Jump to content

ཨ་བརྒྱ་གནས། Aja ney

Wikipedia ལས།

༉ ང་བཅས་རའི་རྒྱལ་ཁབ་ནང་ལུ་ གནས་རྩ་ཅན་ལེ་ཤ་ཅིག་ཡོད་པའི་གྲས་ལས་ ཡོངས་གྲགས་ཡོད་མི་ཅིག་ མོང་སྒར་རྫོང་ཁག་ནང་ཡོད་པའི་ཨ་བརྒྱ་གནས་དེ་ཨིན། དེ་ཡང་གཏམ་རྒྱུད་དང་འཁྲིལ་བ་ཅིན་ བོད་ཀྱིས་མཐར་བཤུད་བཏང་བའི་བདུད་ཀྱི་རྒྱལ་པོ་ཁྱི་ཁ་ར་ཐོད་འདི་ ད་ལྟོ་ཡོད་པའི་ཨ་བརྒྱ་གནས་ཀྱི་ས་གོ་ནང་ལུ་གཞི་ཆགས་ནི་འབད་མི་འདི་གུ་རུ་རིན་པོ་ཆེ་གིས་མཁྱེན་ནུག། དེ་ཡང་གུ་རུ་གིས་ཁྱི་ཁ་ར་ཐོད་འདི་བོད་ལས་བདའ་སྟེ་ བཀྲིས་གཡང་རྩེ་གི་གནས་སྒོམ་ཕུག་སྐོར་ར་བརྒྱུད་དེ་སྟོང་མི་བྱང་ས་གི་ གཤོང་དོག་དྲགས་དང་རི་ཆེན་ཚུ་བརྒལ་ཏེ་ ཨ་བརྒྱ་གི་ས་གནས་ནང་ཕེབས་གནང་ནུག། ས་གནས་དེ་ཁར་གུ་རུ་གིས་མ་རུངས་པའི་འདྲེ་གདོན་ལེ་ཤ་ཅིག་བཏུལ་ཡོད་རུང་ ཁྱི་ཁ་ར་ཐོད་བཏུལ་ནི་འདི་ཧ་ཅང་གིས་ལཱ་ཁག་རྐྱབ་ཡོད་པའི་ལོ་རྒྱུས་འདུག། དེ་ཡང་ནང་པའི་ཆོས་ཀྱི་གཏམ་རྒྱུད་ལྟར་ན་ ཁྱི་ཁ་ར་ཐོད་ཀྱིས་གུ་རུ་རིན་པོ་ཆེ་གིས་ཁྲོ་བོའི་སྐུར་བཞེངས་མི་ལས་བྱོག་ཐལ་ཏེ་ སྐུར་སྟོད་མཁན་པ་ལྗོངས་ཀྱི་ས་གནས་ནང་ལུ་བྲོས་ཟུར་འབད་དེ་ དེ་ཁ་ལུ་བདུད་ཀྱི་ཕོ་བྲང་འདི་གཞི་བཙུགས་འབད་ནུག། ས་གོ་འདི་ནང་ལུ་གུ་རུ་རིན་པོ་ཆེ་གིས་མ་འོངས་པའི་དོན་ལུ་གཏེར་ཚུ་སྦ་བཞག་སྟེ་ཟླཝ་གསུམ་འགོར་ནུག། དེ་ཁར་བྱིན་ཅན་ཅན་གྱི་ས་གནས་ལེ་ཤ་ཡོད་པའི་ནང་ལས་ གུ་རུ་རིན་པོ་ཆེ་གིས་ཟླཝ་གསུམ་གྱི་རིང་ལུ་ཐུགས་དམ་གནང་བཞུགས་པའི་ ཨ་བརྒྱ་ཆུའི་འགྲམ་ལུ་ཡོད་པའི་བྱག་ཕུག་ཆུང་ཀུ་ཅིག་ཡོད་མི་འདི་ གནམ་མེད་ས་མེད་ཡོངས་གྲགས་ཡོདཔ་ཨིན་མི་དེ་ཡང་ གུ་རུ་རིན་པོ་ཆེ་གིས་ཁོ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་ཡོདཔ་བདེན་ཁུངས་གསལ་སྟོན་འབད་ནིའི་དོན་ལུ་ བྱག་ཕུག་དམར་སྨུག་གུ་ལུ་གུ་རུ་གིས་ཐུགས་དམ་གནང་ཚར་བའི་ཤུལ་ལས་ ཡི་གུ་དཀརཔོ་གིས་གསལ་བྱེད་ཀྱི་ཡི་གུ་མཇུག་ཨ་འདི་ཡ་མཚན་ཆེ་ཏོག་ཏོ་སྦེ་བྲིས་ཏེ་ཡོདཔ་ཨིན་པས། བྱག་ཕུག་ནང་ན་གི་གྱང་གུར་ཡི་གུ་ཨ་བརྒྱ་ཐམ་པ་བྲིས་ཏེ་ཡོད་མི་ལུ་བརྟེན་ཏེ་ ས་གནས་འདི་གི་མིང་ཡང་ཨ་བརྒྱ་གནས་ཟེར་དར་ཁྱབ་སོང་ཡོདཔ་ཨིན།

ཨ་བརྒྱ་ཆུ་གི་སྦོ་ལོགས་ཁར་ང་བཅས་རའི་གཟུགས་ཁར་ཕན་པའི་ ཚ་ཆུ་ཅིག་ཡང་ཡོདཔ་ཨིན་མས། མི་ཚུ་གིས་ཚ་ཆུ་འདི་གིས་ཚ་ཆུ་འདི་དྲིམ་གདུག་དྲགས་ཡོད་རུང་ཡང་ ང་བཅས་ཀྱི་གཟུགས་ཁར་ཡོད་པའི་ནད་གཞི་ལུ་ཕན་པའི་སྨན་གྱི་རྫས་སྦྱོར་ཡོད་ནི་དེ་གིས་ འཕྲལ་འཕྲལ་ར་གཟུགས་ཆུ་ནང་སྦང་པར་འོངམ་ཨིན་མས། ཚ་ཆུ་འདི་གིས་བན་ཀན་བློ་གཅོང་། གཟུགས་ཀྱི་ན་ཟུག། རྨ་དང་བློ་ནད་ཀྱི་ནད་གཞི་བཅོ་བརྒྱད་ལུ་ཕན་པ་ཡོདཔ་སྦེ་ཨིན་མས། ས་གནས་འདི་གི་ཉེ་འདབས་ལུ་དོ་རུང་ཨ་བ་ཆུ་ཟེར་མི་གི་རོང་ཆུ་ཅིག་ཡང་ཡོདཔ་ཨིན། འ་ནཱི་བྱག་གཟར་དྲགས་ལས་འབབ་མི་རོང་ཆུ་འདི་ཡང་ སླབ་སྲོལ་ལུ་གུ་རུ་རིན་པོ་ཆེ་གིས་ཕྱག་འཁར་འདི་ས་ཁར་བཙུགས་པའི་ཤུལ་ལས་ཐོན་ཡོདཔ་སྦེ་བཤདཔ་ཨིན་མས། དེ་ལས་རོང་ཆུ་འདི་བྱག་གུར་ལས་མར་རྡོའི་ཟངས་གཞོང་ནང་ལུ་འབབ་སྟེ་ཆུའི་རྫིང་བཟོ་མི་འདི་ནང་ ཧེ་མ་གུ་རུ་གིས་ཁྲུས་གནང་ཡོད་པའི་ཡིད་ཆེས་བསྐྱེདཔ་ཨིན་མས། ཆུ་རྫིང་འདི་གིས་ཚར་གཅིག་གུར་མི་དགུ་ཤོང་ཚུགསཔ་ལས་ དེ་གིས་སྡིག་སྒྲིབ་དག་ཚུགསཔ་སྦེ་སླབ་ཨིན་མས། ཆུ་འདི་ཡང་གནམ་བྱཱར་བསིལ་ཏོག་ཏོ་དང་གནམ་དགུན་ལུ་དྲོ་ཏོག་ཏོ་ཡོདཔ་སྦེ་སླབ་ཨིན་མས།

དེ་གིས་ཡང་མ་དོ་བར་ས་གནས་དེ་ཁར་སྨན་གྱི་རྫས་སྦྱོར་ཡོད་པའི་ རྩྭ་ཨ་བ་དྷུ་ཏི་ཡང་ཡོདཔ་སྦེ་བཤདཔ་ཨིན་མས། རྩྭ་འདི་ཡང་གུ་རུ་གིས་བཙུགས་གནང་ཡོད་པའི་ཡིད་ཆེས་བསྐྱེདཔ་ཨིན་མས། གནས་དེ་ཁར་ གུ་རུ་གིས་ཞབས་རྗེས། ཕྱག་རྗེས། བཞུགས་ཁྲིའི་རྗེས། འདྲེ་གདོན་སུ་དམ་ལ་བཏགས་པའི་ཤུལ། མཁའ་འགྲོ་འགྲོ་བ་བཟང་མོའི་ཞབས་རྗེས། གུ་རུ་མཚམས་ནང་བཞུགས་པའི་དབེན་གནས་ ༡༠༨ དང་བྱིན་ཅན་གྱི་གནས་ངོས་འཛིན་གནང་མི་ བླམ་ཀརྨ་འཇམ་དབྱངས་ཀྱི་ཞབས་རྗེས་ཚུ་རྩིས་ཏེ་ ཆོས་དང་འབྲེལ་བའི་གནས་ཁོངས་དང་བརྡ་མཚན་ཚུ་ལེ་ཤ་ཡོདཔ་ཨིན། དེ་ཁར་ཡོད་པའི་གནས་རྩ་ཅན་ཚུ་རིན་ཆེན། སྒང་ཏོ་དང་ས་གོ་གཟར་དྲགས་ཚུ་ནང་ཆགས་ཏེ་ཡོདཔ་ཨིན། ས་གནས་དེ་ཁར་ཡོད་པའི་གནས་ཚུ་ག་ར་མཇལ་ནི་དོན་ལུ་ཉིནམ་གསུམ་དགོཔ་ཨིནམ་ལས་ དེ་ཁར་ཕུ་རྙིང་ཟེར་བའི་གནས་འདི་ས་གོ་འདི་ནང་ཡོད་པའི་གནས་ག་ར་གི་དོན་ཧིན་བཟུམ་ཨིན་མི་འདི་ མ་མཇལ་བ་ཅིན་གནས་ག་ར་མཇལ་མ་ཚུགསཔ་བཟུམ་ཅིག་ཨིན་ཟེར་སླབ་ཨིན་མས། དེ་ཡང་ཕུ་རྙིང་འདི་ཨ་བརྒྱ་གནས་ལས་ཉིནམ་གཅིག་གི་ལམ་འགྱོ་དགོཔ་ལས་ ས་གནས་དེ་ཁར་གུ་རུ་དང་འབྲེལ་བའི་བྱིན་ཅན་གྱི་གནས་ལེ་ཤ་ཡོདཔ་ཨིན་མས། མཐོ་ཚད་ མི་ཊར་༤༥༠༠ གི་ས་གནས་ཁར་ཡོད་པའི་གནས་འདི་འབྲུག་གི་བླམ་གྲུབ་ཐོབ་ཚུ་གི་ཐགུས་དམ་གནང་སའི་ཡོངས་གྲགས་ཅིག་ཨིན་མས། དེ་ཁར་བླ་མ་བསོད་ནམས་བཟང་པོ་གིས་བཞེངས་ཡོད་པའི་ལྷ་ཁང་ཆུང་ཀུ་ཅིག་ཡང་ཡོདཔ་ཨིན་མས།

རྣམ་ཐར་དང་འཁྲིལ་བ་ཅིན་ཨ་བརྒྱ་གནས་ཀྱི་བྱིན་ཅན་གྱི་གནས་ཚུ་ག་ར་ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༩ པའི་སློབ་མ་བླམ་ཀརྨ་འཇམ་དབྱངས་ཀྱིས་འཚོལ་ཐོབ་ཡོད་མི་དེ་ཡང་ གུ་རུ་གིས་ལུང་བསྟན་ནང་ལུ་ས་གོ་འདི་གི་གནས་འདི་རྒྱལ་བ་ཀརྨ་པ་དགུ་པ་གིས་སྒོ་ཕྱེ་འོང་ཟེར་གསུངས་ཡོདཔ་སྦེ་ཨིན་མས། དེ་ཡང་ཀརྨ་པ་སྐུ་ཕྲེང་ ༩ པ་འདི་སྐུ་ན་བགྲེས་ཏེ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཨིན་མི་ཁོ་རའི་སློབ་མ་ བླམ་ཀརྨ་འཇམ་དབྱངས་ལུ་གནས་འདི་ཚུ་གསལ་བསྒྲགས་འབད་དགོཔ་སྦེ་བཀའ་གནང་ཡོདཔ་ཨིན་མས། དེ་ཡང་བླམ་ཀརྨ་འཇམ་དབྱངས་འདི་བླ་མའི་བཀའ་བཞིན་བོད་ལས་བཀྲིས་གཡང་རྩེ་བརྒྱུད་ཞིན་ན་འགྲོ་འགྲུལ་འབད་དེ་ སྟག་མོ་ལུང་ཟེར་སའི་གནས་ཚལ་སྟུག་པག་པ་ཅིག་ནང་ཕེབས་ད་ལམ་བྱང་སཏེ་གནས་ག་ཏེ་ཨིན་ན་མ་ཤེས་པར་ལུསཔ་ད་ དེ་ཚེ་ཕྱི་རུ་བླམ་འབད་སར་སེམས་ཅན་སྟག་འོང་ཞིན་ན་ངར་སྒྲ་བཏོན་ཏེ་ ཚར་གསུམ་སྐོར་ར་རྐྱབ་ཞིན་ན་ཡལ་ཡར་སོ་ནུག། དེ་གི་དྲོ་པ་བླམ་འདི་གིས་སྟག་གི་སྡེར་མོའི་རྗེས་རྟིང་བདའ་སྟེ་བྱོནམ་ད་ བདེ་ཆེན་ཕོ་བྲང་ཟེར་སའི་ས་གནས་ཁར་ཕེབས་ནུག། དེ་ཚེ་ཕྱི་རུ་དོ་རུང་སྟག་འདི་འོང་ཞིན་ན་ སྟག་གིས་ཕྱོགས་བཞི་ལས་ཡར་ཚར་གསུམ་མཆོངས་ཏེ་གར་སྒྲ་བཏོན་ནུག། དེ་ལས་བླ་མ་གིས་བདེ་ཆེན་ཕོ་བྲང་གི་འོག་ལུ་གནས་བཅའ་སྟེ་ སེམས་ཅན་སྟག་གི་སྡེར་མོའི་རྗེས་ལུ་གཞི་བཞག་སྟེ་གནས་ག་ར་འཚོལ་ཐོབ་ནུག། དེ་གིས་སྦེཡོངས་གྲགས་ཅན་གྱི་ཨ་བརྒྱ་གནས་ཀྱི་མིང་གཞན་ སྟག་གདོང་གི་གནས་ཟེར་ཡང་སླབ་སྲོལ་འདུག།

དེ་ལས་གནས་ཚུ་ག་ར་འཚོལ་ཐོབ་སྟེ་གནས་དེ་ཁར་ལྷ་ཁང་བཞེངས་ནི་དོན་ལུ་ ཤིང་ཆས་ཚུ་ག་ར་ཐོབ་ཚུགས་རུང་རྡོ་ཐོབ་མ་ཚུགས་པར་ལུས་པའི་དུས་ཚོད་ལུ་ ས་གནས་དེ་ཁའི་ཀླུའི་རྒྱལཔོ་གིས་རྡོ་ཚུ་ཕུལ་ཏེ་ཀླུའི་རྒྱལཔོ་ཁོ་ར་གིས་བཞེངས་མི་ བྱང་ཆུབ་མཆོད་རྟེན་གཅིག་ཡང་ལྷ་ཁང་གི་ནང་རྟེན་སྦེ་ཕུལ་ཡོདཔ་ཨིན་མས། བདེ་ཆེན་ཕོ་བྲང་བཞེངས་ཡོད་པའི་སྤོ་ཏོ་འདི་གི་ས་གནས་ཀྱི་དབྱིབས་འདི་ མེ་ཏོག་པདྨ་དང་ཆ་འདྲཝ་སྦེ་ཡོདཔ་ལས་ལྷ་ཁང་འདི་གི་མིང་ཡང་པདྨ་དབྱངས་རྫོང་ཟེར་བཏགས་གནང་ནུག། ཨ་བརྒྱ་གནས་ཀྱི་ནང་ན་བཞེངས་ཡོད་པའི་ལྷ་ཁང་གསུམ་ལས་ དུང་དཀར་ལྷ་ཁང་འདི་གནམ་མེད་ས་མེད་བྱིན་ཅིག་ཅིག་སྦེ་རྩིཝ་ཨིན་མས། དེ་ཡང་བུམ་ཐང་གི་སྦུ་ལི་སྤྲུལ་སྐུ་མཁའ་ཁྱབ་ནམ་མཁའ་རྡོ་རྗེ་གིས་ ལྷ་ཁང་འདི་ཡང་རྒྱལ་བ་ཀརྨ་པ་སྐུ་ཕྲེང་ ༡༥ པའི་བཀའ་བཞིན་རྐྱབ་ཡོདཔ་ཨིན་མས། ས་གནས་ཀྱི་ལོ་རྒྱུས་དང་འཁྲིལ་བ་ཅིན་སྦུ་ལི་སྤྲུལ་སྐུའི་ཉམས་སྣང་ལུ་ ལྷ་མོ་གསུམ་འོང་སྟེ་རྡོ་ཕུལ་ནི་གི་དམ་བཅའ་འབད་དེ་ ལྷ་ཁང་བཞེངས་པའི་སྐབས་ལུ་རྡོ་ཚུ་དཔེ་ཆ་པོ་ཏི་བཟུམ་སྦེ་ཐོན་ཞིནམ་ལས་ ལྷ་ཁང་བཞེངས་ཚརཝ་ད་ག་ར་ཡལ་ཡར་སོཔ་ཨིན་མས། ལྷ་ཁང་འདི་གི་བཟོ་རྣམ་དུང་དཀར་བཟུམ་ཡོདཔ་ལས་མིང་ཡང་དེ་སྦེ་བཏགས་ནུག། ཤུལ་ལས་སྤྱི་ལོ་ ༡༩༦༣ ལུ་སྦུ་ལི་སྤྲུལ་སྐུའི་སྲས་བླམ་རྡོ་རྗེ་བསྟན་འཛིན་གྱིས་ཉམས་གསོ་ཞུ་ཡོདཔ་ཨིནམ་བཞིན་དུ་ ད་ལྟོ་ཡང་བླམ་རྡོ་བསྟན་འཛིན་གྱི་སྲསམོ་གིས་ཕྱག་ཞུ་དོ་ཡོདཔ་ཨིན། (ཀུན་དགའ་སྒྲོལ་མ། གནམ་ལོ་མེད། སྤྱི་ལོ་ ༢༠༠༤)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཀུན་དགའ་སྒྲོལ་མ། ཨ་བརྒྱ་གནས་འདི་མོང་སྒར་གྱི་བྱང་ཕྱོགས་ཁ་ཐུག་ལུ་ཉིནམ་གསུམ་གྱི་ལམ། གནམ་ལོ་མེད། སྤྱི་ལོ་ ༢༠༠༤། ཀུན་གསལ། ཡོངས་འབྲེལ་ཁ་བྱང་། https://www.raonline.ch/pages/story/bt/btbg10.html

"https://dz.wikipedia.org/w/index.php?title=ཨ་བརྒྱ་གནས།_Aja_ney&oldid=31525" ལས་ སླར་འདྲེན་འབད་ཡོདཔ།