིག་ལམ་རྣམ་གཞག་དང་ འབྲི་ཀློག་གི་ཡོན་ཏན་ཚུ་ཡོངས་རྫོགས་སྦེ་སྦྱངས་བརྩོན་མཛད་གནང་ནུག། ཤུལ་མ་ལས་ཀྱི་བཀོདཔ་ལས་བརྟེན་ཏེ་ རྫོང་གོང་མའི་སྲིད་ཀྱི་ལས་ཚན་ནང་བཅའ་མར་གཏོགས་ཏེ་ ཐིམ་ཕུག་ལུ་གཉེར་ཆེན་གྱི་འགན་ཁུར་བཞེས་ཏེ་མཐར་མཁྱོལ་བྱུངམ་ལས་ ཐིམ་ཕུག་ལུ་བཀྲིས་ཆོས་རྫོང་གི་ རྫོང་དཔོན་གྱི་བདག་རྐྱེན་བཞེས་ཏེ་མཛད་གནང་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་དུས་སྟབས་ཀྱི་རྟེན་འབྲེལ།[ཞུན་དག།]


སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ལྔབཅུ་ (༡༨༥༠) ལྕགས་ཁྱི་ལོའི་གཞུང་གྲྭ་ཚང་གསོལ་ཐབ་ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ཕེབས་ཞིནམ་ལས་ མི་དབང་འབྲུག་སྡེ་སྲིད་བཀྲིས་རྡོ་རྗེ་ ཤུགས་སྦེ་སྐུ་བསྙུངསམ་ལས་བརྟེན་ སྡེ་སྲིད་ཁྲི་ཟུར་ལས་དགོངས་ཞུ་སྦེ་དགོཔ་ཐོནམ་ལས་བརྟེན་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ལྔབཅུ་ (༡༨༥༠) འམ་རང་ལུགས་འདས་ལོ་ཉིས་བརྒྱ་དང་ རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་ཟླ་ ༥ པའི་ནང་ གཞུང་ལྷན་རྒྱས་ཀྱི་འགོ་འདྲེན་ཐོག་ལས་ ཐིམ་ཕུག་རྫོང་དཔོན་དབང་ཕྱུག་རྒྱལ་པོ་འདི་ སྡེ་སྲིད་ཁྲི་རབས་སོ་དགུ་པའི་ཁྲི་ལུ་ མངའ་གསོལ་ཞུ་ནུག།

སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ།[ཞུན་དག།]

དེ་བསྒང་ འབྲུག་སྡེ་སྲིད་ཞབས་སུ་ སྤ་གྲོ་དཔོན་སློབ་བགྲེས་པ་ ཚུལ་ཁྲིམས་རྣམ་རྒྱལ་ཨ་རྒས་ཧཱ་པ་དང་ དཔོན་སློབ་ཁྲི་པ་ཡོན་ཏན་རིན་ཆེན་ནམ་སྟག་གཟིག་སྒྲོལ་མ་གཉིས་མ་འགྲིགས་པར་འཁོན་འགྲེས་སྦོམ་ཞུགས་པའི་རྩོད་གཞི་གུར་ཐུགཔ་ད་ སྡེ་སྲིད་མཆོག་གིས་ དཔོན་སློབ་ཁྲི་པའི་རེ་བ་དང་འདོད་པ་བཞིན་དུ་ གྲོས་ཆོད་བཏོན་གནང་ཡོདཔ་ཨིན་མས།
འབྲུག་སྡེ་སྲིད་དབང་ཕྱུག་རྒྱལ་པོ་ནི་ ཁྲི་ཁར་ཟླཝ་གསུམ་ཡང་མ་སོངམ་ལས་ དཔོན་སློབ་ཨ་རྒས་ཧཱ་པ་དང་ ཐིམ་ཕུག་རྫོང་དཔོན་ཚ་ཕུགཔ་ཚེ་དབང་ ཞབས་དྲུང་འཇིགས་མེད་ནོར་བུའི་བླ་གཟིམ་བསོད་ནམས་དོན་གྲུབ་ཚུ་ བསམ་ཕྱོགས་མཐུན་པའི་ཐོགས་ལས་ཐིམ་ཕུག་རྫོང་དཔོན་དང་བླ་གཟིམ་གཉིས་ཀྱིས་ བཀྲོང་དཔ་ལས་ སྡེ་སྲིད་དབང་ཕྱུག་རྒྱལ་པོ་གིས་ དཔལ་ལྡན་འབྲུག་པའི་ཆོས་སྲིད་ལུགས་གཉིས་ཀྱི་ བསྟན་པའི་ཞབས་ཏོག་ཡང་ ག་ནི་ཡང་ཞུ་ནི་ལུ་ གོ་སྐབས་བྱུང་མ་ཚུགསཔ་ཨིན་པས།


སྡེ་སྲིད་ཁྲི་རབས་བཞི་བཅུ་པ་ས་སྐྱོང་མི་དབང་ཞབས་དྲུང་འཇིགས་མེད་ནོར་བུའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

ས་སྐྱོང་མི་དབང་ཞབས་དྲུང་ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ་མཆོག་ རབ་བྱུང་བཅུ་བཞི་པའི་སྤྱི་ལོ་ ༡༨༣༡ ལྕགས་ཡོས་ཟླཝ་ ༦ པའི་ཚེས་ ༡༨ ལུ་ ཡབ་བསྟན་འཛིན་ཆོས་རྒྱལ་དང་ ཡུམ་འབྲུག་རྒྱལ་མོ་གཉིས་ཀྱི་སྲས་ལུ་ ཤར་ཕྱོགས་དགྲ་མེད་རྩེ་ལུ་སྐུ་འཁྲུངས་ཏེ་ མཚན་པདྨ་དབང་གྲགས་ཟེར་གསོལ་ནུག། དགུང་ལོ་ཆུང་ཀུའི་བསྒང་ལས་ སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་ཀྱི་མངོན་ཤེས་མཁྱེན་ཏེ་ སྤྱི་ལོ་ ༡༨༣༤ ཤིང་རྟ་གི་ལོ་ལུ་ སྤུ་ན་ཁ་ལུ་ཕེབས་ནུག། དེ་ལས་ སྡེ་སྲིད་མཆོག་གི་གདན་ས་ཡང་སྤུ་ན་ཁ་ལུ་གདན་དྲངས་ཏེ་ སྡེ་སྲིད་ཁྲི་རབས་ ༣༣ པ་ཨ་ཐངཔ་ཕྲིན་ལས་དང་ རྗེ་མཁན་ཁྲི་རབས་ ༢༤ པ་ཤཱཀྱ་རྒྱལ་མཚན་གཉིས་ཀྱིས་སྦེ་ བླམ་ཁྲི་པའི་གསེར་ཁྲི་ལུ་མངའ་གསོལ་མཛད་གནང་བའི་ཁར་ མཚན་ཡང་ངག་དབང་འཇིགས་མེད་ནོར་བུ་ཟེར་གསོལ་ནུག། སྡེ་སྲིད་མཆོག་ལུ་ དབང་ལུང་ཁྲིད་གསུམ་གྱི་གདམས་ངག་དང་ དགེ་བསྙེན་དང་དགེ་ཚུལ་ རབ་བྱུང་གི་སྡོམ་པ་ཚུ་ཡང་ རྗེ་མཁན་ཁྲི་རབས་ ༢༥ པ་ ཤེས་རབ་རྒྱལ་མཚན་ལས་ཞུ་སྟེ་ རྗེ་འཇམ་དཔལ་རྒྱ་མཚོ་དང་ ཡོན་ཏན་རྒྱལ་མཚན་གཉིས་ཡོངས་འཛིན་སྦེ་བསྟེན་ཏེ་ སྐུ་ཡོན་ཚུ་བཞེས་གནང་ནུག།
སྤྱི་ལོ་ ༡༨༣༨ ལུ་ སྤུ་ན་ཁ་ལས་སྡེ་སྲིད་རྡོ་རྗེ་ནོར་བུ་དང་ ཐིམ་ཕུག་ལས་སྡེ་སྲིད་བཀྲ་ཤིས་རྡོ་རྗེ་གཉིས་ཀྱི་བར་ན་ འཛིང་འཁྲུག་བྱུང་ཡོདཔ་ལས་ ཞབས་དྲུང་གི་ཡབ་བསྟན་འཛིན་ཆོས་རྒྱལ་གྱིས་ ནང་ཁ་འགྲིག་པར་བྱོན་པའི་མཐའ་མར་ སྡེ་སྲིད་མཆོག་གི་ཡང་སྲིད་བཞི་པ་འཇིགས་མེད་རྡོ་རྗེ་བླམ་ཁྲི་པ་སྦེ་མངའ་གསོལ་ནུག། སྤྱི་ལོ་ ༡༨༤༥ ལུ་སྡེ་སྲིད་རྣམ་གཉིས་དང་མཆོག་སྤྲུལ་རྣམ་པ་གཉིས་ཀྱི་དམ་བཅའ་ཞུཝ་ལས་ སྤུ་ན་ཁ་དང་ཐིམ་ཕུག་ལུ་འགྲོ་དོན་མཛད་དེ་བཞུགས་ཡོདཔ་དང་ མང་ཆེ་ཤོས་ར་ལྕགས་རི་དང་གསང་གླིང་ལུ་ཐུགས་དམ་གནང་སྟེ་བཞུགས་ནུག།
སྤྱི་ལོ་ ༡༨༥༠ ལུ་ ཐིམ་ཕུག་རྫོང་དཔོན་དང་ བླ་གཟིམ་བསོད་ནམས་དོན་གྲུབ་གཉིས་ཀྱིས་ སྡེ་སྲིད་ཁྲི་རབས་ ༣༩ པ་དབང་ཕྱུག་རྒྱལ་པོ་བཀྲོངས་པའི་ཤུལ་ལས་ སྤྱི་ལོ་ ༡༨༥༠ ཟླཝ་ ༨ པའི་ནང་ ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་ སྡེ་སྲིད་ཁྲི་རབས་བཞི་བཅུ་པ་སྦེ་ཁྲི་མངའ་གསོལ་ཞུ་ནུག།

སྡེ་སྲིད་ཀྱི་ཁྲི་ཁར་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྤུ་ན་ཁ་ལུ་ སྤུངས་རྫོང་དང་དབང་རྫོང་ དར་དཀར་དཔོན་སློབ་གསུམ་གི་རྒྱབ་སྐྱོར་ཐོག་ལས་ དབང་རྫོང་པ་ལྕགས་པ་སངས་རྒྱས་འདི་རང་ཐག་རང་བཅད་སྦེ་ སྡེ་སྲིད་བཞི་བཅུ་ཞེ་གཅིག་སྦེ་གསོལ་གནང་ནུག། དེ་གིས་སྦེ་ ནང་འཁྲུག་ལངས་ཏེ་ ཨ་རྒས་ཧཱཔ་གིས་ལྕགས་པ་སངས་རྒྱས་བཀྲོངས་ནི་སྦེ་ དམག་རྒྱབ་ཀྲོང་གསར་དཔོན་སློབ་མཚོ་སྐྱིད་རྡོ་རྗེ་ལས་ཞུ་རུང་ ལྕགས་པ་སངས་རྒྱས་ལུ་གླགས་འཁེལ་མ་ཚུགས་པར་ མཇུག་ལུ་ཨ་རྒས་ཧཱཔ་གི་གཡོ་འཕྲུལ་རྐྱབ་སྟེ་ ན་བཟའ་འབྲུམ་ནད་ཅན་ཅིག་ཕུལཝ་ལས་བརྟེན་ སྤྱི་ལོ་ ༡༨༥༡ ལྕགས་ཕག་ཟླཝ་ ༡ པའི་ཚེས་ ༧ ལུ་ནད་ཐེབས་ཏེ་ཚེ་ལས་འདས་སོ་ནུག། དེའི་སྐབས་ལུ་ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་ཡང་ འབྲུམ་ནད་ཀྱིས་བཤེད་རུང་ཟླཝ་ ༡ དེམ་ཅིག་ཁར་སངས་ཡོདཔ་དང་ ཁྲི་སྤྲུལ་བཞི་པ་ངག་དབང་ཕྲིན་ལས་རྒྱ་མཚོ་སྐུ་མྱ་ངན་ལས་འདས་ཏེ་ ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་ ཆོས་སྲིད་ཀྱི་དབུ་ཁྲིད་མཛད་དེ་བཞུགས་ནུག།
ལྷ་དང་བླ་མའི་ལུང་བསྟན་བཞིན་ སྡེ་སྲིད་མཆོག་གིས་ ཨ་ཐང་ནང་ལས་ཕྱག་རྒྱ་མ་བདེ་ཆེན་མཚོ་མོ་བཞེས་ཏེ་ རྩ་རླུང་གི་སྒྲུབ་པ་ཐོབ་ཡོདཔ་ལས་རྟོགས་ལྡན་པའི་ཆས་ལུ་བཞུགས་པའི་སྐབས་ལུ་ མཁན་རབས་ ༣༡ པ་རྗེ་ཡོན་ཏན་རྒྱལ་མཚན་དང་གཞུང་གྲྭ་ཚང་བླ་སློབ་ཚུ་གི་ཐུགས་ཁར་མ་བབས་ལས་ སྤྱི་ལོ་ ༡༨༥༡ ཟླཝ་ ༡༢ ཚེས་ ༧ ལུ་ སྡེ་སྲིད་འཇིགས་མེད་ནོར་བུ་མཆོག་གིས་རྡོ་རྗེ་སློབ་དཔོན་བགྲེསཔ་ བར་ཅུང་པ་འདི་སྡེ་སྲིད་ཀྱི་ཁྲི་གུར་བསྐོས་གནང་ནུག། ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་དགུང་ལོ་ ༣༣ བཞེས་པའི་སྐབས་ལུ་ བླམ་ཁྲིཔ་དང་སྡེ་སྲིད་ཀྱི་ཁྲི་ལས་དགོངས་ཞུ་མཛད་དེ་ འཇམ་མགོན་སྤྲུལ་སྐུ་མཆོག་ གསེར་ཁྲི་གུར་མངའ་གསོལ་ཞུ་ནུག།
སྤྱི་ལོ་ ༡༨༥༣ ལུ་ སྡེ་སྲིད་མཆོག་རྟ་ལོག་གསང་སྔགས་ཆོས་གླིང་ལུ་བཞུགས་པའི་སྐབས་ བླ་མའི་གདན་ས་སྒོ་རི་ནང་ ཀུན་སྣང་འོད་གསལ་དགོན་པར་བྱོན་ཏེ་ ཁྲིད་ཐེངས་གཅིག་གནང་ཡོདཔ་དང་ སྤ་གྲོའི་གཙོས་སའི་གནས་ཚུ་གཟིགས་ཏེ་ གདུལ་བྱའི་འགྲོ་དོན་མང་རབས་ཅིག་མཛད་གནང་ནུག། དེ་ལས་ ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་སྤ་རོ་སྒོ་རི་ནང་བཞུགསཔ་ད་ དགེ་སློང་ ༡༥ གིས་མཚན་འཛིན་བཏོགས་ཏེ་བཏང་ཡོདཔ་མ་ཚད་ ཐོབ་ལམ་ཚུ་ཡང་མེདཔ་བཟོཝ་ལས་ སྤྱི་ལོ་ ༡༨༥༩ ལུ་ སྡེ་སྲིད་མཆོག་སྒོ་རི་ནང་ཡང་མ་བཞུགས་པར་ བོད་ཡུལ་ལུ་གནས་གཟིགས་པར་ཕེབས་ཏེ་ ཡུན་རིངམོ་སྦེ་བཞུགས་ནུག།
ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་བོད་ལུ་ཕེབས་ད་ སྐྱབས་མགོན་སྐུ་འཕྲེང་ ༡༢ པ་ཕྲིན་ལས་རྒྱ་མཚོ་ སྐུ་ན་མ་སྨིན་པ་ལས་ར་ སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ཀྱིས་ཞབས་དྲུང་མཆོག་ལུ་ དད་པ་དང་ཡིད་ཆེས་ཡོད་པའི་ཁར་བརྩི་བཀུར་ཞུ་སྟེ་ ལོ་གཉིས་ཀྱི་རིང་ལུ་ ཚེ་སྨོན་གླིང་གི་ཕོ་བྲང་ནང་བཞུགས་བཅུག་ནུག།
ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་བོད་ལུ་བཞུགས་པའི་སྐབས་ལུ་ ཨ་རྒས་ཧཱཔ་གི་ཕྱག་ཞུ་སྟེ་སྡོད་པའི་ཁར་ ཞབས་དྲུང་མཆོག་དྲོ་པ་གི་གསོལ་ཇ་བཞེས་ས་ལུ་ གསོལ་རྩམ་ཨ་ཁམ་གྱིས་སྤུ་ན་ཁ་རྫོང་གི་གཟུགས་བརྙན་ཅིག་བཟོ་ཡོད་པའི་གུར་ གསོལ་ཇ་བླུག་ནི་འབདཝ་ད་ ཨ་རྒས་ཧཱཔ་གི་བླུག་མ་གནང་ཟེར་ཞུཝ་ད་ བླ་མ་གིས་ཐུགས་སྨོན་གནང་ཚར་ཡི་ཟེར་གསུངས་ཏེ་ ཨ་ཙི་ཅིག་བླུགས་གནངམ་ད་ སྤུ་ན་ཁ་ལུ་ཆུ་རུད་ཐོན་འོངམ་ལས་ ཕྱག་མཛོད་ཁ་ཐུག་གི་རྫོང་གཞིས་ཕྱེད་ཀ་འདི་ ཆུ་རུད་ཀྱིས་འབག་ཡོདཔ་ཨིན་པས།
བོད་ལས་སྤྱི་ལོ་ ༡༨༦༠ ལུ་ལོག་སྟེ་འབྲུག་སྤ་རོ་སྒོ་རི་ནང་བྱོན་ཏེ་བཞུགས་པའི་སྐབས་ ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་དགུང་ལོ་ ༣༡ བཞེས་ཡོདཔ་དང་ སྤྱི་ལོ་ ༡༨༦༡ ལྕགས་བྱ་ལུ་དགོངས་པ་ཆོས་ཀྱི་དབྱིངས་ལུ་ཐིམ་སོ་ནུག། བླ་མའི་ཕྱག་རྒྱ་མ་ ཨ་ཐང་ལུ་བཞུགས་ཡོད་མི་ མཁའ་འགྲོ་བདེ་ཆེན་མཚོ་མོ་ལུ་སྲསམོ་རིན་ཆེན་མཚོ་མོ་ཟེར་མི་སྐུ་འཁྲུངས་ཏེ་ བརྒྱུད་པའི་རིགས་ལུ་ ཨ་ཐང་གསང་མོ་ཟེར་བའི་ཐ་སྙད་དེ་དར་ཁྱབ་སོང་སྟེ་ཡོདཔ་ཨིན།།

སྡེ་སྲིད་ཁྲི་རབས་བཞི་བཅུ་ཞེ་གཅིག་པ་ས་སྐྱོང་མི་དབང་ལྕགས་པ་སངས་རྒྱས་ཀྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་པ།[ཞུན་དག།]

ས་སྐྱོང་མི་དབང་ལྕགས་པ་སངས་རྒྱས་མཆོག་ སྨད་ཝང་སི་ལི་ཁ་ལུ་སྐུ་འཁྲུངས་ཡོདཔ་དང་ དར་དཀར་དཔོན་སློབ་རྡོ་རྗེ་ནོར་བུ་གི་ནུ་གཅུང་ཨིན་མས། སྡེ་སྲིད་རྡོ་རྗེ་རྣམ་རྒྱལ་མཆོག་ དགེ་འདུན་གྲྭ་ཚང་ནང་ སྒར་ལྟོ་སྦེ་འཛུལ་ཏེ་ ཆོས་རྗེ་འབྲུག་པའི་ལམ་སྲོལ་དང་སྒྲིག་ལམ་རྣམ་གཞག་ཚུ་གི་སྦྱང་བ་ཚུ་ཡང་ མཐར་ཕྱིནམ་སྦེ་ཐོབ་པའི་ཤུལ་མ་ གོ་གནས་ཚུརིམ་པ་བཞིན་དུ་ཡར་སེང་ཐོབ་ལས་ གཞོང་སྒར་རྫོང་དཔོན་གྱི་གོ་གནས་བཞེས་ནུག། སྤྱི་ལོ་ ༡༨༣༨ གི་ལོ་ལུ་ འབྲུག་ལུ་ངོ་ལོག་གི་དམག་ཐོན་ནུག། དེ་ཡང་ ཐིམ་རྫོང་པ་ལྕགས་པ་སངས་རྒྱས་དང་ དར་དཀར་དཔོན་སློབ་རྡོ་རྗེ་ནོར་བུ་གཉིས་ཀྱི་སྒར་པ་ཚུ་ རང་ལུགས་གནམ་ལོ་ས་ཁྱི་ཟླཝ་ ༡ པའི་ཚེས་ ༡༥ ལས་འགོ་བཙུགས་ཏེ་ སྤུ་ན་ཁ་རྫོང་གི་ཕྱོགས་ག་ར་ གསང་བའི་ཐོག་ལས་སྤུངས་ཡོདཔ་དང་ དཔོན་སློབ་རྡོ་རྗེ་ནོར་བུ་དང་རྫོང་དཔོན་ལྕགས་པ་སངས་རྒྱས་གཉིས་ ཁ་བསྡོམས་ཞིནམ་ལས་ སྡེ་སྲིད་ཆོས་ཀྱི་རྒྱལ་མཚན་ སྡེ་ཁྲི་ལས་ཕབ་བཏང་ཡོདཔ་ཨིན་མས། དཔོན་སློབ་རྡོ་རྗེ་ནོར་བུ་ སྡེ་ཁྲི་ལུ་རང་ཐག་རང་བཅད་ཐོག་བྱོན་ཡོདཔ་དང་ རྫོང་དཔོན་ཁོ་ར་ གཟིམ་དཔོན་དང་རྫོང་དཔོན་གྱི་ཕྱག་འགན་གཉིས་སྦེ་བཞེས་བཞུགས་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་སྐོར།[ཞུན་དག།]

སྤ་རོ་དཔོན་སློབ་བགྲེསཔ་ཨ་རྒས་ཧཱཔ་དང་ བླམ་ཁྲི་པ་ཡོན་ཏན་རིན་ཆེན་གཉིས་ཀྱི་བར་ན་ ནང་འཁྲུག་ཐོན་ཏེ་ ནང་འགྲིག་ཀྱི་དོན་ལུ་ སྡེ་སྲིད་དབང་ཕྱུག་གི་སྐུ་མདུན་ལུ་ལྷོདཔ་ད་ སྡེ་སྲིད་མཆོག་གིས་ བླམ་ཁྲི་པའི་རྒྱབ་ལས་ཐོནམ་ལས་བརྟེན་ ཨ་རྒས་ཧཱཔ་གིས་མ་རངས་པར་ སྡེ་སྲིད་མཆོག་སྡེ་སྲིད་ཀྱི་ཁྲི་ཐོག་ཁ་ར་བཀྲོངས་ད་ནུག། དེའི་སྐབས་ སྡེ་སྲིད་ཀྱི་རྒྱབ་ལས་ དབང་རྫོང་པ་ལྕགས་པ་སངས་རྒྱས་ཐོན་ཏེ་ དཔོན་སློབ་བགྲེསཔ་ཨ་རྒས་ཧཱཔ་གི་དམག་དཔུང་དང་ ནང་འཁྲུག་ཤུགས་ལངས་ཏེ་སྡོདཔ་ད་ དགེ་འདུན་དམངས་དང་གཞུང་གཉིས་ ཁ་བསྡོམས་ཐོག་ལས་ ཞབས་དྲུང་ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ་མཆོག་ སྡེ་ཁྲི་ལུ་མངའ་གསོལ་ཞུཝ་ད་ རྫོང་དཔོན་ལྕགས་པ་སངས་རྒྱས་ཁོ་ར་གིས་ རང་ཐག་རང་གིས་བཅད་ཏེ་ སྡེ་ཁྲི་ལུ་བྱོན་ནུག།
དབང་རྫོང་པ་ལྕགས་པ་སངས་རྒྱས་ཀྱིས་ རང་ཐག་རང་གིས་བཅད་ཐོག་ལས་ སྡེ་ཁྲི་ལུ་བྱོན་མི་ལུ་ དགེ་འདུན་དམངས་དང་ གཞུང་དཔོན་ཁག་ཚུ་གི་ཐུགས་ཁར་མ་བབས་ལས་ ནང་འཁྲུག་ལང་ནི་འབད་བའི་སྐབས་ དཔོན་སློབ་བགྲེསཔ་ ཨ་རྒས་ཧཱཔ་གིས་ ཆོས་རྩེ་དཔོན་སློབ་མཚོ་སྐྱེས་རྡོ་རྗེ་ལས་རྒྱབ་ཞུཝ་ད་ ཀྲོང་གསར་ལས་ དམག་དཔོན་འཇིགས་མེད་རྣམ་རྒྱལ་དང་དུང་དཀརཔོ་རྒྱལ་མཚན་ སྐྱིད་ཚལ་པ་རྡོ་རྗེ་གསུམ་གྱིས་གཙོས་ ལྕགས་པ་སངས་རྒྱས་དང་གཅིག་ཁར་ དམག་འཐབ་ད་ ཀྲོང་གསར་གྱི་དམག་དཔོན་ཚུ་གིས་ ལྕགས་པ་སངས་རྒྱས་ཀྱི་དམག་ལུ་འབད་མ་ཚུགས་པར་ སྡེ་སྲིད་ཞབས་དྲུང་ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ་ལས་ དམག་རྒྱབ་ཡང་འཚོལ་དགོཔ་ཐོན་ནུག། དེ་མ་ཚད་ ཀྲོང་གསར་པའི་དམག་དཔོན་ཚུ་ ལོག་འབྱོནམ་ད་ དབང་འདུས་ལས་འབྱོན་མ་ཧུམ་པར་ མགར་ས་ལས་བསྐོར་ཏེ་བྱོན་དགོཔ་ཐོན་སོ་ནུག།
ལྕགས་པ་སངས་རྒྱས་ སྡེ་ཁྲི་ལུ་བཞུགསཔ་ད་ འབྲུམ་ནད་ཤུགས་ཅན་ཅིག་ར་ཐོན་ཡོདཔ་ལས་ དེ་བསྒང་དཔོན་སློབ་བགྲེསཔ་ཨ་རྒས་ཧཱཔ་གིས་ ལྕགས་པ་སངས་རྒྱས་བཀྲོངས་ནིའི་འཆར་གཞི་བརྩམས་ཏེ་ འབྲུམ་ནད་འཐོབ་མི་ཅིག་ལུ་ གོས་ཆེན་གྱི་གོ་ གཞན་དང་མ་འདྲཝ་ཅིག་གྱོན་བཅུག་ཞིནམ་ལས་ གོས་ཆེན་གྱི་གོ་འདི་ ལྕགས་པ་སངས་རྒྱས་ལུ་ཕུལ་ནུག། གོ་འདི་མཐོངམ་ཅིག་ སེམས་ཆགས་པའི་དབང་གིས་ གོ་ཚད་བཏུབ་མ་བཏུབ་བལྟ་ནི་སྦེ་གྱོནམ་ད་ འབྲུམ་ནད་འབུ་བའི་སྟབས་ཀྱིས་ སྤྱི་ལོ་ ༡༨༥༡ གི་ལོ་ལུ་གཤགས་སོ་ནུག་གོ།

སྡེ་སྲིད་ཁྲི་རབས་ཞེ་གཉིས་པ་ས་སྐྱོང་མི་དབང་བར་ཅུང་པ་ (དམ་ཆོས་ལྷུན་གྲུབ་) ཀྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་པ།[ཞུན་དག།]

ས་སྐྱོང་མི་དབང་དམ་ཆོས་ལྷུན་གྲུབ་འདི་ ཐིམ་ཕུག་བར་ཕྱོགས་ལས་སྐུ་འཁྲུངས་ཡོདཔ་ལས་ མཚན་ཡང་བར་ཅུང་པ་ཟེར་གསོལ་ནུག། བར་ཅུང་པ་མཆོག་ སྐུ་ན་ཆུང་ཀུའི་དུས་སྐབས་ལས་ གཞུང་དགེ་འདུན་གྲྭ་ཚང་ལུ་བཞུགས་ཏེ་ བསླབ་བྱ་དམ་ཚིག་དང་སྡོམ་པ་ཚུ་ཞུ་ཡོདཔ་ལས་ མཚན་ཡང་དམ་ཆོས་ལྷུན་གྲུབ་ཟེར་གསོལ་ཏེ་ མཚན་གཉིས་ཆ་ར་དར་ཁྱབ་ཡར་སོ་ནུག། སྡེ་སྲིད་དམ་ཆོས་ལྷུན་གྲུབ་མཆོག་ དགེ་འདུན་གྲྭ་ཚང་ནང་བཞུགས་པའི་སྐབས་ འབྲི་ཀློག་གི་སྐུ་ཡོན་ཚུ་དང་ ཐོས་བསམ་སྒོམ་གསུམ་མཐར་ཕྱིནམ་སྦེ་སྦྱངས་ཏེ་ མཁས་པ་ལུ་གྱུར་ཡོདཔ་ལས་ འདུས་སྡེའི་ལས་མཚན་གྱི་གོ་གནས་བཞེས་གནང་ནུག། འགན་ཁུར་ཚུ་ རིམ་པ་བཞིན་དུ་མཛད་གནངམ་ལས་ རྡོ་རྗེ་སློབ་དཔོན་གྱི་གོ་གནས་ཡང་བཞེས་གནང་པའི་ཤུལ་མ་དགོངས་ཞུ་མཛད་དེ་ རྟ་ལང་ཁ་དགོན་པ་ལུ་ཐུགས་དམ་གནང་སྟེ་བཞུགས་ནུག།
སྡེ་སྲིད་ཁྲི་རབས་བཞི་བཅུ་པ་ ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་ སྡེ་ཁྲི་ལས་སྤྱི་ལོ་ ༡༨༥༢ ཟླཝ་ ༡༢ པའི་ནང་དགོངས་ཞུ་མཛད་དེ་ རྟ་ལོག་གསང་སྔགས་ཆོས་གླིང་ལུ་བྱོན་པའི་ཤུལ་མ་ ཐིམ་ཕུག་རྫོང་དཔོན་ཤེས་རབ་མཐར་ཕྱིན་དང་ དབང་རྫོང་དཔོན་ཀུན་དགའ་དཔལ་ལྡན་ (བསོད་ནམས་སྟོབས་རྒྱས་) ཚུ་ ནང་ཟིང་ལང་བའི་དུས་སྐབས་ལུ་ མཁན་ཆེན་ཁྲི་རབས་ ༣༡ པ་ཡོན་ཏན་རྒྱལ་མཚན་དང་ མཁན་ཆེན་ཁྲི་ཟུར་འཇམ་དཔལ་རྒྱ་མཚོ། ཞབས་དྲུང་འཇིགས་མེད་ནོར་བུ། དེ་ལས་ དགེ་འདུན་དམངས་ཀྱིས་ མི་སེར་ཞི་བདེ་འབྱུང་ནིའི་ཐབས་ལུ་ཞལ་མཐུན་གྱི་ཐོག་ལས་ སྤྱི་ལོ་ ༡༨༥༢ ཟླཝ་ ༡༢ པའི་ཚེས་ ༧ ལུ་ རྡོ་རྗེ་སློབ་དཔོན་བགྲེསཔ་དམ་ཆོས་ལྷུན་གྲུབ་ (བར་ཅུང་པ་) འདི་ སྡེ་སྲིད་ཁྲི་རབས་བཞི་བཅུ་ཞེ་གཉིས་པའི་ཁྲི་ལུ་མངའ་གསོལ་ཞུ་གནང་ནུག།

སྡེ་སྲིད་ཀྱི་ཁྲི་ཁར་བྱོན་པའི་ཤུལ་གྱི་མཛད་པ།[ཞུན་དག།]

བྱམས་མགོན་ཡང་སྲིད་གསུམ་པ་ བདུད་འཇོམས་རྡོ་རྗེ་ (འཇམ་དབྱངས་བསྟན་འཛིན་)མཆོག་ སྤྱི་ལོ་ ༡༨༥༢ ཟླཝ་ ༡༢ པའི་ཚེས་ ༨ ལུ་ཞབས་དྲུང་འཇིགས་མེད་ནོར་བུ་གི་རྒྱལ་ཚབ་ བླམ་ཁྲི་པ་བཅུ་བཞི་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག། སྡེ་སྲིད་འདིའི་སྐབས་ལས་འགོ་བཟུང་སྟེ་ འཇམ་མགོན་ཡང་སྲིད་ བླམ་ཁྲི་པའི་གསར་ཁྲི་ལུ་མངའ་གསོལ་ཞུ་ནིའི་ལམ་ལུགས་གསརཔ་བཙུགས་གནང་ཡོདཔ་ཨིན་མས། ཧེ་མ་འབད་བ་ཅིན་ ཞབས་དྲུང་ཐུགས་སྤྲུལ་དང་གསུང་སྤྲུང་གཉིས་དང་ སྲས་འཇམ་དཔལ་རྡོ་རྗེ། དེ་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ཚུ་ བླམ་ཁྲི་པའི་གསེར་ཁྲི་ཁར་ མངའ་གསོལ་ཞུཝ་ཨིནམ་མ་གཏོགས་ གཞན་ཞུ་གསོལ་མེདཔ་ཨིན་མས།
སངས་རྒྱས་གཉིས་པ་ གུ་རུ་རིན་པོ་ཆེ་གི་ལུང་བསྟན་དུས་ལུ་བབས་ཏེ་ ཞབས་དྲུང་གི་ཐུགས་སྤྲུལ་བཞི་པ་ འཇིགས་མེད་ནོར་བུ་གིས་ ཨ་ཐང་ལས་མཁའ་འགྲོ་མའི་མཚན་རྟགས་དང་ལྡན་པའི་བུམོ་བདེ་ཆེན་མཚོ་མོ་ གསང་ཡུམ་སྦེ་བཞེས་བཞུགསཔ་ད་ གཞུང་ལྷན་རྒྱས་དང་ ལྷག་པར་དུ་ སྡེ་པ་དམ་ཆོས་ལྷུན་གྲུབ་ཀྱི་ཐུགས་ལུ་མ་བབས་ལས་ ཞབས་དྲུང་མཆོག་ བླམ་ཁྲི་པའི་ཁྲི་ལས་ཕབ་བཏང་ཡོདཔ་མ་ཚད་ གཞུང་གི་ཐོབ་ལམ་ཚུ་ཡང་ ག་ནི་ཡང་མ་ཐོབ་བཟོ་ནུག། དེ་མ་ཚད་ ཞབས་དྲུང་གི་ཕྱག་ཞུ་མི་ དགེ་འདུན་པ་ཞེ་གྲངས་ ༡༥ ལྷག་ཙམ་གྱི་མཚན་འཛིན་ཡང་བཏོགས་བཏང་ཡོདཔ་དང་ ཞབས་དྲུང་གི་ཕ་མའི་ཤུལ་སྐལ་ཚུ་ཡང་གཞུང་བཞེས་མཛད་ཏེ་ ཞབས་དྲུང་མཆོག་ གདན་ས་རྟ་མགོ་ལུ་ཡང་བཞུགས་མ་བཅུག་པས། དེ་ལས་ ཞབས་དྲུང་ཁོ་ར་ སྤ་རོ་སྒོ་རི་ནང་ལུ་བཞུགས་ཡོད་རུང་ འདི་ནང་ཡང་ཐུགས་མ་སྤྲོ་བ་ལུ་བརྟེན་ཏེ་ བོད་ལུ་བྱོན་དགོཔ་བྱུང་ནུག་གོ།

སྡེ་སྲིད་མཆོག་གི་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་བར་ཅུང་པ་ (དམ་ཆོས་ལྷུན་གྲུབ་) མཆོག་ སྡེ་ཁྲི་ལུ་བཞུགས་པའི་སྐབས་ ཐིམ་རྫོང་པ་ཨུ་མ་དྷེ་ཝ་དང་ དབང་རྫོང་པ་ཀུན་དགའ་དཔལ་ལྡན་གཉིས་ཀྱི་བར་ན་ སྡེ་སྲིད་གོ་གནས་ཀྱི་སྐོར་ལས་ཧབ་ཐོབ་རྐྱབ་ཏེ་ ནང་འཁྲུག་བྱུང་མི་ལུ་བརྟེན་ཏེ་ འབངས་མི་སེར་ཚུ་ཡང་སྐྱིད་ཏོང་ཏོ་སྦེ་སྡོད་མ་ཚུགསཔ་མ་ཚད་ སྡེ་སྲིད་ཁོ་ར་ཡང་ བདེཝ་སྦེ་བཞུགས་མ་ཚུགསཔ་ལས་ སྤྱི་ལོ་ ༡༨༥༤ གི་ལོ་ལུ་ དགོངས་ཞུ་མཛད་ནུག་གོ།

སྡེ་སྲིད་ཁྲི་རབས་ཞེ་གསུམ་པ་ས་སྐྱོང་མི་དབང་འཇམ་དབྱངས་བསྟན་འཛིན་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་པ།[ཞུན་དག།]

བྱམས་སྤྲུལ་འཇམ་དབྱངས་བསྟན་འཛིན་མཆོག་ མགར་ས་ལུ་ སྤྱི་ལོ་ ༡༨༣༡ པའི་ལོ་ལུ་ དགོན་ཨ་མོ་རི་མུའི་གདུང་རབས་ལུ་སྐུ་འཁྲུངས་ཡོདཔ་དང་། སེཝ་ལ་ཆོས་རྗེ་བྱམས་མགོན་ངག་དབང་རྒྱལ་མཚན་གྱི་ཡང་སྲིད་གསུམ་པ་ཨིན་མས། སྡེ་སྲིད་མཆོག་སྐུ་ན་ཆུང་ཀུའི་དུས་སྐབས་ལས་ བྱམས་མགོན་ཡེ་ཤེས་རྡོ་རྗེའི་ཡང་སྲིད་ལུ་ ངོས་འཛིན་གནང་ཡོདཔ་མ་ཚད་ སྐུ་ཡོན་དང་བསླབ་སྡོམ་ དེ་ལས་ སྨིན་གྲོལ་གྱི་གདམས་ངག་ཚུ་ མཁན་ཆེན་ཁྲི་རབས་ ༢༥ པ་ རྗེ་ཤེས་རབས་རྒྱལ་མཚན་དང་ མཁན་ཆེན་ཁྲི་རབས་ ༢༧ པ་ པདྨ་བཟང་པོ་གཉིས་ལས་གསན་བཞེས་གནང་ནུག།
སྡེ་སྲིད་ཁྲི་རབས་ཞེ་གཉིས་པ་ རྡོ་རྗེ་སློབ་དཔོན་བགྲེས་པ་བར་ཅུང་པ་དང་ རྗེ་ཡོན་ཏན་རྒྱལ་མཚན་གྱིས་ ཞབས་དྲུང་ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ་མཆོག་ བླ་མ་ཁྲི་པའི་གོ་གནས་ལས་ཕབ་བཏང་སྟེ་ སྤྱི་ལོ་ ༡༨༥༢ ཟླཝ་ ༡༢ པའི་ཚེས་ ༨ ལུ་ བྱམས་སྤྲུལ་གསུམ་པ་འཇམ་དབྱངས་བསྟན་འཛིན་མཆོག་ དགུང་ལོ་ ༢༢ བཞེསཔ་ད་ རྒྱལ་ཚབ་སྦེ་བླམ་ཁྲི་པ་སྦེ་་མངའ་གསོལ་མཛད་ནུག།
རྗེ་ཡོན་ཏན་རྒྱལ་མཚན་དང་དགེ་འདུན་གྱི་ཚོགས་ཀྱིས་ སྤྱི་ལོ་ ༡༨༥༤ ལུ་སྡེ་སྲིད་ཁྲི་རབས་ཞེ་གཉིས་པ་ བར་ཅུང་པ་(དམ་ཆོས་རྒྱལ་མཚན་) མཆོག་སྡེ་ཁྲི་ལས་དགོངས་ཞུ་མཛད་དེ་བྱོན་པའི་ཤུལ་ལས་ གདན་ས་སྤུ་ན་ཁ་ལུ་སྦེ་ བྱམས་སྤྲུལ་འཇམ་དབྱངས་བསྟན་འཛིན་མཆོག་ སྡེ་སྲིད་ཁྲི་རབས་ཞེ་གསུམ་པའི་ཁྲི་ལུ་མངའ་གསོལ་ཞུ་གནང་ནུག།

སྡེ་སྲིད་མཆོག་གི་མཛད་རྣམ་དང་མཛད་པ་མཐའ་མ།[ཞུན་དག།]

བྱམས་སྤྲུལ་འཇམ་དབྱངས་བསྟན་འཛིན་མཆོག་ སྡེ་སྲིད་ཁྲི་རབས་ཞེ་གསུམ་པའི་ཁྲི་ལུ་མངའ་གསོལ་ཞུ་གནང་མི་ལུ་ ཐིམ་ཕུག་རྫོང་དཔོན་ཤེས་རབ་མཐར་ཕྱིན་གྱིས་ འདི་ལུ་ངོས་ལེན་འབད་མ་བཏུབ་པར་ནང་འཁྲུག་ལངས་ཏེ་ དབང་རྫོང་པ་ཀུན་དགའ་དཔལ་ལྡན་གྱིས་ བྱམས་སྤྲུལ་འཇམ་དབྱངས་བསྟན་འཛིན་མཆོག་གི་ཧོངས་ལས་ཐོན་ཏེ་ ཧེང་སྐལ་ར་ནང་ཟིང་བྱུང་ནུག། དེ་སྦེ་ ནང་འཁྲུག་ལངས་ཏེ་སྡོད་པའི་སྐབས་ལུ་ ཆོས་རྩེ་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱིས་ ཆིངས་འགྲིག་ལེགས་ཤོམ་སྦེ་བཟོ་གནང་སྟེ་ མི་སེར་ཞི་བདེ་བྱུང་བའི་དགའ་ཚོར་ལུ་ ཧེ་མ་གཞུང་ལུ་གདུང་བསམ་ཕྱོགས་ཀྱི་ས་ཁྲལ་ཕུལ་དགོ་མི་འདི་ཕུལ་མ་དགོཔ་སྦེ་བཟོ་གནང་ཡོདཔ་མ་ཚད་ ཤར་རྫོང་དཔོན་ཁག་ཚུ་གཞུང་ལས་མངའ་གསོལ་གནང་སྲོལ་ཡོད་མི་འདི་ ཆོས་རྩེ་དཔོན་སློབ་ཀྱིས་མངའ་གསོལ་གནང་ཆོག་པའི་བཀའ་ ཡིག་ཐོག་ལུ་གནང་ནུག།
བྱམས་སྤྲུལ་འཇམ་དབྱངས་བསྟན་འཛིན་མཆོག་ སྤྱི་ལོ་ ༡༨༥༥ ལུ་ དགུང་ལོ་ ༢༥ བཞེསཔ་ད་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ར་དགོངས་པ་རྫོགས་སོ་ནུག་གོ།

སྡེ་སྲིད་ཁྲི་རབས་བཞི་བཅུ་ཞེ་བཞི་པ་དམ་ཆོས་ལྷུན་གྲུབ་ཀྱི་མཛད་རྣམ།[ཞུན་དག།]

སྤྱི་ལོ་ ༡༨༥༢ ཀྱི་ལོ་ལུ་ སྡེ་སྲིད་ཁྲི་རབས་ཞེ་གཉིས་པའི་ཁྲི་ཐོག་ལུ་བྱོན་ཏེ་བཞུགས་པའི་སྐབས་ སྡེ་ཁྲིའི་སྐོར་ལས་ དབང་རྫོངཔ་ཀུན་དགའ་དཔལ་ལྡན་དང་ ཐིམ་རྫོངཔ་ཨུ་མ་དྷེ་བ་གཉིས་ཀྱི་བར་ན་ ནང་འཁྲུག་འབྱུང་ས་ལུ་བལྟ་སྟེ་ཐུགས་སྐྱིད་ཏོང་ཏོ་ཅིག་མ་བྱུངམ་ལས་ སྡེ་ཁྲི་ལས་དགོངས་ཞུ་མཛད་བཞུགས་ནུག།

སྡེ་ཁྲི་ལུ་བསྐོ་བཞག།[ཞུན་དག།]

ཐིམ་རྫོངཔ་དང་ དབང་རྫོངཔ་གཉིས་ཀྱི་ནང་འཁྲུག་གི་བར་ན་ དགེ་འདུན་པའི་སྡེ་ཚུ་གིས་ལགཔ་རྐྱབ་སྟེ་ བླ་མ་ཁྲི་པའི་ཁྲི་ལུ་བཞུགས་ཡོད་མི་ བྱམས་མགོན་སྐུ་འཕྲེང་གསུམ་པ་ འཇམ་དབྱངས་བསྟན་འཛིན་མཆོག་ སྡེ་སྲིད་ཁྲི་རབས་ཞེ་གསུམ་པའི་ཁྲི་ཐོག་ལུ་མངའ་གསོལ་ཞུཝ་ད་ དབང་རྫོངཔ་ཀུན་དགའ་དཔལ་ལྡན་ལུ་བཏུབ་རུང་ ཐིམ་རྫོངཔ་ཨུ་མ་དྷེ་བ་ལུ་མ་བཏུབ་པར་ ནང་འཁྲུག་ལོངམ་ལོང་ས་ར་སྡོད་ནུག། དེའི་སྐབས་ ཐིམ་རྫོངཔ་གིས་ ཆོས་རྩེ་དཔོན་སློབ་འཇིགས་མེད་རྣམ་རྒྱལ་ལས་དམག་རྒྱབ་ལེནམ་ད་ འཇིགས་མེད་རྣམ་རྒྱལ་གྱིས་གནས་སྟངས་དང་དམག་འཁྲུག་དེ་ཞི་ཐབས་ལུ་ ཐབས་ཤེས་བཏོན་ཏེ་ ཐིམ་རྫོང་པའི་རེ་འདོད་བསྐང་ནིའི་དོན་ལུ་ སྡེ་སྲིད་ཁྲི་ཟུར་བར་ཅུང་དམ་ཆོས་ལྷུན་གྲུབ་ཡང་ བྱམས་མགོན་སྤྲུལ་སྐུ་དང་སྡེ་སྲིད་ཟུང་འབྲེལ་སྦེ་ སྡེ་སྲིད་ཁྲི་རབས་ཞེ་བཞི་པའི་ཁྲི་ལུ་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་པ།[ཞུན་དག།]

ཐིམ་རྫོངཔ་དང་ དབང་རྫོངཔ་གཉིས་ཆ་ར་གི་རེ་བ་སྐང་ཐབས་ལུ་ བྱམས་མགོན་སྤྲུལ་སྐུ་དང་སྡེ་སྲིད་ཟུང་འབྲེལ་སྦེ་བསྐོ་བཞག་མཛད་པའི་ཤུལ་ལས་ ནང་འཁྲུག་དང་ནང་ཟིང་ག་ནི་ཡང་མེད་པར་ སྐབས་ཅིག་རྒྱལ་ཁབ་འདི་ནང་སྐྱིད་ཏོང་ཏོ་ཡོདཔ་ལས་ སྡེ་སྲིད་གཉིས་ཀྱིས་ཡང་ རང་ལུ་ཕོག་པའི་ཕྱག་འགན་འབག་སྟེ་བཞུགས་ནུག། ཨིན་རུང་ སྤྱི་ལོ་ ༡༨༥༥ གི་ལོ་ལུ་ བྱམས་མགོན་སྤྲུལ་སྐུ་མཆོག་ སྤུ་ན་ཁ་ལུ་བཞུགསཔ་ད་ སྡེ་སྲིད་ཀྱི་ཁྲི་ཐོག་ཁ་ར་དགོངས་པ་རྫོགས་སོཔ་ལས་ སྡེ་སྲིད་དམ་ཆོས་ལྷུན་གྲུབ་ཡང་ ནང་འཁྲུག་འབྱུང་འོང་མནོ་བའི་ཐུགས་བཞེད་གནང་སྟེ་ སྡེ་ཁྲི་ལས་དགོངས་ཞུ་མཛད་དེ་ ཁོ་རའི་གདན་ས་ སྤ་རོ་སྐྱིད་ལ་མགོན་པ་ལུ་བྱོན་བཞུགས་ནུག་གོ།།

སྡེ་སྲིད་ཁྲི་རབས་ཞེ་ལྔ་པ་ ཀུན་དགའ་དཔལ་ལྡན་ ༼ཆོས་རྒྱལ་བསོད་ནམས་སྟོབས་རྒྱས།༽[ཞུན་དག།]

སྡེ་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་དབང་རྫོང་ཆ་འོག་ ཤར་དར་བརྒྱད་ཀྱི་ནང་གསེས་ སྦེད་ནག་ལུ་འཁྲུངས་ཡོདཔ་དང་ མཚན་ལུ་ཀུན་དགའ་དཔལ་ལྡན་ཟེར་གསོལ་ཡོདཔ་ཨིན་པས། སྐུ་ན་ཆུང་ཀུ་ཅིག་ལས་ར་ འབོད་སྒར་པའི་གྲལ་ཁར་བཅའ་མར་གཏོགས་ཏེ་ སྲིད་ཀྱི་ལམ་ལུགས་དང་སྒྲིག་ལམ་ཚུ་མཐར་ཕྱིནམ་སྦེ་སྦྱངས་ཡོདཔ་མ་ཚད་ ཁོ་གི་རྨག་སྐུད་ལྕགས་པ་སངས་རྒྱས་སྡེ་ཁྲི་ལུ་འབྱོནམ་ད་ ཀུན་དགའ་དཔལ་ལྡན་ཁོ་ར་ དབང་རྫོང་པའི་གོ་གནས་ལུ་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲི་ལུ་བསྐོ་བཞག་འབད་ཡོད་པའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཞེ་བཞི་པ་དམ་ཆོས་ལྷུན་གྲུབ་མཆོག་ སྤྱི་ལོ་ ༡༨༥༥ གི་ལོ་ལུ་ སྡེ་པའི་ཁྲི་ཐོག་ལུ་དགོངས་པ་རྫོགས་པའི་ཤུལ་ དབང་རྫོངཔ་ཀུན་དགའ་དཔལ་ལྡན་མཆོག་ སྡེ་སྲིད་ཁྲི་རབས་ཞེ་ལྔ་པའི་ཁྲི་ཐོག་ལུ་མངའ་གསོལ་མཛད་གནང་ཡོདཔ་དང་ མཚན་ལུ་ཡང་ ཆོས་རྒྱལ་བསོད་ནམས་སྟོབས་རྒྱས་ཟེར་གསོལ་གནང་ནུག། དབང་རྫོངཔ་ཀུན་དགའ་དཔལ་ལྡན་མཆོག་ གདན་ས་སྤུ་ན་ཁ་ལུ་སྦེ་ ཁྲི་མངའ་གསོལ་ཞུཝ་དང་དུས་མཉམ་སྦེ་ ཐིམ་ཕུག་བཀྲི་ཤིས་ཆོས་རྫོང་ནང་ལུ་ ཐིམ་རྫོངཔ་ཨུ་མ་དྷེ་བ་ (ཤེས་རབ་མཐར་ཕྱིན་) གིས་ ཐག་རང་བཅད་ཀྱི་ཐོག་ལས་ སྡེ་ཁྲི་ལུ་བྱོན་ཡོདཔ་ལས་ སྡེ་སྲིད་གཉིས་སྦེ་སྐྱོང་དགོཔ་ཐོན་སོ་ནུག། དེའི་བསྒང་ དགེ་འདུན་དམངས་དང་ལྷན་རྒྱས་འདུས་ཚོགས་ཀྱིས་ སྡེ་སྲིད་གཉིས་མཉམ་འབྲེལ་གྱི་ཐོག་ལས་ ཕྱག་ལག་གནང་དགོཔ་སྦེ་ཞུ་བ་ཕུལཝ་དང་གཅིག་ཁར་ གསོལ་ཐབ་ཡང་ སྔར་ག་ཨིནམ་སྦེ་བཞུགས་དགོཔ་པའི་ཞུ་བ་ཕུལ་མི་ལུ་ སྡེ་སྲིད་གཉིས་ཀྱིས་ཡང་ ངོས་ལེན་མཛད་གནང་ནུག། ཨིན་རུང་ སྤྱི་ལོ་ ༡༨༥༧ གྱི་ལོ་ལུ་ གསོལ་ཐབ་ཐིམ་ཕུག་ལུ་བཞུགསཔ་ད་ སྡེ་སྲིད་བསོད་ནམས་སྟོབས་རྒྱས་ཀྱིས་ གོང་གཟིམ་གྲྭ་ཅུང་ལུ་བརྒྱུད་སྐུལ་རྐྱབ་སྟེ་ སྡེ་པ་ཤེས་རབ་མཐར་ཕྱིན་བཀྲོངས་ད་ནུག། དེའི་ཤུལ་ལས་ སྡེ་པ་བསོད་ནམས་སྟོབས་རྒྱས་དང་ མགྲན་ཟླ་འབད་ཚུགས་མི་ག་ཡང་མ་ཐོནམ་མ་ཚད་ རྒྱལ་ཁབ་ཡང་སྐབས་ཅིག་ཞི་བདེ་གི་ངང་ལུ་སྐྱོང་ནུག།

ཀྲོང་གསར་དཔོན་སློབ་གསར་བགྲེས་གཉིས་ཀྱི་བར་ན་ནང་འགྲིག།[ཞུན་དག།]

ཧེ་མ་ ཆོས་རྩེ་དཔོན་སློབ་མཚོ་སྐྱེས་རྡོ་རྗེ་ ཆོས་རྩེ་དཔོན་སློབ་ལས་དགོངས་ཞུ་མཛད་པའི་སྐབས་ ཁྲི་པ་འཇིགས་མེད་རྣམ་རྒྱལ་མཆོག་ ཆོས་རྩེ་དཔོན་སློབ་ཀྱི་ཁྲི་ཐོག་ལོ་གསུམ་བཞུགས་དགོཔ་དང་ འཇིགས་མེད་རྣམ་རྒྱལ་ཁོ་ར་དགོངས་ཞུ་མཛདཔ་ད་ མཚོ་སྐྱེས་རྡོ་རྗེའི་སྲས་ བཙན་འགྲུས་རྒྱལ་མཚན་བསྐོ་བཞག་མཛད་དགོཔ་སྦེ་ཁ་ཆེམས་ཡོད་རུང་ འཇིགས་མེད་རྣམ་རྒྱལ་གྱིས་དགོངས་ཞུ་མཛད་མ་བཏུབ་ལས་ ཆོས་རྩེ་དཔོན་སློབ་བགྲེསཔ་མཚོ་སྐྱེས་རྡོ་རྗེ་དང་འཇིགས་མེད་རྣམ་རྒྱལ་གཉིས་ཀྱི་བར་ན་ ནང་འཁྲུག་བྱུང་ནུག། དེའི་སྐབས་ མཚོ་སྐྱེས་རྡོ་རྗེ་གི་སྲས་ བྱ་རྫོངཔ་བརྩོན་འགྲུས་རྒྱལ་མཚན་གྱིས་ དམག་རྒྱབ་སྡེ་སྲིད་བསོད་ནམས་སྟོབས་རྒྱས་ལས་ཞུཝ་ད་ སྡེ་སྲིད་དམག་རྒྱབ་སྦེ་མེན་པར་ ཆོས་རྩེ་དཔོན་སློབ་གསར་བགྲེས་གཉིས་ཀྱི་བར་ན་ ནང་འགྲིག་རྐྱབ་མི་སྦེ་བྱོན་ནུག། སྡེ་ཚན་དེ་གཉིས་ཀྱི་བར་ན་ ནང་འགྲིག་བཟོ་བའི་སྐབས་ལུ་ འཇིགས་མེད་རྣམ་རྒྱལ་གྱིས་ ཆོས་རྩེ་དཔོན་སློབ་ཀྱི་གོ་གནས་ལས་དགོངས་ཞུ་མཛད་མ་བཏུབ་ལས་ བྱ་རྫོང་པའི་གོ་གནས་ཡར་སེང་མཛད་དེ་ བྱ་དཀར་དཔོན་སློབ་ལུ་བསྐོ་བཞག་མཛད་གནང་ཡོདཔ་དང་ ཆོས་རྩེ་དཔོན་སློབ་གཉིས་ཀྱི་བར་ན་ ནང་འཁྲུག་ལོག་སྟེ་མི་འཐོན་ནིའི་དོན་ལུ་ སྡེ་སྲིད་མཆོག་གིས་ ས་ཁོངས་ཚུ་ཡང་ འདྲན་འདྲ་སྦེ་བགོ་བཤའ་མཛད་དེ་ ནང་འཁྲུག་དེ་ཡང་དེ་ཅིག་སྦེ་མཇུག་བསྡུ་གནང་ནུག།

དགོངས་པ་རྫོགས་པའི་སྐོར།[ཞུན་དག།]

སྡེ་སྲིད་མཆོག་ སྤྱི་ལོ་ ༡༨༦༡ གི་ལོ་ལུ་ གསོལ་ཐབ་ཐིམ་ཕུག་ལུ་ཕེབས་པའི་ཤུལ་ལུ་ ནད་གཞི་དྲག་པོ་ཅིག་ཟུན་ཏེ་ དྲག་ར་མ་བཏུབ་ལས་ སྡེ་ཁྲི་ལས་དགོངས་ཞུ་མཛད་དེ་ ཡུན་མ་རིངམོ་ཅིག་གི་ཤུལ་ལས་ར་དགོངས་པ་རྫོགས་སོ་ནུག་གོ།།


སྡེ་སྲིད་ཁྲི་རབས་ཞེ་བདུན་པ་ཕུན་ཚོགས་རྣམ་རྒྱལ་གྱི་མཛད་རྣམ།[ཞུན་དག།]

སྡེ་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་པ་ཕུན་ཚོགས་རྣམ་རྒྱལ་མཆོག་ དབང་འདུས་རྫོང་ཁག་ ཤར་སྦེད་ནག་ལུ་འཁྲུངས་ཡོདཔ་དང་ མཚན་དོན་གྲུབ་ཟེར་གསོལ་ནུག། སྐུ་ན་ཆུང་ཀུའི་བསྒང་ལས་ར་ རྫོང་གོང་མའི་སྒྲིག་ནང་བཞུགས་ཏེ་ གནག་དཔོན་གྱི་གོ་གནས་བཞེས་བཞུགས་ཡོདཔ་ལས་ མཚན་ལུ་གནག་རྫི་པ་སངས་ཟེར་ཞུ་གསོལ་དར་ནུག། དབང་རྫོངཔ་ཀུན་དགའ་དཔལ་ལྡན་སྡེ་མཆོག་ ཁྲི་ལུ་འབྱོནམ་ད་ ཁོ་རའི་ཚ་བོ་གནག་དཔོན་གནག་རྫི་པ་སངས་འདི་ དབང་རྫོང་པའི་གོ་གནས་ལུ་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲི་ཁར་བྱོན་པའི་ལོ་རྒྱུས།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཞེ་ལྔ་པ་ ཀུན་དགའ་དཔལ་ལྡན་གྱིས་ སྡེ་པ་ཨུ་མ་དྷེ་ཝ་བཀྲོངས་པའི་ཤུལ་ལས་ ཀུན་དགའ་དཔལ་ལྡན་རང་རྐྱང་གིས་ རྒྱལ་ཁབ་ལོ་ངོ་ལྔ་ལྷག་ཙམ་སྐྱོང་བའི་མཐའ་མ་ སྐུ་ལུ་བསྙུང་གཞི་ཚབས་ཆེན་ཅིག་གིས་བཏབ་སྟེ་ སྡེ་ཁྲི་ལས་དགོངས་ཞུ་མཛད་དགོཔ་འཐོནམ་ད་ སྤྱི་ལོ་ ༡༨༦༡ གི་ལོ་ལུ་ སྡེ་པ་ཁོ་རའི་ཚ་བོ་དོན་གྲུབ་འདི་ སྡེ་སྲིད་ཁྲི་རབས་ཞེ་བདུན་པའི་ཁྲི་ཐོག་ལུ་བསྐོ་བཞག་མཛད་གནང་ཡོདཔ་དང་ དེའི་ཚེ་ རྗེ་ཡོན་ཏན་རྒྱལ་མཚན་གྱིས་ སྡེ་སྲིད་ཁོ་རའི་མཚན་ཕུན་ཚོགས་རྣམ་རྒྱལ་ཟེར་གསོལ་གནང་ནུག།

སྡེ་ཁྲི་ཁར་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

དབང་རྫོངཔ་དོན་གྲུབ་མཆོག་སྡེ་ཁྲི་ལུ་བྱོན་ཏེ་ ལོ་གཅིག་ར་མ་ལངསམ་ལས་ རྗེ་མཁན་ཁྲི་རབས་སུམ་ཅུ་སོ་གསུམ་པ་ རྗེ་ཀུན་དགའ་རྒྱལ་མཚན་མཆོག་ཁྲི་ཐོག་ལུ་ར་དགོངས་པ་རྫོགས་སོཔ་ལས་ མཚན་ཉིད་སློབ་དཔོན་འོད་ཟེར་མཆོག་ རྗེ་མཁན་ཁྲི་རབས་སོ་བཞི་པའི་ཁྲི་ལུ་མངའ་གསོལ་མཛད་གནང་ནུག། ཧེ་མ་ རྗེ་ཡོན་ཏན་རྒྱལ་མཚན་དང་ སྡེ་པ་དམ་ཆོས་ལྷུན་གྲུབ་ཀྱིས་ ཞབས་དྲུང་ཐུགས་སྤྲུལ་བཞི་པ་འཇིགས་མེད་ནོར་བུ་གིས་གཙོས་ ཕྱག་ཞུ་མི་ དགེ་འདུན་པ་ཚུ་གིས་ མཚན་འཛིན་བཏོག་ནི་ལ་སོགས་པའི་བྱ་ངན་འབདཝ་ལས་བརྟེན་ སྤྱི་ལོ་ ༡༨༦༣ གྱི་ལོ་ལུ་ བླམ་ལུ་ཐུབ་རུང་ བཀའ་སྲུང་ལུ་མི་ཐུབ་ཟེར་གསུངས་ཏེ་ བཀའ་སྲུང་ལུ་མ་མཉེས་པའི་ཕོག་ཐུག་ཨིན་ཟེར་ གསོལ་ཇ་བཞེས་པའི་སྐབས་ བཞེས་རྩམ་གྱིས་ སྤུ་ན་ཁ་རྫོང་གི་གཟུགས་བརྙེན་བཞེངས་ཏེ་ དེ་གུར་གསོལ་ཇ་ཐིགས་པ་ཅིག་བླུགས་ཙམ་གྱིས་ སྤུ་ན་ཁ་རྫོང་ཕྱེད་ཀ་ཅིག་ འཕྱག་བདའ་བའི་རྐྱེན་བྱུང་ནུག། རྐྱེན་འབྱུང་བའི་སྐབས་ སྡེ་སྲིད་ཀྱི་ཁྲི་ལུ་ སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་བཞུགས་ཡོདཔ་ལས་ ཉམས་གསོ་ཞུ་ནིའི་ཕྱག་ལཱ་འགོ་བཙུགས་ཡོད་རུང་ སྡེ་སྲིད་ལུ་ སྤུངས་རྫོངཔ་གིས་ངོ་རྒོལ་རྐྱབ་སྟེ་ དམག་འཁྲུག་བྱུང་མི་ལུ་བརྟེན་ཏེ་ རྫོང་ཉམས་གསོ་གི་ལཱ་ཡང་ ལེགས་ཤོམ་སྦེ་མཇུག་བསྡུ་མ་ཚུགས་པས། དེ་ཡང་ སྡེ་སྲིད་ཁྲི་རབས་ཞེ་ལྔ་པ་ཀུན་དགའ་དཔལ་ལྡན་དང་ དབང་རྫོངཔ་དོན་གྲུབ། སྤུངས་རྫོངཔ་དར་ལུང་སྟོབས་རྒྱས་གསུམ་ དགའ་སེང་མར་ཚིག་ཁ་གི་རྨགཔ་འབདཝ་ལས་ སྡེ་སྲིད་ཀུན་དགའ་དཔལ་ལྡན་མཆོག་ དགོངས་ཞུ་མཛད་དེ་ སྡེ་ཁྲི་གུར་ དབང་རྫོངཔ་དོན་གྲུབ་བཀལཝ་ད་ སྤུངས་རྫོངཔ་དར་ལུང་སྟོབས་རྒྱས་འདི་ དབང་རྫོང་པའི་གོ་གནས་གནང་འོང་མནོ་བའི་རེ་བ་བསྐྱེད་རུང་ དབང་རྫོངཔ་སྡེ་ཁྲི་ཁར་འབྱོནམ་ད་ དར་ལུང་སྟོབས་རྒྱས་འདི་ དབང་རྫོང་སྦེ་མ་བཀལ་བར་ སྡེ་སྲིད་དོན་གྲུབ་ཁོ་རའི་ཚ་བོ་ གཟིམ་དཔོན་སྲིད་རྒྱལ་ལུ་གནང་དཔ་ལས་ སྤུངས་རྫོངཔ་དར་ལུང་སྟོབས་རྒྱས་ཀྱིས་ གཞུང་མགྲོན་གཉེར་དང་གཞུང་བཀའ་བློན་ཚུ་དང་ཁ་བསྡོམས་ཏེ་ སྡེ་སྲིད་ལུ་ངོ་རྒོལ་འབད་ནི་འགོ་བཙུགས་ནུག། དེ་བསྒང་ སྡེ་སྲིད་ཀྱི་ཁ་ཐུག་ལས་ དབང་རྫོངཔ་སྲིད་རྒྱལ་དང་ ཐིམ་ཕུག་རྫོང་དཔོན། སྤ་གྲོ་དཔོན་སློབ་ཚུ་ཡོདཔ་ལས་ སྤུངས་རྫོང་པའི་དམག་སྡེ་ཚུ་གིས་ སྡེ་སྲིད་ཀྱི་དམག་ལུ་འབད་མ་ཚུགས་པས། ཨིན་རུང་ སྤུངས་རྫོངཔ་གིས་ ཕམ་ཁ་ལེན་མ་བཏུབ་པར་ བྱ་དཀར་དཔོན་སློབ་བརྩོན་འགྲུས་རྒྱལ་མཚན་དང་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གཉིས་ལས་ དམག་རྒྱབ་འཚོལ་ནུག། སྤུངས་རྫོང་པའི་དམག་རྒྱབ་ཚུ་ ཐིམ་ཕུག་ཁ་ཐུག་འོངས་པའི་ལམ་ཁར་ དབང་རྫོང་པའི་དམག་དང་དམག་རྐྱབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་མ་ཚད། ཀྲོང་གསར་པའི་དམག་དཔོན་ཚུ་ ཅང་ལུས་སྟོད་ལུ་ལྷོདཔ་ད་ གཞུང་གི་དམག་དང་ཐིམ་ཕུག་རྫོང་དཔོན་གྱི་དམག་སྡེ། དབང་རྫོངཔ་སྲིད་རྒྱལ་ཚུ་དང་དམག་འཐབ་ད་ གཞུང་དམག་གི་གཙོས་པའི་ཐིམ་ཕུག་དང་ དབང་རྫོང་པའི་དམག་ཕམ་ཡོདཔ་དང་ གཞན་ཚུ་བྱོག་ཐལ་ཡོད་རུང་ དབང་རྫོངཔ་སྲིད་རྒྱལ་དང་ ཐིམ་རྫོངཔ་ཀརྨ་འབྲུག་རྒྱལ་གཉིས་བྱོག་མ་ཐལ་བར་ ཀྲོང་གསར་པའི་དམག་སྡེ་དང་སྤུངས་རྫོང་པའི་དམག་སྡེ་གི་ལག་པར་ཚུད་སོ་ནུག། སྤུངས་རྫོངཔ་དང་བཀའ་བློན་གཉིས་ཀྱིས་ དགྲ་ལག་པར་ཚུདཔ་ད་བཞག་ནི་མི་འོང་ཟེར་སླབ་རུང་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱིས་ ཁོ་རྫོང་དཔོན་གཉིས་ཕྱིའི་དགྲ་མེན་པར་ ནང་གི་དགྲ་ཨིནམ་སྦེ་གཟིགས་ཏེ་ ཁོང་རྫོང་དཔོན་གཉིས་ཀྱིས་ ད་ལས་ཕར་ ངོ་རྒོལ་གྱི་བྱ་ངན་ལུ་བཅའ་མར་གཏོགས་ནི་མེད་པའི་ཁར་ རྫོང་དཔོན་རང་སོའི་ཁྱིམ་ནང་སྡོད་ནི་མ་གཏོགས་ ས་གནས་སོ་སོ་དང་ ཐ་ན་རྫོང་གཞིས་སོ་སོ་ནང་ལུ་ཡང་འགྱོ་མ་ཆོག་པའི་གན་རྒྱ་བཟོ་ཞིནམ་ལས་ ཁོང་རྫོང་དཔོན་གཉིས་ཚེ་ཐར་བཏང་ད་ནུག། དེ་ལས་ སྤུངས་རྫོངཔ་དར་ལུང་སྟོབས་རྒྱས་ཁོ་ར་ ཁོ་རའི་རེ་འདོད་ལྟར་དུ་ དབང་རྫོང་པའི་གོ་གནས་བཞེས་ཡོདཔ་དང་ སྤུངས་རྫོངཔ་ཁོ་ར་ལུ་ ཆ་རོགས་འབད་བའི་དགའ་ཚོར་ལུ་ གཞུང་མགྲོན་གཉེར་བཀྲ་ཤིས་འདི་ སྤུངས་རྫོང་པའི་ཁྲི་ལུ་བསྐོ་བཞག་མཛད་ནུག། དེ་ལས་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱི་སྤུན་ཆ་ རྟ་དཔོན་ཁ་གསར་སྟོབས་རྒྱས་འདི་ ཐིམ་རྫོང་པའི་གོ་གནས་ལུ་བསྐོ་བཞག་མཛད་ནུག།

དགོངསམ་ཞུ་བའི་སྐོར།[ཞུན་དག།]

སྡེ་སྲིད་མཆོག་ལུ་ ཕྱིའི་གཞུང་ལས་ ས་མཚམས་ནང་སྡོད་མི་ འབྲུག་མི་ཚུ་གིས་ ཉེས་མེད་ཕྱི་མི་ཚུ་བཙན་ཁྲིད་འབད་བའི་སྐོར་ལས་ ཡི་གུ་ལེན་ག་དེམ་ཅིག་ར་བཏང་རུང་ འབྲུག་གཞུང་ལས་ལན་གསལ་མེདཔ་མ་ཚད་ ཕྱི་མི་ཚུ་ སྡེ་སྲིད་དང་མཇལ་བར་ཐིམ་ཕུག་ལྷོད་རུང་ མཇལ་ཁ་མ་གནང་པར་ ཁོ་གི་ཚབ་ གཟིམ་སྒརཔ་གཏང་ནི་སྦེ་ཡོད་རུང་ ནང་འཁྲུག་འདི་ལུ་བརྟེན་ཏེ་ གཏང་མ་ཚུགས་པར་ལུས་སོ་ནུག། དེ་སྦེ་སྡོད་པའི་བར་ན་ར་ གཞུང་དགེ་འདུན་པ་གི་ཧོངས་ལས་ སྡེ་སྲིད་མཆོག་ སྤུངས་རྫོང་པའི་དམག་ཕམ་སོཔ་ལས་ སྡེ་སྲིད་ལས་དགོངསམ་ཞུ་དགོཔ་སྦེ་ཞུ་ནི་འདི་གིས་ སྤྱི་ལོ་ ༡༨༦༣ གི་ལོ་ལུ་དགོངས་ཞུ་སྟེ་ སྤ་རོ་ལུ་བྱོན་ཏེ་བཞུགས་ནུག་གོ།།

སྡེ་སྲིད་ཁྲི་རབས་ཞེ་བརྒྱད་པ་ཚེ་དབང་སྲིད་ཐུབ་ཀྱི་མཛད་རྣམ།[ཞུན་དག།]

སྡེ་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཞེ་བརྒྱད་པ་ ཚེ་དབང་སྲིད་ཐུབ་མཆོག་ ཐིམ་ཕུག་ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་ སྨད་ཝང་མཁར་སྦིས་ས་ལུ་འཁྲུངས་ཡོདཔ་དང་ སྡེ་སྲིད་མཆོག་སྐུ་ན་ཆུང་ཀུའི་བསྒང་ལས་ར་ རྫོང་སྒར་ལྟོའི་སྒྲིག་ནང་བཞུགས་ཡོདཔ་མ་ཚད་ རིམ་གྱིས་སྦེ་ ཐིམ་རྫོང་གི་གཉེར་ཆེན་གྱི་གོ་གནས་བཞེས་ཡོདཔ་ཨིན་པས། དེའི་ཚེ་ སྡེ་སྲིད་མཆོག་གིས་ རང་གི་འགན་ཁུར་འཐུས་ཤོར་ག་ནི་ཡང་མེད་པར་ཕྱག་ཞུ་ནི་འདི་གིས་ ཐིམ་ཕུག་རྫོང་དཔོན་གྱི་ཁྲི་གུར་མངའ་གསོལ་མཛད་ནུག།

སྡེ་ཁྲི་གུར་བྱོན་པའི་སྐོར།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཞེ་བདུན་པ་ ཕུན་ཚོགས་རྣམས་རྒྱལ་མཆོག་ སྤུངས་རྫོངཔ་དར་ལུང་སྟོབས་རྒྱས་ཀྱི་དམག་ལས་ཕམ་སོཔ་ལས་བརྟེན་ གཞུང་དགེ་འདུན་གྲྭ་ཚང་གི་ཁ་ཐུག་ལས་ དགོངས་ཞུ་དགོཔ་སྦེ་བསྐུལ་མ་གནངམ་ལས་ སྤྱི་ལོ་ ༡༨༦༣ གི་ལོ་ལུ་དགོངས་ཞུ་མཛད་པའི་ཤུལ་ལས་ ཐིམ་རྫོངཔ་ཚེ་དབང་སྲིད་ཐུབ་འདི་ དགེ་འདུན་དམངས་ཀྱི་རྒྱབ་སྐྱོར་ལས་ སྡེ་སྲིད་ཁྲི་རབས་ཞེ་བརྒྱད་པའི་ཁྲི་ཐོག་ལུ་མངའ་གསོལ་ཞུ་ནུག།

སྡེ་ཁྲི་ཁར་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་ སྨད་ཝང་ལས་འབད་ནི་འདི་གིས་ སྟོད་ཝང་གི་མི་སེར་ཚུ་གིས་ ཐིམ་རྫོངཔ་ཚེ་དབང་སྲིད་ཐུབ་མཆོག་ སྡེ་སྲིད་ཨིན་ཟེར་ངོས་ལེན་འབད་མ་བཏུབ་མ་ཚད་ ནང་འཁྲུག་སློང་མི་ལུ་བརྟེན་ རྗེ་སྐུ་བགྲེས་ཡོན་ཏན་རྒྱལ་མཚན་དང་ བླ་མ་ཁྲི་པ་བཤད་སྒྲུབ་འོད་ཟེར་གཉིས་ཀྱིས་ ནང་འཁྲུག་ཞི་ཐབས་ལུ་ ཚུལ་ཁྲིམས་ཡོན་ཏན་འདི་ སྡེ་ཁྲི་ལུ་བཀལ་ད་ནུག། ཨིན་རུང་ སྡེ་སྲིད་བགྲེསཔ་ཕུན་ཚོགས་རྣམ་རྒྱལ་འདི་ལུ་མ་རངས་པར་ དྲག་པོའི་ལེན་མཇལ་ལས་བརྟེན་ཏེ་ ཟི་ལུ་ཁ་པ་ཚུལ་ཁྲིམས་ཡོན་ཏན་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ ལོ་གཅིག་ར་མ་བཞུགསཔ་ལས་གཤགས་སོ་ནུག།

སྡེ་སྲིད་མཆོག་གི་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་ཚུལ་ཁྲིམས་ཡོན་ཏན་མཆོག་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་གཤགས་སོ་པའི་ཤུལ་ལས་ དོ་རུང་ སྟོད་ཝང་གི་མི་སེར་ཚུ་གིས་ ནང་འཁྲུག་སློང་ནི་འགོ་བཙུགསཔ་ལས་ སྡེ་སྲིད་ཚེ་དབང་སྲིད་ཐུབ་ཡང་ སྡེ་ཁྲི་གུར་ལོ་གཅིག་ཙམ་བཞུགས་པའི་ཤུལ་ལས་ སྤྱི་ལོ་ ༡༨༦༤ གི་ལོ་ལུ་ སྡེ་ཁྲི་ལས་དགོངས་ཞུ་མཛད་གནང་ནུག།

སྡེ་སྲིད་ཁྲི་རབས་ཞེ་དགུ་པ་ ཚུལ་ཁྲིམས་ཡོན་ཏན་གྱི་མཛད་རྣམ།[ཞུན་དག།]

སྡེ་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་པ་ཚུལ་ཁྲིམས་ཡོན་ཏན་མཆོག་ ཐིམ་ཕུག་སྟོད་ཝང་གི་ནང་གསེས་ ཀ་ཝང་ཟི་ལུ་ཁ་ལུ་འཁྲུངས་ཡོདཔ་དང་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ དགེ་འདུན་གྲྭ་ཚང་གི་སྡེ་ལུ་བཞུགས་ཏེ་ གར་ཐིག་དབྱངས་གསུམ་ལ་སོགས་པའི་དགེ་འདུན་པའི་སྒྲིག་ལམ་ཚུ་ལུ་མཐར་ཕྱིནམ་མ་ཚད་ ཆོས་ཁྲིམས་ཀྱི་ཐུགས་འགན་ཚུ་ཡང་གྲོལ་གནང་ནུག།

སྡེ་ཁྲི་ལུ་བྱོན་པའི་སྐོར།[ཞུན་དག།]

སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་མཆོག་ སྡེ་ཁྲི་ལས་དགོངས་ཞུ་བའི་ཤུལ་ལས་ དགེ་འདུན་དམངས་ཀྱིས་རྒྱབ་སྐྱོར་ཐོག་ལས་ ཐིམ་རྫོངཔ་ཚེ་དབང་སྲིད་ཐུབ་མཆོག་ སྡེ་ཁྲི་ལུ་མངའ་གསོལ་ཞུ་ཡོད་རུང་ སྟོད་ཝང་གི་མི་སེར་ཚུ་གིས་ ནང་འཁྲུག་སློང་བའི་སྐབས་ ནང་འཁྲུག་ཞི་ཐབས་ལུ་ རྗེ་ཁྲི་ཟུར་ཡོན་ཏན་རྒྱལ་མཚན་དང་ བླ་མ་ཁྲི་པ་བཤད་སྒྲུབ་འོད་ཟེར་གཉིས་ཐུགས་མཐུན་ཐོག་ལས་ ཆོས་ཁྲིམས་བགྲེསཔ་ཚུལ་ཁྲིམས་ཡོན་ཏན་མཆོག་ སྡེ་སྲིད་ཐིམ་རྫོངཔ་ཚེ་དབང་སྲིད་ཐུབ་དང་གཅིག་ཁར་ སྡེ་ཁྲི་ལུ་བསྐོ་བཞག་མཛད་དེ་ སྡེ་སྲིད་ཁྲི་རབས་ཞེ་དགུ་པ་ལུ་གྱུར་ནུག་གོ།

སྡེ་སྲིད་ཀྱི་ཁྲི་ལུ་གཤགས་པའི་ལོ་རྒྱུས།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཞེ་བརྒྱད་པ་ ཚེ་དབང་སྲིད་ཐུབ་མ་བཏུབ་པའི་སྐོར་ལས་ སྟོད་ཝང་མི་སེར་གྱིས་ ནང་འཁྲུག་སློང་སྟེ་ སྡེ་ཁྲི་ལུ་ ཟི་ལུ་ཁ་པ་ཚུལ་ཁྲིམས་ཡོན་ཏན་བསྐོ་བཞག་མཛད་མི་ལུ་ སྡེ་སྲིད་བགྲེསཔ་ཕུན་ཚོགས་རྣམ་རྒྱལ་མ་རངས་པར་ རྗེ་བཤད་སྒྲུབ་འོད་ཟེར་ལུ་ཞུ་སྟེ་ མནན་བསྲེགས་འཕངས་གསུམ་གྱི་དྲག་པོའི་ལན་མཇལཝ་ལས་བརྟེན་ སྡེ་སྲིད་ཚུལ་ཁྲིམས་ཡོན་ཏན་མཆོག་ སྤྱི་ལོ་ ༡༨༦༤ ལུ་སྡེ་ཁྲི་ལུ་བྱོན་ཏེ་ལོ་གཅིག་ར་མ་ལངསམ་ལས་གཤགས་སོ་ནུག་གོ།

སྡེ་སྲིད་ཁྲི་རབས་ལྔ་བཅུ་པ་དཀར་བརྒྱུད་དབང་ཕྱུག་གི་མཛད་རྣམ།[ཞུན་དག།]

སྡེ་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ལྔ་བཅུ་པ་ དཀར་བརྒྱུད་དབང་ཕྱུག་མཆོག་ སྤ་རོ་ཤར་པ་ལུ་འཁྲུངས་ཡོདཔ་དང་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ དགེ་འདུན་འདུས་སྡེ་ནང་བཞུགས་ཡོདཔ་མ་ཚད་ རྗེ་ཤེས་རབ་རྒྱལ་མཚན་རྩ་བའི་བླམ་སྦེ་བསྟེན་ཏེ་ གར་ཐིག་དབྱངས་གསུམ་དང་མན་ངག་ལ་སོགས་པའི་རིག་གནས་ལུ་མཁས་པ་སྦྱངས་ནུག། དེ་ལས་ ཁོ་རའི་ལྕོགས་གྲུབ་ལུ་བརྟེན་ཏེ་ བལ་པོ་རྒྱལ་པོའི་དབུ་ལྷ་སྦེ་མཛད་ཡོདཔ་མ་ཚད་ གངས་རི་འབྲུག་མགོན་པའི་བདག་སྐྱོང་སྦེ་ཡང་མཛད་ནུག། དེ་ལས་ ལོག་སྟེ་འབྲུག་ལུ་འབྱོནམ་ད་ འབུལ་བ་ཡོངས་རྫོགས་འབྲུག་གཞུང་ལུ་ཕུལཝ་ལས་ ཡོངས་གྲགས་ཐོན་སོ་ནུག།

སྡེ་ཁྲི་ལུ་བྱོན་པའི་ལོ་རྒྱུས།[ཞུན་དག།]

སྡེ་སྲིད་ཁྲི་རབས་ཞེ་དགུ་པ་མཆོག་ ནང་འཁྲུག་བྱུང་བའི་རྐྱེན་གྱིས་ སྡེ་ཁྲི་ལས་དགོངས་ཞུ་མཛད་པའི་ཤུལ་ལས་ དཔོན་སློབ་དང་ རྫོང་དཔོན་ཚུ་གི་བར་ན་ ཆགས་སྡང་ཕྱོགས་རིས་སྦོམ་བྱུང་ཡོདཔ་ལས་ འདི་ཞི་ཐབས་ལུ་ དགེ་འདུན་འདུས་ཚོགས་ཀྱིས་ གངས་རི་བླ་ཟུར་དཀར་བརྒྱུད་དབང་ཕྱུག་འདི་ སྤྱི་ལོ་ ༡༨༦༤ གི་ལོ་ལུ་ སྡེ་སྲིད་ཁྲི་རབས་ལྔ་བཅུ་པའི་ཁྲི་ཐོག་ལུ་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲི་ཁར་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྤྱི་ལོ་ ༡༨༦༢ ལུ་སྡེ་སྲིད་ཁྲི་རབས་ཞེ་བདུན་པ་ ཕུན་ཚོགས་རྣམ་རྒྱལ་གྱི་སྐབས་ལུ་ ཕྱི་གཞུང་གི་བཏང་བའི་གྲོས་འཆར་ལུ་ འབྲུག་གཞུང་ལས་ངོས་ལེན་འབད་མ་བཏུབ་ལས་བརྟེན་ ཕྱི་གཞུང་དོན་གཅོད་པ་ ཨེཤི་ལི་ཨི་ཌེན་འདི་ སྤྱི་ལོ་ ༡༨༦༤ གི་ལོ་ལུ་ ཆིངས་ཡིག་དོན་ཚན་བཅུ་ཐམ་ཅན་འདི་འབག་སྟེ་ འབྲུག་གཞུང་དང་གཅིག་ཁར་ བློ་སླབ་པར་ཐག་རང་བཅད་ཀྱི་ཐོག་ལས་ སྤུ་ན་ཁ་ལུ་ལྷོད་ནུག། དེའི་སྐབས་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱིས་གཙོས་ཏེ་ གཞུང་ལྷན་ཚོགས་དང་ཁ་སླབ་ཡོདཔ་མ་ཚད་ སྡེ་སྲིད་ཁྲི་རབས་ལྔ་བཅུ་པ་དང་ བླ་མ་ཁྲི་པ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་དང་ཡང་ མཇལ་འཕྲད་བྱུང་ནུག། ཕྱི་གླིང་པའི་ཆིངས་ཡིག་ནང་ ཕྱི་གཞུང་གི་སྐུ་ཚབ་འབྲུག་ལུ་བཙུགས་ཆོགཔ་སྦེ་ཡོདཔ་མ་ཚད་ ཚོང་ཁྲལ་ག་ནི་ཡང་མེད་པར་ འབྲུག་ནང་འཁོད་ལུ་ ཚོང་འབྲེལ་འཐབ་ཆོགཔ་སྦེ་ཡོདཔ་ལས་ འབྲུག་གཞུང་གི་ངོས་ལེན་འབད་མ་བཏུབ་མ་ཚད་ ཧེ་མ་ཕྱི་གཞུང་གི་ལག་པར་ཚུད་མི་ ཨ་སམ་དྲུའར་ཚུ་ འབྲུག་གཞུང་ལུ་ལོག་རྩིས་སྤྲོད་འབད་དགོཔ་དང་ ཕྱི་གཞུང་གིས་འབྲུག་གཞུང་ལུ་ ས་ཁྲལ་དང་འདྲཝ་སྦེ་ ལོ་བསྟར་བཞིན་དུ་ ཏི་རུ་འབུམ་གསུམ་སྤྲོད་དགོཔ་སྦེ་ ཆིངས་ཡིག་སོ་སོ་ཅིག་ར་ འབྲུག་གཞུང་གི་ཧོངས་ལས་བཟོ་སྟེ་ ཨུ་ཚུགས་རྐྱབ་ཐོག་ལས་ ས་ཡིག་རྐྱབ་བཅུག་ནུག།

སྡེ་པ་མཆོག་གི་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་མཆོག་ ཧེ་མ་གངས་རི་བླམ་མཛད་བཞུགསཔ་ད་ རྗེ་ཡོན་ཏན་རྒྱལ་མཚན་གྱིས་ གངས་རི་བླམ་ལུ་ འབྲུག་ལུ་མེད་པའི་ལུགས་ མི་བསྐྱོད་རྡོ་རྗེའི་གསང་བ་འདུས་པ་ལ་སོགས་པ་ དབང་ལུང་བཅས་ཞུ་དགོཔ་སྦེ་བཀའ་སྐུལ་གནངམ་ལས་ བླམ་གིས་ཡང་ རྗེ་གིས་བཀའ་གནངམ་བཞིན་དུ་མཛད་དེ་ ལོག་འབྲུག་ལུ་ཕེབས་ད་ དབང་ལུང་ཡོངས་རྫོགས་ཅིག་ རྗེ་ལུ་ཕུལ་ནུག། དེ་བཟུམ་མའི་བསྟན་འགྲོ་ལུ་ཕན་སྦོམ་ཐོགས་པའི་དབུ་བླ་ཅིག་ཨིན་རུང་ སྐུ་ཚེ་གི་ལྕོགས་གྲུབ་མ་བྱུངམ་མ་ཚད་ སྡེ་པ་མཆོག་ སྡེ་ཁྲི་གུར་ ལོ་གཅིག་ར་མ་བཞུགསཔ་ལས་ དགོངས་པ་རྫོགས་སོ་ནུག་གོ།།


སྡེ་སྲིད་ཁྲི་རབས་ང་གཅིག་པ་ སྡེ་སྲིད་ཁྲི་ཟུར་ཚེ་དབང་སྲིད་ཐུབ་ཀྱི་མཛད་རྣམ།[ཞུན་དག།]

སྡེ་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ང་གཅིག་པ་ ཚེ་དབང་སྲིད་ཐུབ་མཆོག་ ཐིམ་ཕུག་ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་ སྨད་ཝང་མཁར་སྦིས་ས་ལུ་འཁྲུངས་ཡོདཔ་དང་ སྡེ་སྲིད་མཆོག་སྐུ་ན་ཆུང་ཀུའི་བསྒང་ལས་ར་ རྫོང་སྒར་ལྟོའི་སྒྲིག་ནང་བཞུགས་ཡོདཔ་མ་ཚད་ རིམ་གྱིས་སྦེ་ ཐིམ་རྫོང་གཉེར་ཆེན་གྱི་གོ་གནས་བཞེས་ཡོདཔ་ཨིན་པས། དེའི་ཚེ་ སྡེ་སྲིད་མཆོག་གིས་ རང་གི་འགན་ཁུར་འཐུས་ཤོར་ག་ནི་ཡང་མེད་པར་ཕྱག་ཞུ་ནི་འདི་གིས་ ཐིམ་ཕུག་རྫོང་དཔོན་གྱི་ཁྲི་གུར་མངའ་གསོལ་མཛད་ནུག།

སྡེ་ཁྲི་ཁར་བྱོན་པའི་ལོ་རྒྱུས།[ཞུན་དག།]

སྡེ་སྲིད་ཁྲི་རབས་ལྔ་བཅུ་པ་ ཁྲི་ཐོག་ལུ་དགོངས་པ་རྫོགས་སོཔ་ལས་ དགེ་འདུན་པའི་སྡེ་གིས་ཞུཝ་བཞིན་དུ་ སྡེ་པ་ཁྲི་ཟུར་ཚེ་དབང་སྲིད་ཐུབ་མཆོག་ སྤྱི་ལོ་ ༡༨༦༤ གི་ལོ་ལུ་ ལོག་སྟེ་ར་སྡེ་ཁྲི་ལུ་བྱོན་གནང་ནུག།

སྡེ་ཁྲི་ཁར་བྱོན་པའི་ཤུལ་གྱི་མཛད་རྣམ། ༼ཕྱིའི་དམག་གི་གདོང་ལེན།༽[ཞུན་དག།]

སྤྱི་ལོ་ ༡༨༦༤ ལུ་ སྡེ་སྲིད་ཁྲི་རབས་ལྔ་བཅུ་པའི་སྐབས་ ཕྱི་གཞུང་ལས་ ཆིངས་ཡིག་འབག་འོང་མི་ ཕྱི་གཞུང་གི་དོན་གཅོདཔ་ ཨེཤི་ལི་ཨི་ཌེན་ལུ་ འབྲུག་ལྷན་ཚོགས་ཀྱིས་ ཕྱི་གླིང་པའི་ཆིངས་ཡིག་འདི་ ངོས་ལེན་མ་མཛདཔ་མ་ཚད་ ཕྱི་གཞུང་གིས་འབྲུག་གཞུང་ལུ་ ས་ཁྲལ་བཏབ་དགོཔ་ལ་སོགས་པ་བཀོད་ཡོད་པའི་ཆིངས་ཡིག་གུར་ ས་ཡིག་རྐྱབ་བཅུགཔ་ལས་ ཕྱི་གཞུང་གི་དོན་གཅོདཔ་ ཨེཤི་ལི་ཨི་ཌེན་ རྒྱ་ལུ་ལོག་ལྷོདཔ་ད་ སྙན་ཞུ་ངན་པ་ཕུལཝ་ལས་བརྟེན་ ཕྱི་གཞུང་གིས་ རྒྱ་འབྲུག་གཉིས་ཀྱི་ས་མཚམས་བེང་གཱལ་དྲུའར་ ༡༡ ག་ར་ གཏན་འཇགས་ཀྱི་དོན་ལུ་བཙན་ལེན་འབད་ནི་སྦེ་ ཕྱི་གཞུང་གི་དམག་མི་ སྟོང་ཕྲག་བཅུ་ཐམ་དེ་ཅིག་ འབྲུག་གི་ས་མཚམས་སོ་སོ་ལས་ཕར་གཏང་ནི་འགོ་བཙུགས་ནུག། དེའི་གདོང་ལེན་ལུ་ འབྲུག་གཞུང་ལས་ ཐིམ་རྫོངཔ་ཁ་གསར་སྟོབས་རྒྱས་དང་ བཀའ་བློན་མ་མཁལ་གྱིས་གཙོས་པའི་དམག་མི་ཚུ་ དཔག་བསམ་ཁ་ལས་མར་བཏང་ཡོདཔ་དང་ སྤ་རོ་དཔོན་སློབ་ཉི་མ་རྡོ་རྗེ་དང་ གཞུང་མགྲོན་གཉེར་དམ་ཆོས་རིན་ཆེན་གཉིས་ཀྱིས་གཙོས་པའི་དམག་མི་ཚུ་ ཇའི་སྒང་ལས་མར་བཏང་ཡོདཔ་ཨིན་མས། དབང་རྫོངཔ་དར་ལུང་སྟོབས་རྒྱས་དང་ དར་དཀར་དཔོན་སློབ་ཀྱིས་གཙོས་པའི་དམག་མི་ཚུ་ གསར་སྤང་ལས་མར་བཏང་ཡོདཔ་མ་ཚད་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་དང་ བྱ་དཀར་དཔོན་སློབ་བརྩོན་འགྲུས་རྒྱལ་མཚན། བླ་མ་ཁྲི་པའི་གཟིམ་དཔོན་བསོད་ནམས་དོན་གྲུབ་གསུམ་གྱིས་གཙོས་པའི་དམག་མི་ཚུ་ བདེ་བ་ཐང་ལས་མར་བཏང་སྟེ་ ཕྱི་གླིང་པའི་དམག་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནི་འགོ་བཙུགས་ནུག། དེའི་ཚེ་ གསར་སྤང་ལས་མར་འགྱོ་མི་ དབང་རྫོངཔ་དར་ལུང་སྟོབས་རྒྱས་དང་ དར་དཀར་དཔོན་སློབ་གཉིས་ཀྱི་ཁ་ཐུག་ལས་ གནས་ཚུལ་འདི་དང་འདི་ཟེརཝ་ཅིག་ ག་ནི་ཡང་མེདཔ་མ་ཚད་ གཞན་ཇའི་སྒང་དང་ དཔག་བསམ་ཁ་ལས་འགྱོ་མི་དམག་མི་ཚུ་ ཕྱི་གླིང་པའི་དམག་ལས་ཕམ་སོཔ་མ་ཚད་ འབྲུག་གི་ས་གནས་ཅ་མར་མི་ལས་འགོ་བཙུགས་ དཔག་བསམ་ཁ་ཚུན་ཚོད་ ཕྱི་གླིང་པའི་ལགཔ་ལུ་ཤོར་སོ་ནུག། ཨིན་རུང་ བདེ་བ་ཐང་ལས་མར་འགྱོ་མི་ ཀྲོང་གསར་དཔོན་སློབ་དང་ བྱ་དཀར་དཔོན་སློབ། དེ་ལས་ གཟིམ་དཔོན་ཚུ་གིས་ འབྲུག་པའི་ས་གནས་བདེ་ཝང་གུ་རི་ལས་ བདེ་བ་ཐང་རྫོང་ཚུན་ཚོད་ཤོར་སོ་རུང་ ལོག་ཕྱི་དམག་དང་ཕྱད་མདའ་རྐྱབ་ད་ རྒྱལ་ཁ་ཐོབ་ཡོདཔ་དང་ ཕྱི་གླིང་པའི་དམག་སྡེ་ཚུ་ འབྲུག་གི་ས་མཚམས་བརྒལ་ཏེ་བདའ་བཏང་ནུག། ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱིས་ ཕྱི་གླིང་པའི་མེ་སྒྱོགས་སྟོབས་གཉིས་དང་ མཚོན་ཆ་ཚུ་ ཀྲོང་གསར་ལུ་བསྣམས་བྱོན་ཡོདཔ་ཨིན་པས།

ཕྱི་གཞུང་དང་མཐུན་འབྲེལ།[ཞུན་དག།]

དེ་གི་ཤུལ་ལས་ར་ ཕྱི་གླིང་པའི་དམག་ཚུ་གིས་ དམག་ལེན་ལོག་རྐྱབ་པའི་སྐབས་ལུ་ འབྲུག་པའི་ས་གནས་བདེ་བ་ཐང་ཚུན་ཚོད་ ཕྱིའི་དམག་ལུ་ཤོར་སོ་ནུག། དེའི་སྐབས་ ཕྱི་གླིང་པའི་དམག་སྡེ་ཚུ་གིས་ འབྲུག་གཞུང་ལུ་ ཧེ་མ་ཤོར་ཡོད་པའི་མེ་སྒྱོགས་སྟོབས་གཉིས་དེ་ བལ་པོ་ལས་བརྙ་འབག་འོངས་འོངསམ་འབད་ནི་འདི་གིས་ ཕྱི་གཞུང་ལུ་ལོག་རྩིས་སྤྲོད་དགོཔ་སྦེ་སླབ་སྟེ་ ཞི་བའི་གསུང་གྲོས་གནང་དགོ་པའི་ཞུ་བ་ཕུལ་ཡོདཔ་དང་ གལ་སྲིད་ཞི་བའི་གསུང་གྲོས་གནང་ནི་གུར་མ་གནས་པ་ཅིན་ ཕྱིའི་དམག་ཚུ་ འབྲུག་ནང་འཁོད་ལུ་བཏང་སྟེ་ འབྲུག་གི་ས་ཆ་ག་ར་ ཕྱི་གཞུང་གི་འོག་ལུ་བཙུགས་ནི་ཟེར་སླབ་པའི་སྐབས་ འབྲུག་གཞུང་གི་ཧོངས་ལས་ཡང་ ཞི་བའི་གསུང་གྲོས་གནང་ནི་གུར་མཐའ་གཏོགས་ནུག། དེ་འབདཝ་ལས་ ཕྱི་གཞུང་དང་ཆིངས་ཡིག་དོན་ཚན་བཅུ་ཐམས་ཅན་མ་བཟོ་ནིའི་དོན་ལུ་ འབྲུག་གཞུང་གི་སྐུ་ཚབ་སྦེ་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱི་གཙོས་ སྡེ་པའི་གཟིམ་དཔོན་བསམ་གྲུབ་རྡོ་རྗེ་དང་ གཞུང་གི་གཉེར་ཆེན་དམ་ཆོས་རིན་ཆེན་ཚུ་ སྤྱི་ལོ་ ༡༨༦༥ ཟླཝ་ ༡༡ པ་ལུ་ ས་གནས་སུན་ཅུ་ལ་ལུ་བཏང་ནུག། “ཆིངས་ཡིག་འདི་ནང་ འབྲུག་ནུབ་ཕྱོགས་ཀྱི་རྒྱ་གཞིས་ བེང་གཱལ་དྲུའར་ ༡༡ དང་ དྷ་ལིམ་རྫོང་། འབྲས་ལྗོངས་སྨད། རྡོ་རྗེ་གླིང་ཕྱོགས་དང་བཅས་པའི་ས་ཁོངས་ག་ར་ ཕྱི་གཞུང་གི་གཏན་འཇགས་སྦེ་དབང་ནི་དང་། དེ་ཚུ་གི་ཚབ་ལུ་ ལོ་བསྟར་གྱི་ས་ཁྲལ་ཧེ་མ་ ཨ་སམ་ཕྱོགས་ལས་འཐོབ་ནི་ཡོད་པའི་ཁྲལ་བཅས་བསྡོམས་དངུལ་ཀྲམ་༥༠,༠༠༠ རེ་ཕྱི་གཞུང་གིས་འབྲུག་ལུ་སྤྲོད་དགོཔ་དང་ ཕྱི་འབྲུག་མཐུན་ལམ་ལུ་གནས་ནི་ལ་སོགས་པའི་དོན་ཚན་ ༡༠ ཚུད་དེ་ཡོདཔ་ཨིན་པས།” ༼ སངས་རྒྱས་རྡོ་རྗེ། (༢༠༡༧) འབྲུག་གི་སྡེ་སྲིད་ཁྲི་རབས་རིམ་བྱོན་གྱི་མཛད་རྣམ་དེབ་ཐེར་དཔྱོད་ལྡན་དགྱེས་པའི་དོ་ཤལ་གྱི་ཤོག་གྲངས ༤༠༩ ༽ ཆིངས་ཡིག་འདི་བཟོ་བའི་ཤུལ་ལས་ རྒྱ་འབྲུག་གཉིས་ཀྱི་ས་མཚམས་འདི་ གཏན་འཁེལ་སོང་ཡོདཔ་ཨིན་མས།

བླ་མ་ཁྲི་པ་དང་རྗེ་མཁན་པོའི་ཁྲི་མངའ་གསོལ།[ཞུན་དག།]

ཞབས་དྲུང་གསུང་སྤྲུལ་ལྔ་པ་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ བླ་མ་ཁྲི་པ་ཁྲི་རབས་བཅོ་ལྔ་པའི་ཁྲི་ལུ་ སྤྱི་ལོ་ ༡༨༦༥ གི་ལོ་ལུ་ མངའ་གསོལ་ཞུ་ཡོདཔ་དང་ རྗེ་མཁན་ཁྲི་རབས་སོ་བཞི་པ་ རྗེ་བཤད་གྲུབ་འོད་ཟེར་ མཁན་ཁྲི་ལས་དགོངས་ཞུ་མཛད་ཞིནམ་ལས་ ཤཱཀྱ་རྒྱལ་མཚན་མཆོག་ རྗེ་མཁན་ཁྲི་རབས་སོ་ལྔ་པའི་ཁྲི་ཐོག་ལུ་མངའ་གསོལ་མཛད་གནང་ནུག།

སྡེ་སྲིད་མཆོག་གི་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་མཆོག་ སྡེ་ཁྲི་ལས་དགོངས་ཞུ་མཛད་ཡོདཔ་ཨིན་ན་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ར་བཀྲོངས་ཡོདཔ་ཨིན་ན་ ཁ་གསལ་སྦེ་བཀོད་དེ་མེད་རུང་ སྡེ་སྲི་ཁྲི་རབས་ང་གཉིས་པ་ སྤྱི་ལོ་ ༡༨༦༧ གི་ལོ་ལུ་ མངའ་གསོལ་ཞུ་ཡོདཔ་སྦེ་ དཔེ་ཆ་ཚུ་ནང་བཀོད་ཡོད་མི་ལུ་བལྟ་བ་ཅིན་ སྡེ་སྲིད་ཁོ་གི་སྐབས་ལུ་ ཕྱི་གཞུང་དང་དམག་ལེན་གྲངས་མང་རབས་ཅིག་བྱུང་ཡོདཔ་མ་ཚད་ ནང་འཁྲུག་ཡང་བྱུང་དང་འབྱུང་བཞིན་པ་ཡོདཔ་ལས་ སྡེ་སྲིད་མཆོག་ མ་རངས་པའི་མི་ངན་ཚུ་གིས་བཀྲོངས་ཡོདཔ་ ཚད་དཔག་ཚུགསཔ་ཨིན་མས།

སྡེ་སྲིད་ཁྲི་རབས་ང་གཉིས་པ་ མཚན་སློབ་བརྩོན་འགྲུས་པད་དཀར་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་གི་འཁྲུངས་ཡུལ་དང་ འཁྲུངས་པའི་ཟླ་ཚེས་ཚུ་ ཆོས་འབྱུང་ག་ཏེ་ཡང་བཀོད་དེ་མེད་རུང་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ གྲྭ་སྡེ་ལུ་བཞུགས་ཏེ་ གྲྭ་སྡེའི་སྒྲིག་ལམ་དང་ གར་ཐིག་དབྱངས་གསུམ་ལུ་ མཁས་པ་སྦྱངས་ཡོདཔ་མ་ཚད་ གཞུང་དང་མན་ངག་ཚུ་ལུ་ མཁས་པ་གྱུར་ཡོད་མི་ལུ་བརྟེན་ མཚན་ཉིད་བཤད་གྲྭའི་སློབ་དཔོན་གྱི་གོ་གནས་བཞེས་བཞུགས་ནུག།

སྡེ་སྲིད་ཀྱི་ཁྲི་ཁར་བྱོན་པའི་ལོ་རྒྱུས།[ཞུན་དག།]

སྡེ་སྲིད་ཁྲི་རབས་ང་གཅིག་པ་ ཚེ་དབང་སྲིད་ཐུབ་མཆོག་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ སྤྱི་ལོ་ ༡༨༦༧ ལུ་ གཤགས་སོཔ་ལུ་བརྟེན་ དགེ་འདུན་དམངས་དང་ དཔོན་སློབ་རྫོང་སློབ་ཚུ་གིས་ རྗེ་ཁྲི་ཟུར་ཡོན་ཏན་རྒྱལ་མཚན་ལུ་ སྡེ་པའི་ཁྲི་ལུ་འབྱོན་དགོ་པའི་ཞུ་བ་དང་གསོལཝ་བཏབ་སྟེ་་ར་འབད་རུང་ རྗེ་ཁྲི་ཟུར་མཆོག་ སྐུ་ན་བགྲེས་ཏེ་ཡོདཔ་ལས་ བསྟན་འགྲོ་དང་རྒྱལ་ཁབ་ལུ་ཕན་ཐོགས་འབྱུང་ཚུགས་པའི་ནུས་པ་ང་ལུ་མི་འབྱུང་ཟེར་གསུངས་ཏེ་ སྡེ་ཁྲི་ལུ་འབྱོན་ནིའི་ཁ་བཟེད་མ་བཏུབ་པས། གལ་སྲིད་ བསྟན་འགྲོ་དང་ རྒྱལ་ཁབ་ལུ་ཕན་ཐོགས་དགོ་པ་ཅིན་ བསྟན་འཛིན་གྱི་སྐྱེས་བུ་གཅིག་ སྡེ་ཁྲི་ལུ་བསྐོ་བཞག་མཛད་དགོཔ་སྦེ་གསུངས་ཏེ་ མཚན་སློབ་བརྩོན་འགྲུས་པད་དཀར་ལུ་ འོས་འབབ་ཡོད་པའི་བཀའ་བསྐུལ་གནངམ་ལས་ སྤྱི་ལོ་ ༡༨༦༧ རང་ལུགས་གནམ་ལོ་མེ་མོ་ཡོས་ལོ་ རབ་འབྱུང་བཅོ་ལྔ་པའི་རང་ཟླ་ལྔ་པའི་ཡར་ཚེས་ལུ་ མཚན་སློབ་བརྩོན་འགྲུས་པད་དཀར་མཆོག་ སྡེ་སྲིད་ཁྲི་རབས་ང་གཉིས་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག།

རྫོང་དཔོན་དང་དཔོན་སློབ་ཚུ་གི་བར་ན་ ནང་འགྲིག་ཀྱི་ཕྱག་འགན་བཞེས་པའི་སྐོར།[ཞུན་དག།]

མཚན་སློབ་མཆོག་ སྡེ་ཁྲི་ལུ་བྱོན་པའི་ལོ་དེ་ནང་ར་ ཐིམ་རྫོངཔ་ཁ་གསར་སྟོབས་རྒྱས་དང་ སྤུངས་རྫོངཔ་བྲང་བཀྲི་ཤིས་གཉིས་ཀྱིས་ དབང་རྫོངཔ་དར་ལུང་སྟོབས་རྒྱས་ཀྱི་ཨམ་སྲུ་ཚེ་དབང་ཆོས་འཛོམས་ ཐིམ་ཕུག་བལ་པོའི་ན་ལས་ཨིན་མི་འདི་ ཨརཝ་བརྐུ་མི་ལུ་བརྟེན་ དབང་རྫོངཔ་དར་ལུང་སྟོབས་རྒྱས་ཀྱིས་ ཐིམ་རྫོངཔ་ཁ་གསར་སྟོབས་རྒྱས་བསད་དེ་ བཀའ་བློན་ཀ་ཝང་མ་མཁལ་ ཐིམ་རྫོང་པའི་གོ་གནས་ལུ་ ཐག་རང་བཅད་ཀྱི་སྒོ་ལས་བསྐོ་བཞག་མཛད་གནང་ནུག། འདི་ལུ་ སྤུངས་རྫོངཔ་བྲང་བཀྲ་ཤིས་ངལ་མ་རངས་པར་ དབང་རྫོངཔ་བགྲེསཔ་ཤར་སྲིད་རྒྱལ་ལས་རྒྱབ་སྐྱོར་ལེན་ཏེ་ དབང་རྫོངཔ་དར་ལུང་སྟོབས་རྒྱས་དང་ ཐིམ་རྫོང་པའི་དམག་སྡེ་ ཕྱད་མདའ་རྐྱབ་རུང་ སྤུངས་རྫོང་པའི་དམག་དང་ དབང་རྫོངཔ་བགྲེས་པའི་དམག་གིས་ ཐིམ་རྫོང་པའི་དམག་དང་ དབང་རྫོང་པའི་དམག་ལུ་འབད་མ་ཚུགས་པར་ སྤུངས་རྫོང་པའི་དམག་དང་ དབང་རྫོང་བགྲེས་པའི་དམག་ཚུ་ཕམ་ནི་གུར་ལྷོདཔ་ད་ སྤུངས་རྫོངཔ་བྲང་བཀྲ་ཤིས་ཀྱིས་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་ལས་དམག་རྒྱབ་ཞུ་དགོཔ་ཐོན་སོ་ནུག། ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་ཡང་ དབང་རྫོངཔ་དར་ལུང་སྟོབས་རྒྱས་ཀྱིས་ ཁོ་རའི་སྐུ་ཉེ་ ཁ་གསར་སྟོབས་རྒྱས་བསད་མི་ལུ་ངལ་མ་རངས་པར་ཡོདཔ་ལས་ འཇིགས་མེད་རྣམ་རྒྱལ་གྱིས་ སྤ་རོ་དཔོན་སློབ་བགྲེསཔ་ཉིམ་རྡོ་རྗེ་དང་ བླམ་ཁྲི་པ་འཕྲིན་ལས་བཟང་པོ་གཉིས་ལུ་ དམག་རྒྱབ་ཀྱི་བརྡ་བསྐུལ་ཏེ་ ཕྱད་མདའ་རྐྱབ་ནུག། སྤུངས་རྫོང་པའི་དམག། དབང་རྫོང་བགྲེས་པའི་དམག་ ཀྲོང་གསར་དཔོན་སློབ་ཀྱི་དམག་སྡེ། སྤ་རོ་དཔོན་སློབ་ཀྱི་དམག་སྡ་དང་ བླམ་ཁྲི་པའི་དམག་ཚུ་ཁ་བསྡོམས་ཏེ་ ཐིམ་རྫོང་པའི་དམག་དང་དབང་རྫོང་པའི་དམག་དང་གཅིག་ཁར་ཕྱད་མདའ་རྐྱབ་ཏེ་ ཡུན་རིངམོ་ཡར་་སོ་རུང་ རྒྱལ་ཕམ་ཕྱེ་མ་ཚུགས་པས། དེ་སྦེ་སྡོད་པའི་བར་ན་ར་ རྗེ་ཁྲི་ཟུར་ཡོན་ཏན་རྒྱལ་མཚན་དང་ སྡེ་སྲིད་དགེ་འདུན་དམངས་ཀྱིས་ མི་སེར་གྱི་སྐྱིད་སྡུག་ལུ་གཟིགས་ཏེ་ ནང་འཁྲུག་ཞི་དགོ་པའི་ཞི་འདུམ་མཛད་གནང་ནུག། དེ་ཅིག་གི་བར་ན་ར་ སྤོ་རོ་དཔོན་སློབ་ཉིམ་རྡོ་རྗེ་དང་ བླ་མ་ཁྲི་པ་འཕྲིན་ལས་བཟང་པོ་གཉིས་ཀྱི་བར་ན་ མ་འགྲིགསཔ་ཐོན་ཏེ་ དོ་རུང་མི་སེར་བདེ་སྐྱིད་མེདཔ་སོང་ཡོད་མི་ལུ་བརྟེན་ རྗེ་ཁྲི་ཟུར་ཡོན་ཏན་རྒྱལ་མཚན་གྱིས་གཙོས་པའི་དཔོན་སློབ་ཁག་ཚུ་ ནང་འགྲིག་བཟོ་བར་བཏང་སྟེ་ ནང་འགྲིག་བཟོ་གནང་ནུག།

སྡེ་སྲིད་མཆོག་གི་མཐའ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་ སྤུངས་རྫོངཔ་དང་ཐིམ་རྫོང་པའི་ནང་འཁྲུག། བླ་མ་ཁྲི་པ་དང་སྤ་རོ་དཔོན་སློབ་ལ་སོགས་པའི་ནང་འཁྲུག་ལུ་བརྟེན་ ཐུགས་སྐྱིད་ཏོང་ཏོ་ཅིག་སྦེ་བཞུགས་མ་ཚུགསཔ་མ་ཚད་ སྐུ་ཡང་བགྲེས་སོཔ་ལས་བརྟེན་ སྡེ་སྲིད་མཚན་སློབ་བརྩོན་འགྲུས་པད་དཀར་མཆོག་ སྡེ་ཁྲི་ལུ་ལོ་གཅིག་ར་བཞུགས་མ་ཚུགསཔ་ལས་ སྡེ་ཁྲི་ལུ་བྱོན་པའི་ལོ་འདི་ལུ་ར་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ དགོངས་པ་རྫོགས་སོ་ནུག་གོ།


སྡེ་སྲིད་ཁྲི་རབས་ང་གསུམ་པ་ འཇིགས་མེད་རྣམ་རྒྱལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཁར་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

ལུང་བསྟན་ཅན་གྱི་སྐྱེས་མཆོག་ གཏེར་ཆེན་པདྨ་གླིང་པའི་གདུང་རྒྱུད་ལས་ སྡེ་སྲིད་ཁྲི་རབས་ང་གསུམ་པ་ འཇིགས་མེད་རྣམ་རྒྱལ་མཆོག་ ཡབ་པི་ལ་མགོན་པོ་དབང་རྒྱལ་དང་ ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་ལུ་ རང་ལུགས་འདས་ལོ་ ༡༧༥ སྤྱི་ལོ་ ༡༨༢༥ རབ་བྱུང་བཅུ་བཞི་པའི་ཤིང་མོ་བྱ་ལོ་ལུ་ ངོ་མཚར་བའི་རྟགས་མཚན་དང་བཅས་ ཀུར་སྟོད་ལུ་སྦེ་སྐུ་འཁྲུངས་ནུག། དེ་ལས་ རྩིས་གཞུང་དང་འཁྲིལ་ཏེ་མཚན་ཡང་ བསམ་གྲུབ་ཟེར་གསོལ་ནུག།

ཕྱག་འགན་དང་གོ་གནས་གཞན་བཞེས་གནང་པའི་སྐོར།[ཞུན་དག།]

སྐྱེས་ལོ་ ༡༢ དེ་ཅིག་བཞེས་པའི་བསྒང་ལས་ ཁོ་རའི་གཉིད་ལམ་ནང་ ཁོ་གི་གདུལ་བྱ་ཀྲོང་གསར་དང་བུམ་ཐང་ཁ་ཐུག་ཡོདཔ་ ལོག་ཅི་ལོག་ཅི་ར་གཟིགསཔ་ལས་ ཁོ་དགུང་ལོ་བཅོ་བརྒྱད་དེ་ཅིག་བཞེསཔ་ད་ ཐུགས་ཐག་རང་བཅད་ཀྱི་ཐོག་ལས་ བུམ་ཐང་ལས་ཐོན་ཏེ་ ཀྲོང་གསར་གྱི་ཕྱོགས་ལུ་བྱོན་ནུག། ཀྲོང་གསར་ལུ་ཕེབས་ད་ ཀྲོང་གསར་གྱི་སྤྱི་བླ་ཨོ་རྒྱན་ཕུན་ཚོགས་དང་ མགྲོན་གཉེར་མཚོ་སྐྱེས་་རྡོ་རྗེ་གཉིས་ཀྱི་ སྒར་ལྟོའི་གྲལ་ཁར་བཅའ་མར་གཏོགས་གནང་ནུག། ཤུལ་མ་ མགྲོན་གཉེར་མཚོ་སྐྱེས་རྡོ་རྗེ་ ཀྲོང་གསར་སྤྱི་བླའི་ཁྲི་ཁར་ཕེབས་པའི་ཤུལ་ལུ་ ཀྲོང་གསར་སྒར་ལྟོའི་གྲས་ལས་ དཔའ་བོ་ཤུགས་ཆེ་ཤོས་ འཇིགས་མེད་རྣམ་རྒྱལ་ལས་གཞན་ག་ཡང་མེདཔ་ལས་ འཇིགས་མེད་རྣམ་རྒྱལ་ལུ་ ཀྲོང་གསར་རྫོང་གི་དར་དཔོན་དང་ ཚོང་དཔོན་གྱི་ཕྱག་འགན་བཞེས་གནང་ནུག། དེ་ལས་ སྤྱི་ལོ་ ༡༨༤༨ ཀྱི་ལོ་ལུ་ ཆོས་རྩེ་དཔོན་སློབ་ཀྱི་གཟིམ་དཔོན་གྱི་ཕྱག་འགན་བཞེས་གནང་ནུག།
བྱིན་ཅན་གྱི་རྫོང་གཞིས་རྙིང་ཤོས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་འདི་ མེ་མཆོད་ཐེངས་ལྔ་པ་བཞེས་པའི་ཉམས་གསོ་ཞུ་བའི་སྐབས་ ཤར་ཕྱོགས་ལས་འུར་ལཱ་པའི་འགོ་འདྲེན་འཐབ་མི་སྦེ་ ཆོས་གཟིམ་འཇིགས་མེད་རྣམ་རྒྱལ་བྱོན་ཡོདཔ་དང་ དེའི་བསྒང་ ལུང་ཕྱོགས་རང་སོའི་མིང་གཏམ་གྱི་དོན་ལུ་ གཉའ་རྒོད་ཀྱི་འགྲན་བསྡུར་འགོ་འདྲེན་འཐབ་ད་ འཇིགས་མེད་རྣམ་རྒྱལ་ལུ་ ག་གིས་ཡང་འབད་མ་ཚུགསཔ་ལས་ ཤར་ཕྱོགས་ཀྱི་མིང་གཏམ་དང་ འཇིགས་མེད་རྣམ་རྒྱལ་རང་གི་མིང་གཏམ་སྦོམ་ར་བཞག་ནུག། དེའི་སྐབས་ལུ་ འཇིགས་མེད་རྣམ་རྒྱལ་གྱི་རིག་རྩལ་དང་ དཔའ་རྩལ་ལུ་བལྟ་སྟེ་ ནུབ་ཕྱོགས་ཀྱི་དཔོན་ཁག་དང་དཔོན་སློབ་ཚུ་ ཁོ་ལུ་ངལ་མ་རངས་པར་ཡོདཔ་ལས་ སྤུངས་རྫོང་ཉམས་གསོ་ཞུ་ཚར་ཏེ་ རབ་གནས་དགའ་སྟོན་གྱི་དོན་ལུ་ ཀྲོང་གསར་དཔོན་སློབ་མཚོ་སྐྱེས་རྡོ་རྗེ་ཡང་བྱོན་ཡོདཔ་ལས་ དེའི་ཚེ་ སྐུ་གསོད་རྐྱབ་ཏེ་བཀྲོངས་ནི་སྦེ་འཆར་གཞི་བརྩམས་ཡོད་རུང་ ཆོས་གཟིམ་དཔའ་རྩལ་ཅན་གྱི་བཀའ་དྲིན་ལས་ ཆོས་རྩེ་དཔོན་སློབ་ཀྱི་སྲོག་ལུ་ གནོད་སྐྱོན་ཆུང་ཀུ་ཅིག་ར་མེདཔ་སྦེ་ ཀྲོང་གསར་ལུ་ཕེབས་ཚུགས་ནུག། ཆོས་རྩེ་དཔོན་སློབ་ཀྱི་སྲོག་ ཆོས་གཟིམ་རང་གི་སྲོག་བ་ལྷགཔ་སྦེ་བདག་འཛིན་དང་ སྲོག་སྐྱབས་འབད་མི་གི་གཟེངས་བསྟོད་ལུ་ མགྲོན་གཉེར་གྱི་གོ་གནས་ཁར་བསྐོས་གནངམ་མ་ཚད་ མཚོ་སྐྱེས་རྡོ་རྗེ་ཁོ་ར་ ཆོས་རྩེ་དཔོན་སློབ་ཀྱི་ཁྲི་ལས་དགོངས་ཞུ་མཛདཔ་ད་ མཚོ་སྐྱེས་རྡོ་རྗེ་གི་བུ་ ཆོས་གཟིམ་བརྩོན་འགྲུས་རྒྱལ་མཚན་གྱི་ཧེ་མ་ མགྲོན་གཉེར་འཇིགས་མེད་རྣམ་རྒྱལ་ ལོ་གསུམ་གྱི་རིང་ལུ་ ཆོས་རྩེ་དཔོན་སློབ་ཀྱི་གོ་གནས་གནང་དགོ་པའི་ཞལ་ཆེམས་བཞག་ནུག།
འཇིགས་མེད་རྣམ་རྒྱལ་ མགྲོན་གཉེར་གྱི་གོ་གནས་ལུ་བཞུགསཔ་ད་ ཆོས་རྩེ་དཔོན་སློབ་ཀྱི་བཀའ་ལས་མ་འགལཝ་ཅིག་སྦེ་ ཕྱག་ཕྱིད་ཞུ་ཡོདཔ་མ་ཚད་ ཤུལ་མ་ སྤྱི་ལོ་ ༡༨༥༣ ཆུ་གླང་གི་ལོ་ལུ་ ཀྲོང་གསར་དཔོན་སློབ་ཀྱི་ཁྲི་ལས་དགོངས་ཞུ་མཛདཔ་ད་ ཧེ་མ་གི་ཁ་ཆེམས་ལྟར་དུ་ མགྲོན་གཉེར་འཇིགས་མེད་རྣམ་རྒྱལ་འདི་ དགུང་ལོ་ ༢༩ བཞེསཔ་ད་ ཀྲོང་གསར་དཔོན་སློབ་ཀྱི་ཁྲི་ལུ་མངའ་གསོལ་ཞུ་ནུག། མགྲོན་གཉེར་འཇིགས་མེད་རྣམ་རྒྱལ་ ཆོས་རྩེ་དཔོན་སློབ་ཀྱི་ཁྲི་ལུ་བྱོན་གནང་པའི་ཤུལ་ལུ་ ཀྲོང་གསར་དཔོན་སློབ་ཁོ་རའི་ས་ཁོངས་ཀྱི་མི་སེར་རྐྱངམ་གཅིག་གིས་མ་དོ་བར་ དཔོན་སློབ་མཆོག་གིས་ བསྟན་པ་དང་སེམས་ཅན། ཆོས་དང་སྲིད་ལུ་ཕན་པའི་ཕྱག་ལཱ། དེ་ལས་ དཔོན་སློབ་ཁག་གི་བར་ན་ དམག་འཁྲུག་དང་ནང་འཁྲུག་ཚུ་ཞི་ཐབས་ཀྱི་ཕྱག་ལཱ་མང་རབས་ཅིག་མཛད་གནང་ནུག། ཧེ་མ་ ཀྲོང་གསར་དཔོན་སློབ་ཀྱི་ཞལ་ཆེམས་ནང་ མགྲོན་གཉེར་འཇིགས་མེད་རྣམ་རྒྱལ་ ཆོས་རྩེ་དཔོན་སློབ་ཀྱི་ཁྲི་ལུ་ལོ་གསུམ་མ་གཏོགས་ བཞུགས་མ་ཆོགཔ་སྦེ་ཡོད་རུང་ མགྲོན་གཉེར་གྱིས་ དེ་ལུ་ ཡ་འབད་མ་བཏུབ་པར་ ཆོས་རྩེ་དཔོན་སློབ་བགྲེསཔ་མཚོ་སྐྱེས་རྡོ་རྗེ་གི་སྲས་ ཆོས་གཟིམ་བརྩོན་འགྲུས་རྒྱལ་མཚན་དང་གཅིག་ཁར་ ནང་འཁྲུག་སྦོམ་ར་བྱུང་ནུག། ཨིན་རུང་ དགེ་འདུན་སྡེ་གིས་ ནང་འཁྲུག་ཞི་ཐབས་ལུ་ འཇིགས་མེད་རྣམ་རྒྱལ་ ཀྲོང་གསར་དཔོན་སློབ་རང་འཇགས་དང་ བརྩོན་འགྲུས་རྒྱལ་མཚན་ལུ་ བྱ་དཀར་རྫོང་དཔོན་གྱི་གོ་གནས་དེ་ དཔོན་སློབ་ཀྱི་གོ་གནས་ལུ་ཡར་སེང་མཛད་དེ་ བསྐོ་བཞག་མཛད་པའི་ཁར་ ཤར་ཕྱོགས་ཀྱི་ས་ཕྱོགས་ཚུ་ཡང་ དཔོན་སློབ་གཉིས་ཀྱི་བར་ན་ བགོ་བཤའ་རྐྱབ་སྟེ་གནང་ནི་འདི་གིས་ནང་འཁྲུག་ཞི་སྟེ རྒྱལ་ཁབ་ནང་སྔར་བ་ལྷག་པའི་ཞི་བདེ་འཕེལ་ནུག།

སྡེ་སྲིད་ཀྱི་ཁྲི་ཁར་བྱོན་པའི་ལོ་རྒྱུས།[ཞུན་དག།]

དེ་བསྒང་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་ཟེར་བའི་མིང་དེ་ འབྲུག་རྒྱལ་ཁབ་ནང་ གཏམ་སྙན་གྲགས་སྦོམ་བྱུང་ཡོད་ནི་འདི་གིས་ བར་སྐབས་ཅིག་ སྡེ་ཁྲི་གུར་ག་བསྐོ་བཞག་མཛད་རུང་ ལོ་གཅིག་ར་མ་ལངསམ་ལས་ ཁྲི་ཐོག་ལུ་གཤགས་ནི་ལ་སོགས་པའི་རྐྱེན་ངན་བྱུང་སྟེ་ར་སྡོད་ནི་འདི་གིས་ གཞུང་ཡང་ལྷན་ཚོགས་ཀྱིས་སྐྱོང་གནང་ཡོདཔ་ཨིན་མས། ཨིན་རུང་ ལྷན་ཚོགས་ཀྱི་ནང་འཁོད་ མ་འགྲིགསཔ་འབྱུང་དོ་ཡོདཔ་ལས་ སྤུངས་རྫོང་པ་བྲང་བཀྲ་ཤིས། དབང་རྫོངཔ་ཀ་ཝང་སངས་རྒྱས། ཐིམ་རྫོངཔ་བླམ་ཚེ་དབང་། སྤ་རོ་དཔོན་སློབ་ཕྲིན་ལས་བཟང་པོ་ལ་སོགས་པ། གཞུང་དགེ་འདུན་འདུས་ཚོགས་དང་། རྗེ་མཁན་ཁྲི་རབས་སོ་དྲུག་པ་ རྗེ་ཡོན་ཏན་དཔལ་བཟང་ཚུ་ཐུགས་མཐུན་ཐོག་ལས་ ཀྲོང་གསར་དཔོན་སློབ་བགྲེསཔ་ འཇིགས་མེད་རྣམ་རྒྱལ་མཆོག་ སྡེ་སྲིད་ཁྲི་རབས་ང་གསུམ་པའི་ཁྲི་ལུ་ སྤྱི་ལོ་ ༡༨༧༠ གི་ལོ་ལུ་ ཁྲི་མངའ་གསོལ་ཞུ་ནུག།

སྡེ་སྲིད་ཀྱི་ཁྲི་ཁར་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

དཔོན་སློབ་བགྲེསཔ་འཇིགས་མེད་རྣམ་རྒྱལ་མཆོག་ སྡེ་ཁྲི་ལུ་བྱོན་པའི་ཤུལ་མ་ བསྟན་པ་དང་སེམས་ཅན་ལུ་ཕན་པའི་ཕྱག་ལཱ་མང་རབས་ཅིག་མཛད་གནང་ནུག། དེ་ཡང་ སྤྱི་ལོ་ ༡༨༦༩ གི་ལོ་ལུ་ སྤུངས་རྫོངཔ་དང་དབང་རྫོང་པ་གཉིས་ཀྱི་བར་ན་ ནང་འཁྲུག་སྦོམ་ལངམ་ད་ ཐིམ་ཕུག་རྫོང་ལུ་ཡང་ གནོད་རྐྱེན་སྦོམ་བྱུང་སྟེ་ཡོད་མི་དེ་ མི་རྗེ་འཇིགས་མེད་རྣམ་རྒྱལ་མཆོག་གིས་ ཉམས་གསོ་ཞུ་གནང་ནུག། དེ་ནང་གི་ནང་རྟེན་ཚུ་ཡང་ ལ་ལུ་གསར་བཞེངས་མཛད་པའི་ཁར་ ཉམས་བཅོས་འབད་བཏུབ་མི་ཚུ་ཉམས་བཅོས་མཛད་གནང་ནུག། དེ་ལས་ རྫོང་དེ་བསྒྲུབས་པའི་ཤུལ་ལུ་ དགེ་འདུན་དམངས་ གསོལ་ཐབ་སེམས་རྟོགས་ཁ་ལུ་བཞུགས་ཡོད་མི་དེ་ཚུ་ བཀྲ་ཤིས་ཆོས་རྫོང་ནང་གདན་འདྲེན་ཞུ་ཞིནམ་ལས་ ཆོས་གོས་ན་བཟའ་རེ་རེ་ཕུལ་སྟེ བརྙེན་བཀུར་ཡང་ག་དེ་དྲག་དྲག་ཞུ་གནང་ནུག།

སྡེ་སྲིད་ལུ་ངོ་རྒོལ་བྱུང་པའི་སྐོར།[ཞུན་དག།]

སྤ་རོ་དཔོན་སློབ་བགྲེསཔ་ཉིམ་རྡོ་རྗེ་དང་ སྤ་རོ་དཔོན་སློབ་ཁྲི་པའི་ཚ་བོ་ ཚེ་དབང་ནོར་བུ་གཉིས་ མ་འགྲིགསཔ་ཐོན་ཡོདཔ་མ་ཚད་ ཚེ་དབང་ནོར་བུ་གིས་ མི་རྗེ་འཇིགས་མེད་རྣམ་རྒྱལ་ལུ་ཡང་ ངོ་ལོ་རྐྱབ་མི་ལུ་བརྟེན་ མི་རྗེ་ཁོ་རའི་་ སྐུ་ཚབ་སྦེ་ ཀ་ཝང་མ་མཁལ་དེ་དམག་ལུ་བཏང་ནུག། དེའི་སྐབས་ གལ་སྲིད་ཀ་ཝང་མ་མཁལ་གྱིས་དམག་དེ་ལས་རྒྱལ་ཁ་ཐོབ་པ་ཅིན་ སྤ་རོ་དཔོན་སློབ་ཀྱི་གོ་གནས་འདི་ ཁོ་ལུ་དགོཔ་སྦེ་ཞུ་སྟེ་ དམག་རྐྱབ་པར་ཡར་སོ་ནུག། སྤོ་རོ་དཔོན་སློབ་བགྲེསཔ་ཉིམ་རྡོ་རྗེདང་ ཀ་ཝང་མ་མཁལ་གཉིས་ ཧེ་མ་ལས་ ཆ་རོགས་འཆམ་ཤོས་ཅིག་འབད་ནི་འདི་གིས་ ཕར་ལྷོདཔ་ད་ དམག་རྐྱབ་ནི་མེན་པར་ ནང་འགྲིག་རྐྱབ་སྟེ་ དཔོན་སློབ་བགྲེསཔ་བྱོག་འགྱོ་ཡོདཔ་དང་ ཀ་ཝང་མ་མཁལ་ཁོ་ར་དཔོན་སློབ་ཀྱི་གོ་གནས་བཞེས་བཞུགས་ནུག།
ཨིན་རུང་ གནས་ཚུལ་དེ་སྡེ་སྲིད་ཀྱིས་གསནམ་ཅིག་ སྡེ་སྲིད་ཀྱི་གཉའ་རྒོད་སྟོདཔ་ཆུ་ཤིང་ཟེར་མི་དེ་བཏང་སྟེ་ ཀ་ཝང་མ་མཁལ་བཀྲོངས་ཞིནམ་ལས་ དཔོན་སློབ་ཀྱི་ཁྲི་ལུ་ལོག་སྟེ་ར་ ཉིམ་རྡོ་རྗེ་བཞག་ཡོདཔ་དང་ སྡེ་སྲིད་ཀྱི་སྐུ་ཚབ་གཉིས་ སྤ་རོ་ལུ་བཞག་ནི་གི་སྲོལ་འགོ་བཙུགས་ནུག།

སྡེ་སྲིད་ཀྱི་མཛད་པ་མཐའ་མ།[ཞུན་དག།]

སྤྱི་ལོ་ ༡༨༧༣ གི་ལོ་ལུ་ སྡེ་སྲིད་ཁྲི་རབས་ང་གསུམ་པ་ འཇིགས་མེད་རྣམ་རྒྱལ་མཆོག་གིས་ ཁོ་རའི་སྐུ་ཉེ་སྐྱིད་ཚལཔ་ གོང་གཟིམ་རྡོ་རྗེ་རྣམ་རྒྱལ་དེ་ སྡེ་སྲིད་ཁྲི་རབས་ང་བཞི་པའི་ཁྲི་ལུ་མངའ་གསོལ་ཞུ་བའི་ཤུལ་ལུ་ སྡེ་ཁྲི་ལས་དགོངས་ཞུ་མཛད་གནང་ནུག།

སྡེ་སྲིད་ཁྲི་རབས་ང་བཞི་པ་ གོང་གཟིམ་རྡོ་རྗེ་རྣམ་རྒྱལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མ་མཛད་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ང་བཞི་པ་ སྐྱིད་ཚལ་པ་རྡོ་རྗེ་རྣམ་རྒྱལ་མཆོག་ མང་སྡེ་བོན་སྦྱིས་ལུ་ དུང་དཀར་ཆོས་རྗེ་གི་བརྒྱུད་པ་ པཱ་ལ་རྒྱལ་མཚན་གྱི་སྲས་ལུ་འཁྲུངས་ཏེ་ མཚན་རྡོ་རྗེ་རྣམ་རྒྱལ་ཟེར་གསོལ་ཡོད་རུང་ ཤུལ་མ་གཞུང་ཕྱོགས་ལུ་བཞུགསཔ་ད་ ས་གནས་མུ་ཏིག་ཐང་ལུ་ སྐྱིད་པའི་ཚལ་ཟེར་དར་ཁྱབ་སོང་ཡོད་མི་གདན་ས་དང་བཅས་ གཙུག་ལག་ཁང་བཅགས་ཞིནམ་ལས་འགོ་བཟུང་ མཚན་སྐྱིད་ཚལ་པ་ཟེར་ཞུ་སྲོལ་དར་ནུག།

གོ་གནས་བཞེས་པའི་སྐོར།[ཞུན་དག།]

སྡེ་སྲིད་སྐྱིད་ཚལ་པ་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ ཀྲོང་གསར་རྫོང་ནང་སྒར་ལྟོ་སྦེ་འཛུལ་ཡོདཔ་ཨིན་པས། དེའི་བསྒང་ འཇིགས་མེད་རྣམ་རྒྱལ་ ཆོས་རྩེ་དཔོན་སློབ་ཀྱི་གཟིམ་དཔོན་དང་ མགྲོན་གཉེར་གྱི་ཕྱག་འགན་བཞེས་བཞུགསཔ་ད་ དམག་གི་བྱེལཝ་ག་ཏེ་འཐོན་སར་ སྐྱིད་ཚལ་པ་མཆོག་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ཕྱག་ཞུ་བ་ལུ་བརྟེན་ འཇིགས་མེད་རྣམ་རྒྱལ་ ཆོས་རྩེ་དཔོན་སློབ་ཀྱི་ཁྲི་ལུ་འབྱོནམ་ད་ སྐྱིད་ཚལ་པ་མཆོག་ གདུང་བསམ་གསང་སྲུང་པའི་གོ་གནས་གནང་ཡོདཔ་མ་ཚད་ ཤུལ་མ་ འཇིགས་མེད་རྣམ་རྒྱལ་ སྡེ་སྲིད་ཀྱི་ཁྲི་ལུ་འབྱོནམ་ད་ སྐྱིད་ཚལ་པ་མཆོག་ གོང་གཟིམ་གྱི་གོ་གནས་ལུ་བསྐོ་བཞག་གནང་ནུག།

སྡེ་སྲིད་ཀྱི་ཁྲི་ལུ་བྱོན་པའི་སྐོར།[ཞུན་དག།]

སྡེ་སྲིད་ཁྲི་རབས་ང་གསུམ་པ་ འཇིགས་མེད་རྣམ་རྒྱལ་མཆོག་ སྤྱི་ལོ་ ༡༨༧༣ གི་ལོ་ལུ་ སྡེ་ཁྲི་ལས་དགོངས་ཞུ་མཛདཔ་ད་ འཇིགས་མེད་རྣམ་རྒྱལ་ཁོ་རའི་སྐུ་ཉེ་ གོང་གཟིམ་རྡོ་རྗེ་རྒྱལ་མཚན་མཆོག་ སྡེ་སྲིད་ཁྲི་རབས་ང་བཞི་པའི་ཁྲི་ལུ་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

གོང་གཟིམ་རྡོ་རྗེ་རྒྱལ་མཚན་མཆོག་ སྡེ་ཁྲི་ལུ་བྱོན་པའི་ཤུལ་ལུ་ གདན་ས་བཀྲི་ཤིས་ཆོས་རྫོང་ནང་ལུ་སྦེ་ མི་འཁྲུགས་པའི་ལྷ་ཁང་གསར་བཞེངས་ཀྱི་ཕྱག་ལཱ་གནང་ཡོདཔ་མ་ཚད་ ཕ་ཇོ་སྡིངས་ཀྱི་འོག་ མུ་ཏིག་ཐང་གི་སྟོད་ལུ་ སྐྱིད་ཚལ་པའི་ལྷ་ཁང་གསར་བཞེངས་ཀྱི་ཕྱག་འགན་ཡང་བཞེས་གནང་ནུག། དེ་ལས་ དེ་ནང་གི་ནང་རྟེན་མཆོད་ཆས་དང་ མཆོད་རྫས་ལ་སོགས་པ་གསར་སྒྲུབ་མཛད་གནང་ནུག། དེ་གིས་མ་ཚད་ གདན་ས་ཐེད་ཐིམ་གཉིས་ཆ་རའི་ཕྱག་མཛོད་ནང་ ཟོང་ཆ་དང་།ཇ་དང་ཚྭ་ལ་སོགས་པའི་ཕྱག་མཛོད་གསར་བཙུགས་མཛད་གནང་ནུག།

རྗེ་མཁན་ཁྲི་རབས་སོ་བརྒྱད་པ་དང་སོ་དགུ་པ་ཁྲི་མངའ་གསོལ་མཛད་པའི་སྐོར།[ཞུན་དག།]

མཁན་ཁྲི་སོ་བདུན་པ་རྗེ་ཀུན་དགའ་སེང་གེ་མཆོག་ སྤྱི་ལོ་ ༡༨༧༥ གི་ལོ་ལུ་ རྗེའི་ཁྲི་ཐོག་ལུ་ར་དགོངས་པ་རྫོགས་སོཔ་ལས་ རྗེ་ཁྲི་ཟུར་ཤཱཀྱ་རྒྱལ་མཚན་མཆོག་ ལྷ་རྫོང་བཀྲ་ཤིས་སྒང་ལུ་གདན་འདྲེན་ཞུ་སྟེ་ རྗེ་མཁན་ཁྲི་རབས་སོ་བརྒྱད་པའི་ཁྲི་ལུ་མངའ་གསོལ་ཞུ་ཡོད་རུང་ རྗེ་ཤཱཀྱ་རྒྱལ་མཚན་མཆོག་ རྗེ་མཁན་གྱི་ཁྲི་ལུ་མངའ་གསོལ་ཞུ་བའི་ལོ་དེ་ནང་ར་ དགོངས་པ་ཆོས་ཀྱི་དབྱིངས་ལུ་ཐིམ་སོཔ་ལས་ སྒྲ་སློབ་བློ་གྲོས་རྒྱལ་མཚན་མཆོག་ རྗེ་མཁན་ཁྲི་རབས་སོ་དགུ་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག་གོ།།

སྡེ་སྲིད་ང་བཞི་པའི་མཛད་རྣམ་མཐའ་མ།[ཞུན་དག།]

སྡེ་སྲིད་སྐྱིད་ཚལ་པ་རྡོ་རྗེ་རྒྱལ་མཚན་མཆོག་ ཆོས་སྲིད་གཉིས་ཆ་ར་ལུ་ཕན་པའི་ཕྱག་ལཱ་མཛད་བཞུགས་པའི་བར་ན་ར་ སྡེ་སྲིད་ཁོ་རའི་སྲུང་འཁོརཔ་སྤ་ཕྲུག་ཟེར་མི་གིས་ཞུཝ་བཞིན་དུ་ རྗེ་མཁན་ཁྲི་རབས་སོ་དགུ་པ་སྒྲ་སློབ་བློ་གྲོས་རྒྱལ་མཚན་མཆོག་ སྐུ་གཟུགས་མ་བདེ་བར་ ཆུ་ཕོ་ཚ་ཆུ་ལུ་བྱོན་ཏེ་བཞུགས་པའི་སྐབས་ མཚན་སློབ་པད་དཀར་འོད་ཟེར་མི་དེ་ མཁན་ཁྲི་ ༤༠ པའི་ཁྲི་ལུ་མངའ་གསོལ་ཞུ་ད་ནུག། དེ་ལུ་གཟིགས་ཏེ་ མཁན་ཁྲི་སོ་དགུ་པ་ཤཱཀྱ་རྒྱལ་མཚན་ཐུགས་ལུ་ ང་རྒྱལ་དྲག་པོ་བསྐྱེད་དེ་ དགོངས་འདུས་རྟ་ནག་གི་སྒོ་ལས་ ལས་སྦྱོར་མཛད་པ་ལུ་བརྟེན་ སྤྱི་ལོ་ ༡༨༧༩ གི་ལོ་ལུ་ སྡེ་པ་རྡོ་རྗེ་རྒྱལ་མཚན་མཆོག་ ཚེ་བསྟུངས་ཏེ་གཤགས་སོ་ནུག་གོ།།


སྡེ་སྲིད་ང་ལྔ་པ་ ཆོས་རྒྱལ་བཟང་པོ་གི་མཛད་རྣམ།[ཞུན་དག།]

སྡེ་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་པ་ཆོས་རྒྱལ་བཟང་པོ་མཆོག་ ཐིམ་ཕུག་ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་ སྟོད་ཝང་དར་ལུང་ལུ་ སྡེ་སྲིད་ཁྲི་རབས་ཞེ་དྲུག་པ་ཨུ་མ་དྷེ་ཝ་གི་ཚ་བོ་སྦེ་སྐུ་འཁྲུངས་ཡོདཔ་དང་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ དགེ་འདུན་གྱི་སྡེ་ལུ་འཛུལ་ཞུགས་མཛད་ཡོདཔ་ཨིན་པས།

གོ་གནས་བཞེས་པའི་སྐོར།[ཞུན་དག།]

སྡེ་སྲིད་ཆོས་རྒྱལ་བཟང་པོ་མཆོག་ སྡེ་སྲིད་ཁྲི་རབས་ཞེ་དྲུག་པའི་སྐུ་ཚ་བོ་ཅིག་འབད་ནི་འདི་གིས་ ཨུ་མ་དྷེ་ཝ་ཁོ་ར་ ཐིམ་ཕུག་རྫོང་དཔོན་གྱི་གོ་གནས་བཞེསཔ་ད་ སྡེ་སྲིད་ཆོས་རྒྱལ་བཟང་པོ་ཡང་ གྲྭ་ཚང་ལས་ཐོན་ཏེ་ ཐིམ་རྫོང་པའི་ནོར་དཔོན་གྱི་ཕྱག་འགན་བཞེས་བཞུགས་ནུག། ནོར་དཔོན་གྱི་གོ་གནས་བཞེས་བཞུགསཔ་ད་ སྡེ་པ་ཨུ་མ་དྷེ་ཝ་ (ཤེས་རབ་ཐར་ཕྱིན་མཆོག་) སྡེ་སྲིད་ཁྲི་གྲོགས་ སྡེ་སྲིད་ཀུན་དགའ་དཔལ་ལྡན་གྱིས་ གཟིམ་དཔོན་གྲྭ་ཅུང་ལུ་བཀའ་སྐུལ་གནང་ཐོག་ལས་ ཆོས་རྒྱལ་བཟང་པོ་རའི་ཨ་ཞང་སྡེ་སྲིད་ཨུ་མ་དྷེ་ཝ་དེ་རྐུ་གསོད་རྐྱབ་ཏེ་ བཀྲོངས་དཔ་ལས་ དེའི་དགྲ་ལན་ལུ་ ནོར་དཔོན་དང་ཀ་ཝང་སངས་རྒྱས་གཉིས་ཀྱིས་ སྡེ་སྲིད་ཀུན་དགའ་དཔལ་ལྡན་གྱི་གཟིམ་དཔོན་གྲྭ་ཅུང་དེ་བཀྲོངས་ད་ནུག། དེའི་ཤུལ་ལུ་ ཁོང་གཉིས་གཞུང་ཕྱོགས་ལུ་བཞུགས་གོ་མ་བདེ་བར་ ལ་ཡག་ལས་བརྒྱུད་དེ་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་བཞུགས་སར་སོང་སྟེ་ འཇིགས་མེད་རྣམ་རྒྱལ་གྱི་སྒར་ལྟོ་པའི་གྲས་ཁར་འཛུལ་སྡོད་ནུག། སྤྱི་ལོ་ ༡༨༦༩ གི་ལོ་ལུ་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་མཆོག་ སྤུངས་རྫོང་པའི་དམག་རྒྱབ་ལུ་འབྱོནམ་ད་ ཆོས་རྒྱལ་བཟང་པོ་ཡང་ དཔོན་སློབ་ཀྱི་ཕྱག་ཞུ་སྟེ་ དམག་རྐྱབ་པའི་སྐབས་ལུ་ འཇིགས་མེད་རྣམ་རྒྱལ་དང་སྤུངས་རྫོང་པའི་དགྲ་ དབང་རྫོངཔ་ཀུན་ལེགས་རྡོ་རྗེ་འདི་ ཆོས་རྒྱལ་བཟང་པོ་གིས་བསྒྲལ་དཔ་ལས་ དེའི་ངལ་རངས་ལུ་ གཞུང་མགྲོན་གཉེར་གྱི་གོ་གནས་ལུ་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲི་ལུ་བྱོན་པའི་སྐོར།[ཞུན་དག།]

སྡེ་སྲིད་ཁྲི་རབས་ང་བཞི་པ་རྡོ་རྗེ་རྣམ་རྒྱལ་མཆོག་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ར་གཤགས་སོཔ་ལས་ སྤྱི་ལོ་ ༡༨༧༩ གི་ལོ་ལུ་ སྡེ་སྲིད་ཁྲི་ཟུར་འཇིགས་མེད་རྣམ་རྒྱལ་གྱིས་ གཞུང་མགྲོན་གཉེར་ཆོས་རྒྱལ་བཟང་པོ་མཆོག་ སྡེ་སྲིད་ཁྲི་རབས་ང་ལྔ་པའི་ཁྲི་ལུ་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

རྗེ་མཁན་ཁྲི་རབས་ ༤༠ པ་མཁན་ཆེན་པད་དཀར་འོད་ཟེར་མཆོག་གིས་ སྡེ་པ་རྡོ་རྗེ་རྣམ་རྒྱལ་དང་ དེའི་སྲུང་འཁོརཔ་སྤ་ཕྲུག་གཉིས་ཀྱི་དཀྲོག་ཁ་ལུ་གསན་ཏེ་ རྗེ་མཁན་གྱི་ཁྲི་ལུ་བྱོན་དཔ་ལས་ རྗེ་སྒྲ་སློབ་བློ་གྲོས་རྒྱལ་མཚན་གྱིས་མ་རངས་པར་ ང་རྒྱལ་གྱི་ཐོག་ལས་ དགྲ་ངན་ལས་སྦྱོར་མཛད་ཡོདཔ་ལས་བརྟེན་ རྗེ་མཁན་ཆེན་པད་དཀར་འོད་ཟེར་མཆོག་ སྤྱི་ལོ་ ༡༨༨༡ གི་ལོ་ལུ་ ཁྲི་ཐོག་ལུ་ར་གཤགས་སོ་ནུག། དེ་ལས་ སྡེ་སྲིད་ཆོས་རྒྱལ་བཟང་པོ་གིས་ གྲུབ་དབང་ངག་དབང་དོན་ལྡན་མཆོག་ རྗེ་མཁན་ཁྲི་རབས་ཞེ་གཅིག་པའི་ཁྲི་ལུ་མངའ་གསོལ་ཞུ་གནང་ནུག།

སྡེ་སྲིད་ཀྱི་མཛད་པ་མཐའ་མ།[ཞུན་དག།]

སྡེ་སྲིད་ཆོས་རྒྱལ་བཟང་པོ་མཆོག་ སྡེ་ཁྲི་ལུ་བྱོན་པའི་ཤུལ་ལུ་ ཆོས་སྲིད་གཉིས་ལུ་ཕན་པའི་་ཕྱག་ལཱ་མང་རབས་ཅིག་མཛད་དེ་ མི་ལོ་གཉིས་དེ་ཅིག་ སྡེ་སྲིད་ཀྱི་ཁྲི་ལུ་བཞུགས་པའི་མཐའ་མར་ སྤྱི་ལོ་ ༡༨༨༡ རང་ལུགས་གནམ་ལོ་ལྕགས་སྦྲུལ་གྱི་ལོ་ལུ་ སྡེ་སྲིད་ཀྱི་ཁྲི་ཐོག་ཁ་ར་ དགོངས་པ་རྫོགས་སོ་ནུག་གོ།།

སྡེ་སྲིད་ཁྲི་རབས་ང་དྲུག་པ་ བླམ་ཚེ་དབང་ ༼བསོད་ནམས་རྒྱལ་མཚན་༽ གི་མཛད་རྣམ།[ཞུན་དག།]

སྡེ་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་བླམ་ཚེ་དབང་མཆོག་ ཐིམ་ཕུག་ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་ ཀ་ཝང་རྒེད་འོག་ ཀ་ཝང་བྱང་ས་ལུ་ ཐིམ་ཕུག་རྫོང་དཔོན་ཀ་ཤ་གི་སྲས་ལུ་སྐུ་འཁྲུངས་ནུག། སྡེ་སྲིད་མཆོག་གི་ཡབ་ཐིམ་རྫོངཔ་འབད་ནི་འདི་གིས་ སྡེ་སྲིད་མཆོག་ ཁོ་རའི་ཨ་པའི་བཀའ་དང་འཁྲིལ་ཏེ་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ རྫོང་གོང་མ་ཟེར་ ཐིམ་ཕུག་རྫོང་དཔོན་གྱི་སྒར་ལྟོའི་གྲས་ཁར་ ་འཛུལ་ཏེ་བཞུགས་ནུག། བླམ་ཚེ་དབང་གི་ཕོ་རྒནམ་ ཀ་ཝང་མ་མཁལ་དེ་ དབང་རྫོངཔ་དར་ལུང་སྟོབས་རྒྱས་ཀྱིས་ ཐིམ་ཕུག་རྫོང་དཔོན་ཁ་གསར་སྟོབས་རྒྱས་བཀྲོངས་པའི་ཤུལ་ལུ་ ཐིམ་ཕུག་རྫོང་དཔོན་སྦེ་བསྐོ་བཞག་མཛད་གནང་ནུག། ཨིན་རུང་ ཐིམ་ཕུག་རྫོང་དཔོན་ཁ་གསར་སྟོབས་རྒྱས་དེ་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་གྱི་སྐུ་ཉེ་འབད་ནི་འདི་གིས་ སྤུངས་རྫོང་པའི་དམག་རྒྱབ་སྦེ་ཁ་བཟེད་དེ་ ཕྱད་མདའ་རྐྱབ་པའི་སྐབས་ལུ་ ཁོང་ཀ་ཝངཔ་གཉིས་ཀྱི་བྱང་ཕྱད་ འཇིགས་མེད་རྣམ་རྒྱལ་ཨིན་པས། དབང་རྫོངཔ་དར་ལུང་སྟོབས་རྒྱས་གྱོངས་ཞིནམ་ལས་ ཀ་ཝང་བླམ་ཚེ་དབང་གིས་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་བཞུགས་སར་མགུ་བཏགས་ཏེ་ ཕྱག་ལེགས་ཤོམ་སྦེ་ཞུ་བ་ལུ་བརྟེན་ འཇིགས་མེད་རྣམ་རྒྱལ་གྱིས་ ཀ་ཝང་བླམ་ཚེ་དབང་དེ་ ཐིམ་རྫོང་པའི་གོ་གནས་ལུ་བསྐོ་བཞག་མཛད་གནང་ནུག།

སྡེ་ཁྲི་ལུ་བྱོན་པའི་ལོ་རྒྱུས།[ཞུན་དག།]

སྡེ་སྲིད་ཁྲི་རབས་ང་ལྔ་པ་ཆོས་རྒྱལ་བཟང་པོ་མཆོག་ སྤྱི་ལོ་ ༡༨༨༡ གི་ལོ་ལུ་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ར་གཤགས་སོཔ་ལས་ གོང་ས་ཨོ་རྒྱན་དབང་ཕྱུག་དང་ དགེ་འདུན་དམངས་འཛོམས་ཐོག་ལས་ ཐིམ་ཕུག་རྫོང་དཔོན་བླམ་ཚེ་དབང་འདི་ སྤྱི་ལོ་ ༡༨༨༢ གི་ལོ་ལུ་ སྡེ་སྲིད་ཁྲི་རབས་ང་དྲུག་པའི་ཁྲི་ལུ་མངའ་གསོལ་ཞུ་ནུག།

སྡེ་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་ སྤྱི་ལོ་ ༡༨༨༢ ལས་ ༡༨༨༤ ཚུན་ སྡེ་ཁྲི་བཟུང་སྟེ་ བསྟན་འགྲོ་དང་ཆོས་སྲིད་ལུགས་གཉིས་ལུ་ཕྱག་ཕྱིད་ཞུ་སྟེ སྡེ་ཁྲི་མི་ལོ་གཉིས་དེ་ཅིག་བཟུང་བའི་མཐའ་མར་ ཁྲི་ཐོག་ལུ་ར་གཤགས་སོ་ནུག་གོ།།

སྡེ་སྲིད་ཁྲི་རབས་ང་བདུན་པ་ མཆོད་དཔོན་དགའ་བ་བཟང་པོའི་མཛད་རྣམ།[ཞུན་དག།]

སྡེ་ཁྲི་ལུ་མ་བྱོན་པའི་ཧེ་མའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་མཆོག་ ཐིམ་ཕུག་ཝང་ཚོ་ཆེན་བརྒྱད་ཀྱི་ནང་གསེས་ དཀར་སྦིས་ས་འབྱུང་གཞི་ནང་ལུ་སྐུ་འཁྲུངས་ཡོདཔ་དང་ མཚན་དགའ་བ་བཟང་པོ་ཟེར་གསོལ་ནུག། དགའ་བ་བཟང་པོ་ཁོ་ར་སྐུ་ན་ཆུང་ཀུ་ཅིག་ལས་ར་ གྲྭ་ཚང་འདུས་སྡེ་ལུ་འཛུལ་བཞུགས་འབད་དེ་ གྲྭ་ཚང་གི་སྒྲིག་ལམ་ཆོས་གསུམ་དང་ གར་ཐིག་དབྱངས་གསུམ། དཀྱིལ་ཆོག་ཚུ་ལུ་ མཁས་པ་སྦྱངས་ཡོདཔ་མ་ཚད་ མཆོད་དཔོན་གྱི་ཕྱག་འགན་ཡང་བཞེས་ཏེ་བཞུགས་ནུག།

སྡེ་ཁྲི་ལུ་བྱོན་པའི་ལོ་རྒྱུས།[ཞུན་དག།]

སྡེ་སྲིད་ཁྲི་རབས་ང་དྲུག་པ་བླམ་ཚེ་དབང་མཆོག་ སྤྱི་ལོ་ ༡༨༨༤ ལུ་སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ར་གཤགས་སོཔ་ལས་ ཐིམ་ཕུག་རྫོང་དཔོན་ཨ་ལུ་རྡོ་རྗེ་གིས་ ཀྲོང་གསར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་ལུ་ བསྟུན་གྲོས་ཨ་ཙི་ཅིག་ར་མ་ཞུ་བར་ ཐག་རང་བཅད་ཐོག་ལས་ མཆོད་དཔོན་དགའ་བ་བཟང་པོ་དེ་ དབྱིན་ལོ་ ༡༨༨༤ གི་ལོ་ལུ་ སྡེ་སྲིད་ཁྲི་རབས་ང་བདུན་པའི་ཁྲི་ལུ་མངའ་གསོལ་ཞུ་ད་ནུག།

སྡེ་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་རྣམ་མཐའ་མ།[ཞུན་དག།]

མཆོད་དཔོན་དགའ་བ་བཟང་པོ་ཁོ་ར་སྡེ་ཁྲི་ཁར་བཞུགསཔ་ད་ ཐིམ་རྫོངཔ་ཨ་ལུ་རྡོ་རྗེ་དང་སྤུངས་རྫོངཔ་ཕུན་ཚོགས་རྡོ་རྗེ་གཉིས་ཀྱིས་ ཀྲོང་གསར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་ལུ་ངོ་རྒོལ་གྱི་ནང་འཁྲུག་ལངམ་ད་ སྤུངས་རྫོངཔ་དང་ཐིམ་རྫོངཔ་གཉིས་ཕམ་སོཔ་ལས་ སྤུངས་རྫོངཔ་ཕུན་ཚོགས་རྡོ་རྗེ་དང་ཐིམ་རྫོངཔ་ཨ་ལུ་རྡོ་རྗེ་གཉིས་ཆ་ར་ བོད་ཕྱོགས་ལུ་བྱོག་ཡར་སོ་ནུག། དེའི་ཤུལ་ལུ་ར་ སྡེ་སྲིད་མཆོད་དཔོན་མཆོག་ སྡེ་ཁྲི་ལུ་བག་མ་ཆགས་པར་ སྤྱི་ལོ་ ༡༨༨༥ གི་ལོ་འགོ་བཙུགས་ཁམས་ལུ་ སྡེ་ཁྲི་ལས་དགོངས་ཞུ་མཛད་གནང་ནུག། སྡེ་སྲིད་ཁྲི་རབས་ང་བདུན་པ་མཆོད་དཔོན་དགའ་བ་བཟང་པོ་མཆོག་ སྡེ་ཁྲི་ལས་དགོངས་ཞུ་མཛད་པའི་ཤུལ་ལུ་ མདོ་སྡེ་བྲག་གི་དགོན་པ་ལུ་བྱོན་ཏེ་བཞུགསཔ་ད་ ཀྲོང་གསར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་གིས་ སྡེ་སྲིད་ཁྲི་ཟུར་ལུ་ འབུལ་བ་ཐོབ་ལམ་དང་འཁྲིལ་ ག་ཨིནམ་སྦེ་ཕུལ་ཏེ་ མདོ་སྡེ་བྲག་གི་དགོན་པ་ལུ་ མི་ལོ་ཉེར་དྲུག་དེ་ཅིག་བཞུགས་པའི་ཤུལ་ལུ་ དགོངས་པ་རྫོགས་སོ་ནུག་གོ།།

སྡེ་སྲིད་ཁྲི་རབས་ང་བརྒྱད་པ་ དབྱངས་སློབ་སངས་རྒྱས་རྡོ་རྗེའི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཀྱི་ཁྲི་ཐོག་ལུ་མ་བྱོན་གོང་གི་མཛད་པ། སྡེ་སྲིད་དབྱངས་སློབ་སངས་རྒྱས་རྡོ་རྗེ་མཆོག་ སྤ་རོ་ སྤང་པའི་ས་ལུ་ གཏེར་སྟོན་ཤེས་རབ་མེ་འབར་གྱི་དབོན་ལུ་ སྤྱི་ལོ་ ༡༨༣༩ གི་ལོ་ལུ་ སྐུ་འཁྲུངས་ཡོདཔ་ད་ མཚན་ལུ་ སངས་རྒྱས་རྡོ་རྗེ་ཟེར་གསོལ་ནུག། སྐུ་ན་ཆུང་ཀུའི་བསྒང་ལས་ར་ གཞུང་དགེ་འདུན་གྱི་སྡེ་ལུ་བཞུགས་ཏེ་ གཞུང་གི་སྒྲིག་ལམ་དང་ གར་ཐིག་དབྱངས་གསུམ་ དེ་ལས་ཤེས་བྱ་མང་པོ་ཅིག་ལུ་མཁས་པ་སྦྱངས་ཡོད་པ་ལུ་བརྟེན་ དབྱངས་སློབ་ཀྱི་གོ་གནས་བཞེས་གནང་ཡོདཔ་མ་ཚད་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་མཆོག་ སྡེ་ཁྲི་ལུ་བྱོན་གནངམ་ད་ བཀའ་བགྲོསཔ་མཛད་གནང་ནུག།
སྡེ་སྲིད་ཁྲི་རབས་ང་བརྒྱད་པའི་ཁྲི་ལུ་བྱོན་གནང་པའི་སྐོར། སྡེ་སྲིད་ཁྲི་རབས་ང་བདུན་པ་ དགའ་བ་བཟང་པོ་མཆོག་ སྤྱི་ལོ་ ༡༨༨༥ གི་ལོ་ལུ་ གོང་ས་ཨྱོན་དབང་ཕྱུག་གིས་ དགོངས་ཡངས་གནང་པའི་ཤུལ་ སྡེ་ཁྲི་ལུ་བཞུགས་མི་ག་ཡང་མེདཔ་ལས་ སྡེ་ཟུར་དགའ་བ་བཟང་པོ་གི་ཚབ་ལུ་ དབྱངས་སློབ་སངས་རྒྱས་རྡོ་རྗེ་བསྐོ་བཞག་མཛད་གནང་ནུག།
སྡེ་ཁྲི་ལུ་བྱོན་པའི་ཤུལ་གྱི་མཛད་པ། སྡེ་སྲིད་མཆོག་ ཧེ་མ་ལས་ དགེ་འདུན་གྱི་སྡེ་ནང་བཞུགས་མི་ཅིག་འབད་ནི་འདི་གིས་ ཆོས་ལུགས་མི་ཉམས་གོང་འཕེལ་གྱི་ཕྱག་ལཱ་མཛད་གནང་ཡོདཔ་མ་ཚད་ སྲིད་ཀྱི་ལུགས་ཡང་ རང་གིས་ཆོས་ལུགས་ལུ་རྩིས་བཀུར་མཛད་དོ་བཟུམ་སྦེ་ར་ སྲིད་ཀྱི་ལུགས་ལུ་ཡང་རྩིས་བཀུར་མཛད་དེ་ རྒྱལ་ཁབ་ཀྱི་ངོ་རྟགས་བཟང་པོ་ ཆོས་སྲིད་གཉིས་ཀྱི་ལུགས་སྲོལ་བཟང་པོ་ མི་ཉམས་གོང་འཕེལ་གྱི་ཕྱག་འགན་བཞེས་གནང་ནུག། དེ་མ་ཚད་ སྡེ་སྲིད་ཁོ་བོའི་སྐབས་ལུ་ སྐྱབས་རྗེ་ཁྲི་རབས་ ༤༡ ངག་དབང་དོན་གྲུབ་མཆོག་ རྗེའི་ཁྲི་ལུ་ར་དགོངས་པ་རྫོགས་སོངམ་ལས་ སྤྱི་ལོ་ ༡༨༨༦ གི་ལོ་འདི་ལུ་ར་ ཆོས་རྗེ་ཕྲིན་ལས་རྒྱལ་མཚན་མཆོག་ རྗེའི་ཁྲི་ལུ་མངའ་གསོལ་མཛད་གནང་ཡོདཔ་ཨིན་རུང་ ཆོས་རྗེ་མཆོག་ རྗེའི་ཁྲི་ཐོག་ལུ་ ལོ་གཉིས་བཞུགས་པའི་ཤུལ་ལུ་ དགོངས་ཞུ་མཛད་གནང་ནུག། ཆོས་རྗེ་སྐྱབས་རྗེའི་ཁྲི་ལས་ དགོངས་ཞུ་མཛད་གནང་པའི་ཤུལ་ ཁོ་བོའི་ཚབ་ལུ་ སྒྲ་སློབ་བསྟན་འཛིན་ལྷུན་གྲུབ་མཆོག་ རྗེ་ཁྲི་རབས་ ༤༣ པའི་ཁྲི་ལུ་ མངའ་གསོལ་མཛད་གནང་ཡོདཔ་དང་ སྒྲ་སློབ་ཁོ་བོ་ཡང་ ཁྲི་ཐོག་ལུ་ དགོངས་པ་རྫོགས་སོངམ་ལས་ ལོག་སྟེ་ར་ ཆོས་རྗེ་འཕྲིན་ལས་རྒྱལ་མཚན་མཆོག་ རྗེ་ཁྲི་རབས་ ༤༤ པའི་ཁྲི་ཐོག་ལུ་མངའ་གསོལ་མཛད་གནང་ནུག། སྤྱི་ལོ་ ༡༨༩༡ པའི་ལོ་ལུ་ རྗེ་ཆོས་རྗེ་མཆོག་ དགོངས་ཞུ་མཛད་གནངམ་ལས་ གྲུབ་དབང་འཕྲིན་ལས་རྒྱ་མཚོ་མཆོག་ རྗེ་ཁྲི་རབས་ ༤༥ པའི་ཁྲི་ལུ་ མངའ་གསོལ་མཛད་གནང་ནུག། ཨིན་རུང་ གྲུབ་དབང་འཕྲིན་ལས་རྒྱ་མཚོ་མཆོག་ ཁྲི་ཐོག་ལུ་ ལོ་གསུམ་བཞུགས་པའི་ཤུལ་ ཁྲི་ཐོག་ཁར་དགོངས་པ་རྫོགས་སོངམ་ལས་ སྤྱི་ལོ་ ༡༨༩༤ གི་ལོ་ལུ་ གྲུབ་དབང་དམ་ཆོས་རྒྱལ་མཚན་མཆོག་ རྗེ་ཁྲི་རབས་ ༤༦ པའི་ཁྲི་ལུ་མངའ་གསོལ་མཛད་གནང་ནུག། གོང་གི་རྗེ་བཞིན་ རྗེ་མཁན་ཁྲི་རབས་ ༤༦ པ་གྲུབ་དབང་དམ་ཆོས་རྒྱལ་མཚན་མཆོག་ཡང་ རྗེའི་ཁྲི་ཐོག་ལུ་ར་ དགོངས་པ་རྫོགས་སོངམ་ལས་ སྤྱི་ལོ་ ༡༨༩༩ གི་ལོ་ལུ་ རྣལ་འབྱོར་པ་ཤེས་རབ་ལྷུན་གྲུབ་མཆོག་ རྗེ་མཁན་ཁྲི་རབས་ ༤༧ པའི་ཁྲི་ལུ་མངའ་གསོལ་ཞུ་ནུག། རྗེ་ཤེས་རབ་རྒྱལ་མཚན་མཆོག་གིས་ སྤྱི་ལོ་ ༡༩༠༡ གི་ལོ་ལུ་ དགོངས་ཞུ་མཛད་ནི་འདི་གིས་ གྲུབ་དབང་འཇམ་དབྱངས་རིན་ཆེན་མཆོག་ རྗེ་མཁན་ཁྲི་རབས་ ༤༨ པའི་ཁྲི་ལུ་ མངའ་གསོལ་མཛད་གནང་ནུག།
སྡེ་སྲིད་མཆོག་གི་མཛད་པ་མཐའ་མ། སྡེ་སྲིད་ཁྲི་རབས་ང་བརྒྱད་པ་ སངས་རྒྱས་རྡོ་རྗེ་མཆོག་གིས་ རྒྱལ་ཁབ་བདེ་སྐྱིད་ཀྱི་ངང་ལུ་ མི་ལོ་བཅོ་བརྒྱད་ཀྱི་རིང་ སྡེ་སྲིད་བཟུང་གནང་བའི་ཤུལ་ སྤྱི་ལོ་ ༡༩༠༣ ཆུ་ཡོས་ཀྱི་ལོ་ལུ་ སྡེ་སྲིད་ཀྱི་ཁྲི་ཐོག་ལུ་ དགོངས་པ་རྫོགས་སོ་ནུག།

སྡེ་སྲིད་ཁྲི་རབས་མཐའ་མ་ང་དགུ་པ་ ས་སྐྱོང་མི་དབང་གསུང་སྤྲུལ་ཕྱོགས་ལས་སྐུ་འཕྲེང་ལྔ་པ་ ཡེ་ཤེས་དངོས་གྲུབ་མཆོག་གི་མཛད་རྣམ།[ཞུན་དག།]

༡༽ སྡེ་སྲིད་མ་མཛད་གོང་གི་མཛད་རྣམ།[ཞུན་དག།]

དང་པ་སྡེ་སྲིད་ང་དགུ་པའི་སྐུ་འཁྲུངས་ཤིང་མཚན་གསོལ་གནང་ཚུལ་སྐོར།[ཞུན་དག།]

ཞབས་དྲུང་་གསུང་སྤྲུལ་སྐུ་འཕྲེང་ལྔ་པ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ནི་ བུམ་ཐང་སྟང་ཆུ་སྟོད་ཀྱི་གཡུས་ཚན་ནང་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ང་གཅིག་ གནམ་ལོ་ལྕགས་ཕག་ལོ་ལུ་ སྐུ་འཁྲུངས་ནུག། སྐུ་ན་ཆུང་ཀུ་སྦེ་བཞུགས་པའི་སྐབས་མཚན་རིག་འཛིན་རྒྱ་མཚོ་ཟེར་གསོལ་ཡོདཔ་ཨིན་རུང་ ཤུལ་ལས་བླ་མ་ཁྲི་པའི་ཁྲི་ཐོག་ལུ་མངའ་གསོལ་མཛད་དེ་ རྗེ་ཁྲི་ཟུར་ཡོན་ཏན་རྒྱལ་མཚན་གྱིས་ མཚན་ཡེ་ཤེས་དངོས་གྲུབ་ཟེར་གསོལ་གནང་ནུག།

གཉིས་པ་སྐུ་ཡོན་བཞེས་ཏེ་བླ་མ་ཁྲི་པར་མངའ་གསོལ་མཛད་ཚུལ།[ཞུན་དག།]

སྐུ་ན་ཆུང་ཀུ་ལས་ ཞབས་དྲུང་གསུང་སྤྲུལ་ཕྱོགས་ལས་བཞི་པ་ འཇིགས་མེད་རྡོ་རྗེའི་སྐུ་སྐྱེས་གསལ་ཏོག་ཏོ་སྦེ་གསུངས་ཏེ་ གདན་ས་གསང་སྔགས་ཆོས་འཁོར་ལུ་གདན་འདྲེན་ཞུ་སྟེ་ སྤྲུལ་སྐུའི་ངོས་འཛིན་དང་ཁྲི་མངའ་གསོལ་ཞུ་གནང་ནུག། དེ་ལས་རྗེ་ཁྲི་ཟུར་ཡོན་ཏན་རྒྱལ་མཚན་གྱིས་ མཚན་ཡང་ཡེ་ཤེས་དངོས་གྲུབ་ཟེར་གསོལ་དགོ་མི་ཡང་ མཁན་ཆེན་ཁྲི་རབས་སོ་གཅིག་པ་ཡོན་ཏན་རྒྱལ་མཚན་དང་ ཡོངས་འཛིན་ངག་དབང་དོན་ལྡན་ལས་ སྐུ་ཡོན་དང་དབང་ལུང་ཁྲིད་གསུམ་གསན་ཏེ་ དགུང་ལོ་བཅུ་བཞི་བཞེས་པའི་ སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་དྲུག་ཅུ་རེ་ལྔ་ ༡༨༦༥ ཤིང་གླང་ལོར་ བླ་མ་ཁྲི་པ་བཅོ་ལྔ་པའི་ཁྲི་ལུ་མངའ་གསོལ་བའི་སྐབས་ཨིན་པས།

གསུམ་པ་འཇིག་རྟེན་ཐ་སྙད་དང་ མཐར་ཐུག་དོན་དམ་པའི་ཆོས་མཁྱེན་པའི་བདག་ཉིད་དུ་འགྱུར་ཚུལ།[ཞུན་དག།]

དེ་ཡང་སྤྱི་ལོ་ ༡༨༦༩ འི་ལོ་མཇུག་ལུ་ གསོལ་ཐབ་སྤུ་ན་ཁ་ལུ་ཕེབས་ཅིག་ བླམ་ཁྲི་པ་བཅུ་དྲུག་པའི་ཁྲི་ལུ་ཞབས་དྲུང་ཐུགས་སྤྲུལ་ལྔ་པ་འཇིགས་མེད་ཆོས་རྒྱལ་ཕེབས་ཞིནམ་ལས་ གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ གདན་ས་གསང་ཆེན་ཆོས་འཁོར་ལུ་ཕེབས་ཏེ་ རིམ་གཉིས་བསྐྱེད་རྗོགས་ཀྱི་སྒོམ་པ་གནང་སྟེ་ རྟོགས་པས་རང་རྒྱུད་གྲོལ་ཞིང་ཐུགས་རྗེ་གིས་ གཞན་རྒྱུད་གྲོལ་བའི་ངོ་བོ་གཅིག་ལུ་གྱུར་པ་ལས་བརྟེན་ སྔོན་གྱི་རིང་ལུ་བྱུང་མ་མྱོང་བའི་ དཔལ་ལྡན་འབྲུག་པའི་ཆོས་སྐོར་ལན་ཐེངས་བཅུ་གསུམ་གྱི་བར་དུ་གནང་ཞིནམ་ལས་ ཆོས་ཀྱི་རྒྱུན་ཆུ་བོ་གངྒ་ལས་རིངམ་སྦེ་མཛད་ནུག། ལྷག་པར་དུ་ རིག་པའི་གནས་ལུ་མཁས་པ་དང་ལྷག་པར་དུ་ཕྱག་བཟོའི་ཕྱག་ལཱ་ ཞབས་དྲུང་སྐུ་གོང་མ་བཟུམ་སྦེ་ར་ མཁྱེན་པ་ལས་བརྟེན་ ནས་རྡོག་གཅིག་ལུ་བཅུ་གཅིག་ཞལ་རྒྱན་ཆ་ལུགས་ཡོངས་རྗོགས་ བརྐོས་གནངམ་མ་ཚད་ གདན་ས་སྤུང་ཐིམ་གཉིས་ལུ་ཡང་ ལྷ་མོ་རེ་མ་ཏིའི་ཞལ་འབགཔ་དང་ རྒྱལ་བའི་སྐུ་བརྙན་མང་རབས་ཅིག་བཞེངས་གནང་ནུག།

བཞི་པ་སྡེ་སྲིད་ཁྲི་ལས་ཟུར་ཏེ་ཁོ་རའི་གདན་སར་གནས་ཡོདཔ།[ཞུན་དག།]

གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ནི་ སྡེ་སྲིད་ཁྲི་ལས་ཟུར་ཏེ་ ཁོ་རའི་གདན་ས་གསང་ཆེན་ཆོས་འཁོར་ལུ་བྱོན་ཏེ་བཞུགས་མི་དེ་ཡང་ སྤྱི་ལོ་ ༡༨༧༨ དེ་ཅིག་ལུ་ ཐིམ་རྫོང་པ་དངོས་གྲུབ་ཀྱིས་ སྡེ་སྲིད་ཁྲི་ཟུར་མི་རྗེ་འཇིགས་མེད་རྣམ་རྒྱལ་ལུ་ངོ་རྒོལ་འབད་བའི་སྐབས་ སྡེ་སྲིད་ཁྲི་ལུ་སྐྱེད་ཚལ་པ་རྡོ་རྗེ་རྣམ་རྒྱལ་ཡོད་རུང་ དེ་ལུ་སྔོན་རྩིས་མ་བལྟ་བར་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་སྤུ་ན་ཁ་ལུ་སྦེ་ སྡེ་ཁྲིར་བཏོན་ཡོདཔ་ཨིན་རུང་ ཟླཝ་མ་ལངམ་ལས་ར་ སྤུངས་རྫོང་པ་ནི་ཕམ་སྟེ་ བྲོས་ཟུར་སོངམ་ད་སྡེ་སྲིད་ཁྲི་ལས་ཟུར་ཏེ་ ཁོ་རའི་གདན་ས་གསང་ཆེན་ཆོས་འཁོར་ལུ་བྱོན་ཏེ་བཞུགས་ནུག།

༢༽ སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་རྣམ།[ཞུན་དག།]

སྡེ་སྲིད་ཁྲི་རབས་ང་བརྒྱད་པ་ དབྱངས་སློབ་སངས་རྒྱས་རྡོ་རྗེ་མཆོག་ནི་ སྤྱི་ལོ་ ༡༩༠༣ གྱི་ཆུ་ཡོས་ལོ་ལུ་ སྡེ་སྲིད་ཁྲི་ཐོག་ལུ་དགོངས་པ་རྫོགས་ཡོདཔ་ལས་ གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ དགུང་ལོ་ང་གསུམ་པའི་ཐོག་ལུ་ གཞུང་ལྷན་རྒྱས་ཚོགས་ཀྱི་ཁྲི་འཛིན་ ཀྲོང་གསར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་གིས་སྦེ་ སྡེ་སྲིད་ཁྲི་རབས་ལྔ་བཅུ་ང་དགུ་པའི་ཁྲི་ལུ་མངའ་གསོལ་ཞུ་མི་དེ་ སྡེ་སྲིད་ཁྲི་རབས་ཀྱི་མཐའ་མ་ཨིན་མས།

༣༽ སྡེ་སྲིད་ཁྲི་ཐོག་གི་ཕྱག་ཤུལ།[ཞུན་དག།]

དང་པ་མཁན་ཆེན་ཁྲི་རབས་ ༤༩ པའི་རབ་གནས།[ཞུན་དག།]

གྲུབ་དབང་རིག་འཛིན་སྙིང་པོ་མཆོག་ནི་ མཁན་ཆེན་ཁྲི་རབས་ ༤༩ པའི་ཆོས་ཀྱི་ཁྲི་ལུ་ འཇམ་དབྱངས་རིན་ཆེན་མཆོག་ སྤྱི་ལོ་༡༩༠༣ ལུ་མཁན་ཆེན་ཁྲི་རབས་ ༤༨ ལུ་དགོངས་ཞུ་བྱོནམ་ལས་བརྟེན་ མངའ་གསོལ་མཛད་གནང་ནུག།

གཉིས་པ་སྤ་རོ་ཀུན་དགའ་ཆོས་གླིང་གདན་ས་བཅགས་པ།[ཞུན་དག།]

སྤྱི་ལོ་ ༡༩༠༤ ལུ་ གདན་ས་གསང་ཆེན་ཆོས་འཁོར་གྱི་ཞོལ་ལུ་ ཀུན་དགའ་ཆོས་གླིང་གི་གདན་ས་ག་ནི་ལས་མཛེས་ཆོས་དང་ བཀོད་པ་ཕུལ་དུ་ཕྱིན་པའི་གདན་ས་འདི་ཡང་བཅགས་ཏེ་གནང་ནུག།

༤༽ སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ།[ཞུན་དག།]

སྤྱི་ལོ་ ༡༩༠༦ མེ་རྟ་ལོར་ གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ནི་ སྡེ་སྲིད་ཁྲི་ཐོག་ལུ་བཞུགས་པའི་མཛད་པ་མཐའ་མ་ར་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོར་མངའ་གསོལ་ཞུ་ནི་ལུ་ རྒྱབ་སྐྱོར་མཛད་དེ་ མ་འོངས་འབྲུག་རྒྱལ་ཁབ་ཀྱི་ཕན་བདེ་ བླ་ན་མེད་པའི་རྩ་བར་མཛད་གནང་ཞིནམ་ལས་ སྡེ་ཁྲི་ལས་དགོངས་ཞུ་མཛད་དེ་ གདན་ས་གསང་ཆེན་ཆོས་འཁོར་ལུ་བྱོན་ཏེ་བཞུགས་ནུག།

༥༽ སྡེ་སྲིད་ཁྲི་ལས་དགོངས་ཞུའི་ཐ་མ་མཁན་པོའི་ཁྲི་ཐོག་བྱོན་པ།[ཞུན་དག།]

དེ་ཡང་ སྡེ་སྲིད་ཁྲི་ལས་དགོངས་པ་ཞུས་ཏེ་ ལོ་ངོ་ ༩ དེ་ཅིག་ལངམ་ད་ སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཅོ་ལྔ་ (༡༩༡༥) ཤིང་ཡོས་ལོ་ལུ་ མཁན་ཆེན་ཁྲི་རབས་ ༥༢ པ་ དཔལ་ལྡན་སེངྒེ་དགོངས་ཞུས་བྱོནམ་ལས་ འབྲུག་རྒྱལ་དང་པ་ཨོ་རྒྱན་དབང་ཕྱུག་མཆོག་གིས་ ཞབས་དྲུང་གསུང་སྤྲུལ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ མཁན་ཆེན་ཁྲི་རབས་ ༥༣ པའི་ཁྲི་ལུ་མངའ་གསོལ་ཞུ་སྟེ་ ལོ་ངོ་གཉིས་ཀྱི་རིང་ དཔལ་ལྡན་འབྲུག་པའི་ཆོས་ཀྱི་དབུ་ཁྲིད་མཛད་གནང་ནུག། དེ་ལས་ སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བདུན་ (༡༩༡༧) མེ་སྦྲུལ་ལོའི་སྐབས་ འབྲུག་རྒྱལ་ཁབ་ཀྱི་ནང་རྟེན་གཙོ་བོ་ ཞབས་དྲུང་མ་ཆེན་གྱི་བཞུགས་ཁང་རྣམ་རྒྱལ་ཁང་བཟང་གསར་བཞེངས་གནང་སྟེ་ཕུལཝ་ད་ སྐུ་དམར་གདུང་གཉེན་པོ་ཞལ་ཕྱེ་བའི་རྐྱེན་བཟུམ་ཅིག་གིས་སྦེ་ མཁན་པོ་ཁྲི་ཐོག་ལས་ཞིང་བྱོན་སོ་ནུག།

ཁུངས་གཏུག།[ཞུན་དག།]

  1. སངས་རྒྱས་རྡོ་རྗེ། (༢༠༡༧) འབྲུག་གི་སྡེ་སྲིད་ཁྲི་རབས་རིམ་བྱོན་གྱི་མཛད་རྣམ་དེབ་ཐེར་དཔྱོད་ལྡན་དགྱེས་པའི་དོ་ཤལ།
  2. དགེ་འདུན་རིན་ཆེན། (༢༠༡༧) དཔལ་ལྡན་འབྲུག་པའི་གདུལ་ཞིང་ལྷོ་ཕྱོགས་ནགས་མོའི་ལྗོངས་ཀྱི་ཆོས་འབྱུང་བློ་གསར་རྣ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།