སྨན་ལྗོངས་གཞི་ཚོགས།

Wikipedia ལས།

༉ སྨན་ལྗོངས་གཞི་ཚོགས་འདི་ རྒྱལ་ཁབ་ཀྱི་མཐའ་ཟུར་ལས་ཕར་སྡོད་མི་ མི་སེར་མཉམ་ཆུང་དགོས་མཁོ་ཚུ་འགྲུབ་ནི་ལུ་གཙོ་བོར་བཏོན་ནི་དང་དེ་ཚུ་ལུ་གྲོགས་རམའབད་ནི་ལུ་བརྩོན་ཤུགས་བསྐྱེད་དེ་ལཱ་འབད་མིཁེ་མིན་ལས་ཚོགས་ཅིག་ཨིན་མས། གཞི་ཚོགས་འདི་གི་ལཱ་ཡང་ཁེབ་ས་གི་དོན་ལུ་དམིགས་ཏེ་མེན་པར་ སྦྱིན་སེམས་ཀྱི་ཐོག་ལས་ལཱ་འབད་ནི་དང་གཅིག་ཁར་བྱམས་སྙིང་ཅན་གྱི་རྒྱུད་སྐུལ་དང་ ཆོས་འབྲེལ་གྱི་ཐོག་ལས་མི་མང་ལུ་ཞབས་ཏོག་ཞུ་ནི་འདི་ཨིན་མས། རྒྱལ་ཁབ་འདི་གོང་འཕེལ་འགྱོ་དགོ་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འགྲུབ་ནི་འདི་གལ་ཆེ་བའི་དགོས་དོན་ཅིག་ཨིན་ཟེར་ཡིད་ཆེས་བསྐྱེད་དོ་ཡོདཔ་ལས་ དེ་གིས་སྦེ་ སྨན་ལྗོངས་གཞི་ཚོགསཀྱིས་ ང་བཅས་རའི་རྒྱལ་ཁབ་ཀྱི་དགོངས་བཞེད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་འགྲུབ་ཐབས་ལུ་ དེའི་ཀ་ཆེན་བཞིཔོ་འདི་ལུ་ལྷན་ཐབས་འབད་ནིའི་དམིགས་པ་བསྐྱེད་དེ་་མཉམ་རུབ་ཀྱི་འགན་ཁུར་འབག་སྟེ་ཕྱག་ཞུ་དོ་ཡོདཔ་ཨིན་མས། གཞུང་གིས་མི་མཉམ་ཆུང་གོང་འཕེལ་གཏང་ནིའི་འཆར་གཞི་དང་གཞི་ཚོགས་མ་འདྲཝ་ག་དེམ་ཅིག་གཞི་ཚོགས་འབད་དེ་འབད་རུང་ མཐའ་ཟུར་གྱི་གཡུས་སྒོ་་ཚུ་ནང་གསོ་བའི་ཞབས་ཏོག་དང་སློབ་གྲྭ་ལུ་མཁོ་བའི་མཁོ་ཆས་ དེ་ལས་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་སྣང་བ་ཚུ་ད་ལྟོ་ཡང་དཀོན་དྲགས་སྦེ་ཡོདཔཨིན་མས། གནད་དོན་དེ་ལུ་བརྟེན་ཏེ་ སྨན་ལྗོངས་གཞི་ཚོགསའདི་ སྤྱི་ལོ་ ༢༠༡༡ གི་ལོ་ལུ་ མི་སྡེ་དང་མི་རེ་རེ་བཞིན་གྱི་མི་ཚེའི་ཡར་དྲག་བཟོ་ཐབས་ལུ་དང་ འདྲ་མཉམ་དང་ཡུན་བརྟན་གོང་འཕེལ་ དེ་ལས་ གཞུང་སྐྱོང་ལེགས་ལྡན་ལུ་གྲོགས་རམ་འབད་ནི་དང་། དེ་མ་ཚད་ རྒྱལ་ཁབ་ཀྱི་རང་ལུགས་དང་ལམ་སྲོལ། དེ་ལས་རང་བཞིན་མཐའ་འཁོར་གནས་སྟངས་ཚུ་མི་ཉམས་རྒྱུན་སྐྱོང་འབད་ནིའི་དོན་ལུ་ སྨན་ལྗོངས་གཞི་ཚོགས་འདི་འགོ་བཙུགས་གནང་ཡོདཔ་ཨིན་མས། སྨན་ལྗོངས་གཞི་ཚོགས། ༢༠༡༧ གཞི་ཚོགས་འདི་གི་འཆར་གཞི་ཡང་ གཞན་དོན་ལུ་གཅིག་རུབ་ཀྱི་ཐོག་ལས་རྒྱུད་སྐུལ་བཟང་པོ་འབད་དེ་ དོན་ཁུངས་ཡོད་པའི་ལཱ་འབད་ནི་དང་། སྨན་ལྗོངས་གཞི་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་འགྱོ་ནི་ལུ་འདྲ་མཉམ་སྦེ་གྲོགས་རམ་འབད་ཐབས་ལུ་ཐོབ་ལམ་ཉུང་བའི་ཨ་ལུ་དང་མི་སྡེ་ཚུ་ལུ་ཞབས་ཏོག་ཚུ་འདྲ་མཉམ་སྦེ་བྱིན་ནི་ལུ་བརྩོན་ཤུགས་བསྐྱེད་ནིའི་དམིགས་གཏད་སྐྱེདཔ་ཨིན་མས། དེ་བཟུམ་སྦེ་ གཞི་ཚོགས་དེའི་དམིགས་ཡུལ་ཡང་ བྱམས་པ་དང་སྙིང་རྗེའི་ ཐོག་ལས་ སྤྱིར་བཏང་རྒྱལ་ཁབ་ཀྱི་ཨ་ལུ་ཚུ་དང་མི་སྡེ་དཔལ་འབྱོར་གྱི་ཕན་བདེ་ལུ་སྤྲོ་སྣང་བསྐྱེད་བཅུག་ནིའི་ཐབས་ལུ་ཤེས་རིག་དང་འབྲེལ་བའིརྒྱབ་སྐྱོར། ལས་རིམ་དང་ལས་སྣ་ཚུ་ནང་བཅའ་མར་གཏོགས་བཅུག་ནི་ལ་སོགས་པ་ཚུ་འགོ་བཙུགས་ནི་འདི་ཨིན་མས།
གཞི་ཚོགས་འདི་གི་ལས་རྟགས་ཀྱི་བརྡ་མཚོན་དེ་ཡང་ ལགཔ་གཉིས་གཅིག་བཟོ་བའི་སྦུག་ལས་སངས་རྒྱས་སྨན་བླ་ལས་འབྱུང་བའི་ཤེས་རབ་ཀྱི་འོད་འདི་གིས་ དགོས་མཁོ་ཆེ་བའི་ཕྱོགས་བཞི་ལུ་ཡོད་མི་ མི་ག་ར་ལུ་ཁྱབ་པའི་བརྡ་དང་། ཕྱག་མེ་ཏོག་པདྨ་བཟུམ་སྦེ་ཡོད་མིའི་ སྦུག་་ལས་ སྨན་ཤིང་འཁྲུང་མི་འདི་སངས་རྒྱས་སྨན་བླའི་སྙིང་རྗེ་གི་བརྡ་མཚོན་སྟོནམ་ཨིན་མས། དེ་ཡང་ བྱམས་པ་དང་སྙིང་རྗེ་གིས་གང་བའི་སྨན་ཤིང་ འདི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ལུང་ཕྱོགས་ག་རའི་ནང་དར་ཁྱབ་འགྱོ་བའི་བརྡ་ཨིན་མས། ལས་རྟགས་འདི་ནང་སངས་རྒྱས་སྨན་བླའི་ཕྱག་གི་ཚོས་གཞི་་སེརཔོ་དང་ལི་ཝང་སྦེ་ཡོད་པའི་བརྡ་མཚོན་འདི་ སངས་རྒྱས་ཀྱི་ཤེས་རབ་དང་སྙིང་རྗེའི་བརྡ་སྟོནམ་ཨིནམ་དང་ དེ་འབྲུག་མི་ཁོ་ན་ལུ་དམིགས་ཏེ་ སངས་རྒྱས་སྨན་བླའི་ཐུགས་རྗེ་དང་བྱིན་རླབས་ཀྱིས་ མི་ཚུ་གི་རྒྱུད་ལུ་ཡོད་པའི་སྐོམ་པའི་སྡུག་བསྔལ་ཚུ་ག་ར་སངས་ཚུགས་པའི་ཚུལ་སྟོནམ་ཨིན་མས།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ སྨན་ལྗོངས་གཞི་ཚོགས་ཀྱིས་ མི་སྡེ་ལུ་ཕན་པའི་ལས་རིམ་བརྩམས་ཏེ་ ལཱ་ལེ་ཤ་ར་འགོ་འདྲེན་འཐབ་སྟེ་ཡོད་རུང་དག་པ་ཅིག་བཀོད་པ་ཅིན་ དེ་ཡང་ ཅན་དན་སྦྱིས་འདི་ མོ་བཏབ་ལས་རིམ་གྱི་ས་ཁོངས་ཅིག་ནང་ཚུད་དེ་འབདཝ་ལས་ ལས་ འགུལ་གསརཔ་ཚུ་ཡང་ས་ཁོངས་དེ་ནང་ལས་སྦེའགོ་བཙུགས་ཡོདཔ་ལས་ གཡུས་དེ་ཁར་འཐུང་ཆུའི་རྐ་གསརཔ་ཅིག་བཏོན་ཡོདཔ་དང་ ཆུའི་རྫིང་གཅིག་ཡང་རྐྱབ་སྟེ་ཡོདཔ་ཨིན་མས། དེ་ལས་ གཡུས་སྒོ་འདི་ནང་གི་སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ཡང་ སློབ་གྲྭ་ནང་ལུ་མཁོ་ཆེ་བའི་མཐུན་རྐྱེན་དང་ཉིན་མའི་ལྟོ་ཚུ་ཡང་གྲོགས་རམ་འབད་དེ་ཡོདཔ་ཨིན་མས། གཞན་ཡང་ རང་བཞིན་གནས་སྟངས་སྔོ་ལྗང་དང་ལྡནམ་སྦེ་བཞག་ཐབས་ལུ་དང་ ལྷག་པར་དུ་ སློབ་གྲྭའི་ས་ཁོངས་ནང་ལས་ཤིང་འབྲས་ཚུ་ལོངས་སྤྱོད་ཚུགསཔ་བཟོ་སྟེ་ རང་གི་གཟུགས་ཁམས་བདེ་ཏོག་ཏོ་བཞག་ནིའི་དོན་ལུ་ སྨན་ལྗོངས་གཞི་ཚོགས་ཀྱིས་ཐིམ་ཕུག་གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ལུ་ ཤིང་འབྲས་ཀྱི་ཤིང་གི་ལྕངམ་ལྷམ་པ་མ་འདྲཝ་ཚུ་བཀྲམ་སྟེ་ སློབ་གྲྭའི་མཐའ་འཁོར་ལུ་བཙུགས་ཡོདཔ་ཨིན་མས། དེ་མ་ཚད་ ང་བཅས་རའི་རྒྱལ་ཁབ་ཀྱི་རང་བཞིན་གནས་སྟངས་སྲུང་སྐྱོབ་་ལུ་ མི་སྡེའི་ནང་ཕྱགས་སྙིགས་འཛིན་སྐྱོང་འཐབ་ནིའི་ཤེས་ཡོན་སྤེལ་ཏེ་ ཕྱགས་སྙིགས་བཀོ་སའི་ཧོད་བཟོ་ནི་ལུ་རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན་མས།

ཁུངས་གཏུག།[ཞུན་དག།]

  1. Menjong Foundation . (n.d.). Our Impact. Retrieved from Activities carried out by Menjong Foundation: http://www.menjongfoundation.org.bt
  2. Menjong Foundation. (2017). About Menjong Foundation. Retrieved from About Us- Menjong Foundation: http://www.menjongfoundation.org.bt
  3. Menjong Foundation. (2017). About Us- Menjong Foundation. Retrieved from Menjong Foundation: http://www.menjongfoundation.org.bt