སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ།

Wikipedia ལས།

༉ སྤྱིར་འཛམ་གླིང་ནང་ མཐོ་རིམ་སློབ་གྲྭ་ལེ་ཤ་ཡོདཔ་བཞིན་དུ་ དཔལ་ལྡན་འབྲུག་གི་རྒྱལ་ཁབ་ནང་ལུ་ཡང་ མཐོ་རིམ་སློབ་གྲྭ་བཅུ་གསུམ་ཡོདཔ་ཨིན། མཐོ་རིམ་སློབ་གྲྭ་བཅུ་གསུམ་གྱི་གྲས་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་འདི་ སྤྱི་ལོ་ ༡༩༧༥ གི་ལོ་ལུ་ སློབ་ཕྲུག་གཅེས་སྐྱོང་སློབ་སྦྱོང་ལྟེ་བ་སྦེ་གཞི་བཙུགས་འབད་ནུག། དེ་གི་ཤུལ་ལས་ སྤེལ་ཁང་འདི་ནང་ལུ་ སློབ་གྲྭ་ཆུང་བའི་སློབ་དཔོན་སློབ་སྦྱོང་གི་ལས་རིམ་འགོ་བཙུགས་ཏེ་ སྤ་རོ་སློབ་དཔོན་སློབ་སྦྱོང་ལྟེ་བ་ཟེར་ མིང་བཏགས་ཏེ་ སློབ་ཕྲུག་ ༣༠༠ དེ་ཅིག་འཛུལ་ཞུགས་འབད་ནུག།སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ (ལོ་མེད་) ཡོངས་འབྲེལ་འཆར་སྒོ་ www.pce.edu.bt ལྟར་དུ་སྦེ་བ་ཅིན་ སྤྱི་ལོ་ ༡༩༩༩ གི་ལོ་ལུ་ རྫོང་ཁ་དང་ཨིང་ལིཤ་གི་ སློབ་དཔོན་སློབ་སྦྱོང་ལས་རིམ་འགོ་བཙུགས་གནང་ནུག། དེ་ལས་ ལོ་དེ་ཁ་ར་ མི་དབང་རྒྱལ་ཡུམ་ཨ་ཞེ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ མཐོ་རིམ་སློབ་གྲྭའི་ཤེས་ཡོན་གྱི་སྒྲིང་ཁྱིམ་ཚུ་ འགོ་འབྱེད་རྟེན་འབྲེལ་མཛད་པའི་ཤུལ་ལུ་ སློབ་ཕྲུག་འཛུལ་ཞུགས་ཀྱི་གྱངས་ཁ་ཡང་ ལོག་ལྟབ་ཀྱིས་ཡར་སེང་སོང་ནུག།

དེ་ལས་ སྤྱི་ལོ་ ༢༠༠༦ སྤྱི་ཟླ་ ༩ པ་ལུ་ རྒྱལ་ཡོངས་ཤེས་རིག་སྤེལ་ཁང་འདི་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ཟེར་ མིང་བཏགས་ནུག། དེ་ཡང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་འདི་ སྤྱི་ལོ་ ༢༠༠༣ ལུ་གཞི་བཙུགས་མཛད་པའི་ཤུལ་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་འདི་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་ལུ་བཙུགས་ནུག། འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ འཛིན་སྐྱོང་ཐབས་བཞིན་དུ་ ད་རེས་ མཐོ་རིམ་སློབ་གྲྭ་འདི་ནང་ལུ་ སློབ་ཕྲུག་ ༡༥༠༠ དེ་ཅིག་གི་རྩིས་དང་ ལེགས་སྦྱར་བ་ ༧༠ དེ་ལས་ ལས་བྱེདཔ་ ༤༠ དེ་ཅིག་ཡོདཔ་ཨིན་མས།མཐོ་རིམ་སློབ་གྲྭ་འདི་གིས་ སློབ་ཕྲུག་ཚུ་ལུ་ གཙུག་ལག་འོག་མ་དང་ གཙུག་ལག་མཐོ་རིམ། དེ་ལས་ མཐོ་རིམ་གོང་མའི་ཤེས་ཚད་

ལས་རིམ་ཚུ་བྱིན་དོ་ཡོདཔ་མ་ཚད་ ཤེས་ཡོན་འགོ་ཁྲིདཔ་དང་འཛིན་སྐྱོང་ནང་ལུ་ གཙུག་ལག་མཐོ་རིམ་ཤེས་ཚད་ཚུ་ཡང་ བྱིན་དོ་ཡོདཔ་ཨིན་པས།

སྤ་རོ་ཤེས་རིག་མཐོ་རིམ་སློམ་གྲྭ་ གཞི་བཙུགས་གནང་དགོ་པའི་དམིགས་ཡུལ་གཙོ་བོ་ར་ ཡོངས་འབྲེལ་ཡུ་ཊབ་ (ལོ་མེད) ལས་འབད་བ་ཅིན་ “རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་འབྲེལ་བའི་ ཤེས་རིག་རིག་རྩལ་ཚུ་བྱིན་ཏེ་ སློབ་སྦྱོང་འབད་མི་ཚུ་མཁས་མཆོག་དང་ འཇོན་ཐངས་ཅན་བཟོ་ནི་ དེ་ལས་ ཞིབ་འཚོལ་གྱི་ཤེས་ཡོན་དང་ བསམ་སྤྱོད་ཡར་འཕེལ་བཏང་སྟེ་ དུས་ཀྱི་འཕོ་འགྱུར་དང་འབྲེལ་བའི་དགོས་མཁོ་དང་བསྟུན་ ལས་རིམ་དང་གྲོས་བསྟུན་ཞབས་ཏོག་ཚུ་གི་ གོ་སྐབས་བྱིན་ཞིནམ་ལས་ སློབ་སྦྱོང་པ་ཚུ་གི་རྒྱུད་ལུ་ ཤེས་ཡོན་དང་བསམ་སྤྱོད་ དེ་ལས་ མི་སྡེ་ཡར་དྲག་གི་སྐོར་ལས་ ཤེས་ཡོན་ག་དེ་དྲག་དྲག་བྱིན་ཚུགསཔ་བཟོ་ནི།” ཟེར་བཀོད་ནུག།

རྒྱབ་རྟེན།

སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ། (ལོ་མེད) ཡོངས་འབྲེལ་འཆར་སྒོ། www.pce.edu.bt

ཡོངས་འབྲེལ་ཡུ་ཊབ། (ལོ་མེད)འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ།https://www.youtube.com/watch?v=LmHYci8c4mI