Jump to content

ཨ་ཞེ་སྣང་ས་འོད་འབུམ་གྱི་རྣམ་ཐར།

Wikipedia ལས།

༉ ཨ་ཞེ་སྣང་ས་ཟེར་མི་འདི་ མཁའ་འགྲོ་མའི་ལུང་བསྟན་ཡོད་མི་ཅིག་ཨིནམ་མ་ཚད་ རྗེ་བཙུན་སྒྲོལ་མའི་ཐུགས་ལས་འཁྲུངས་པའི་སྐྱེས་བུ་དམ་པ་ཅིག་འབདཝ་ལས་ མོ་གི་རྣམ་ཐར་དེ་ འབྲུག་དང་བོད་གཉིས་ལུ་ ག་ཅི་དེ་ཡོངས་གྲགས་ཡོདཔ་དང་ ཨ་ཞེ་སྣང་སའི་རྣམ་ཐར་དེ་པར་རི་སྲུང་དེབ་སྦེ་ཡང་ག་ཅི་དེ་ བློ་ཚིག་སྤྲོ་བ་ཆེ་ཏོག་ཏོ་སྦེ་ དཔེ་སྐྲུན་འབད་དེ་འདུག། ཨ་ཞེ་སྣང་ས་གི་པར་རི་སྲུང་དེབ་ (གནམ་ལོ་མེད་ དབྱིན་ལོ་མེད་ཤོག་གྲངས་༡-༥༤) ནང་ཨ་ཞེ་སྣང་ས་འོད་འབུམ་དེ་ བོད་ཁ་བ་ཅན་གྱི་ལྗོངས་ལུ་ གཡུས་ལྗང་ཕད་ཁུང་ཟེར་སར་ ཡབ་ཀུན་བཟང་བདེ་ཆེན་དང་ ཡུམ་མྱང་ཚ་གསལ་སྒྲོན་གཉིས་ཀྱི་སྲསམོ་སྦེ་ ས་ཕོ་རྟ་ལོ་སྤྲེལ་ཟླའི་ཚེས་བཅུ་ཐམ་ རེས་གཟའ་ཕུར་བུ་ལུ་སྐུ་འཁྲུངས་ནུག།

ཨ་ཞེ་སྣང་ས་འོད་འབུམ་དེ་ ངོ་རིས་ག་ནི་བ་ལེགསཔ་ཡོདཔ་ལས་ ངོ་རིས་ལེགས་པའི་སྙན་གྲགས་ཀྱིས་རྒྱལ་ཁབ་ཡོངས་ལུ་ཁྱབ་ནི་དེ་གིས་ དགུང་ལོ་ཆུང་ཀུའི་བསྒང་ལས་ར་མནའམ་ ལྷང་མི་མང་རབས་ཅིག་ཐོན་ནུག། ཨིན་རུང་ ཨ་ཞེ་སྣང་ས་མོ་ར་ དམ་པའི་ཆོས་བསྒྲུབ་ནིའི་སེམས་མ་གཏོགས་ འཇིག་རྟེན་རྐྱབ་ནི་ལུ་སྤྲོ་བ་རྩ་ལས་མེདཔ་ལས་ ག་ལུ་ཡང་གཉེན་རྐྱབ་ནིའི་ཁ་མ་བཟེད་པས། ཉིནམ་ཅིག་གི་ཚེ་ ཨ་ཞེ་སྣང་ས་དེགཡོགམོ་འཛོམས་སྐྱིད་ཁྱིད་དེ་ གནས་རྙིང་དགོན་པར་ ལོ་དུས་ཀྱི་ལྟདམོ་གཟིགས་པར་བྱོན་ནུག། དེ་བསྒང་ཨ་ཞེ་སྣང་ས་དེ་ རི་ནང་དཔོན་པོ་སྒྲ་ཆེན་གྱིས་གཟིགས་ཏེ་ ཕྱག་ཞུ་མི་ཅིག་ལུ་བཀའ་གནང་སྟེ་ ཨ་ཞེ་སྣང་ས་འདི་ཁྱིད་དེ་དཔོན་གྱི་སྐུ་མདུན་ལུ་བཅརཝ་ད། དཔོན་སྒྲ་ཆེན་པ་གིས་ཁོ་གི་སྲས་གྲགས་པ་བསམ་གྲུབ་དང་གཅིག་ཁར་་ གཉེན་རྐྱབ་དགོ་པའི་བཀའ་རྒྱ་གནང་ནུག། དེ་ལུ་ཨ་ཞེ་སྣང་ས་མོ་གིས་ཕྱག་ཕྱིད་ཞུ་མ་ཚུགས་པའི་སྐོར་ལས་ དཔོན་ལུ་ གསལ་ཆ་ག་དེ་ར་ཞུ་རུང་སྙན་གསན་མ་བཏུབ་ལས་ ཐབས་ར་མེད་པར་གཉེན་རྐྱབ་དགོཔ་བྱུང་ནུག། གཉེན་རྐྱབ་པའི་ཤུལ་ལུ་སྲས་གཅིག་ཡང་འཁྲུངས་ཏེ་ སྲས་ཀྱི་མཚན་ཡང་ལྷའུ་དར་པོ་ཟེར་གསོལ་ནུག།

རྒྱལ་སྲས་གྲགས་པ་བསམ་གྲུབ་ཀྱི་ཨ་ཞེམོ་  ཨ་ནི་སྙེད་མོ་ཟེར་་སེམས་ག་ནི་བ་རྩུབ་དྲགས་འབད་མི་ཅིག་ཡོདཔ་ཨིན་པས། དེ་གིས་སྦེ་ ཨ་ཞེ་སྣང་ས་ཀྱིས་ཕྱི་ནང་གི་ལཱ་ག་དེ་ཅིག་རྩ་འགེངས་ཏེ་མཛད་རུང་ ཨ་ནི་སྙེད་མོ་གི་སེམས་ཁར་རྩ་ལས་མ་བབས་པར་དཔོན་ཡབ་སྲས་གཉིས་ལུ་ མ་ཧན་པའི་ཞུ་ལོག་ར་རྐྱབ་སྡོད་དོ་ཡོདཔ་མས། ཚར་གཅིག་འབདཝ་ད་ བསོད་སྙོམས་ལྷང་མི་ མི་གཉིས་འོང་སྟེ་རེད་བྱིནམ་ད་ ཨ་ནི་སྙེད་མོ་དེ་ཙིགཔ་ཟ་སྟེ་ ཨ་ཞེ་སྣང་ས་དེ་དྲངས་པ་གིས་མ་ཚད་ སྐྱ་ཡང་འབལ་ཏེ་མོ་རའི་སྐྱ་ཨིནམ་བཟོ་སྟེ་དཔོན་གྲགས་པ་བསམ་གྲུབ་ལུ་སྟོནམ་ད་དཔོན་གྱིས་ཡང་བརྟགས་ཤིང་ག་ནི་ཡང་མ་དཔྱད་པར་ ཨ་ཞེ་ལུ་ཕྱག་སྦྱིག་གནང་ནུག། 

དཔོན་དེ་གིས་ཨ་ཞེ་གིས་གསེར་ཡང་སྦྱིན་པ་བཏང་དཔ་ཨིན་མས་ཟེར་ ད་རུང་ཕྱག་སྦྱིག་གནངམ་ལས་ ཕྱི་རུ་ཅིག་འབདཝ་ད་ ཨ་ཞེ་སྣང་ས་དེ་ ན་ཟུག་དང་སེམས་འཁྲུལ་སྣང་ལངས་པའི་ཤུགས་ཀྱིས་ཐུགས་དྲན་མེད་ངང་ལས་གཤགས་སོ་ནུག། དེ་གི་སྐོར་ལས་ཕྱག་ཞུ་མི་ཚུ་གིས་དཔོན་ལུ་དགོངས་སྐོར་ཞུཝ་ད་ དཔོན་ཡབ་སྲས་གཉིས་ཡང་ ཐུགས་མ་བདེ་བར་གཟིགས་པར་བྱོནམ་ད་ ངོ་མ་ར་གཤགས་ཡོདཔ་སྦེ་གཟིགས་ནུག། དེ་ཚེ་གཡོགཔོ་དང་གཡོགམོ་མི་སེར་ག་ར་སེམས་འཁྲུལ་སྣང་ལངས་ཏེ་སྡོད་པའི་བསྒང་ ཨ་ཞེ་མོ་རའི་སྐུ་ཚེ་མ་རྫོགས་པའི་ཁར་ ཡེ་ཤེས་མཁའ་འགྲོ་མའི་ལུང་བསྟན་ཅིག་ཡང་ ཡོདཔ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་གིས་ལོག་སྟེ་ འཇིག་རྟེན་མི་ཡུལ་ལུ་ ཆོས་བསྒྲུབ་པར་བཏང་ནུག། དེ་ལས་ཨ་ཞེ་སྣང་ས་འོད་འབུམ་གྱི་རྣམ་ཤེས་དེ་ མོ་ར་གི་ཧེ་མའི་སྐུ་ཕུང་ནང་ཐིམ་སྟེ་ སྐུ་གཟུགས་དེའི་ཐོག་ལུ་ར་འདས་ལོག་སྦེ་བཞེངསམ་ད་ སྐུ་ཕུང་སྲུང་མི་ག་ར་རྣམ་རྟོག་ལངས་ཏེ་ ལ་ལུ་ཅིག་བྱོག་འགྱོ་རུང་ འདས་ལོག་ཨིནམ་ཧ་གོ་སྟེ་ དེ་ཁར་ཡོད་མི་ག་ར་གིས་དད་པ་མོས་གུས་བསྐྱེད་དེ་ ཕྱག་དང་བསྐོར་ར་རྐྱབ་ནུག།

དུས་ཚོད་དེ་ལས་འགོ་བཙུགས་ཏེ་ ཨ་ཞེ་མོ་རའི་སྐུ་ཚེ་ཧྲིལ་བུམ་དམ་པའི་ཆོས་ཡང་དག་པ་ཅིག་བསྒྲུབ་ནིའི་ཐུགས་ཐག་བཅད་དེ་ དམ་པའི་ཆོས་འབད་བར་འགྱོ་ནི་སྐོར་ལས་ མོ་རའི་གཉེན་གྲོགས་དཔོན་གྲགས་པ་བསམ་གྲུབ་ལུ་ཞུ་ནུག། ཨིན་རུང་དཔོན་ཡབ་སྲས་དང་ཨ་ཞེམོ་ ཨ་ནི་སྙེད་མོ་གིས་བཟོད་གསོལ་ཕུལ་ཏེ་ ཤུལ་ལས་ནཱི་བཟུམ་མའི་བྱ་སྤྱོད་མི་འབད་ཟེར་བའི་དམ་བཅའ་ཕུལ་བའི་ཁར་ ལྷག་པར་དུ་མོ་རའི་སྲས་ཀྱི་ཁ་དང་གདོང་ལུ་གཟིགས་ཏེ་ ཕོ་བྲང་ནང་བཞུགས་པའི་མཐའ་མར་ ཨ་ཞེ་མོ་རའི་ཡབ་དང་ཡུམ་དྲན་ཏེ་ གཡུས་ཁར་བྱོནམ་ད་ཡབ་དང་ཡུམ་མཇལ་ཏེ་ ག་ཅི་དེ་སེམས་དགའ་ནུག། ཨ་ཞེ་མོ་རའི་སྐུ་ཚེ་སྔོན་མའི་འཕྲོ་དང་མཁའ་འགྲོ་གི་ལུང་བསྟན་དུས་ལུ་བབས་ཏེ་ བླམ་ཤཀྱཱ་རྒྱལ་མཚན་ཞབས་ཀྱི་སར་བཅར་ཏེ་ ཆོས་ཞུ་སྒྲུབ་པ་གནང་སྦེ་བཞུགསཔ་ད་ ཡབ་རྒྱལ་པོ་དང་སྲས་གྲགས་པ་བསམ་གྲུབ་ཀྱིས་གོཝ་ལས་ དམག་ཆས་བསྒྲིགས་ཏེ་བླམ་དང་ཨ་ཞེ་བཀྲོངས་ནི་དོན་ལུ་དམག་དྲངས་ནུག། རི་ནང་དཔོན་པོའི་དམག་གིས་བླམ་དང་ཨ་ཞེ་གསད་ནི་སྦེ་དཔའ་རྟགས་བླུགས་ནི་འབདཝ་ད་ བླམ་དང་ཨ་ཞེ་གིས་གནམ་ཁར་ཕུར་ཏེ་བཞུགསཔ་ད་ དཔོན་ཡབ་སྲས་དང་དམག་རོགས་ག་ར་ ཁོང་གིས་འབདམི་ལཱ་ལུ་འགྱོད་པ་བསྐྱེད་དེ་ བཤགས་པ་ཕུལཝ་ད་ ཨ་ཞེ་སྣང་ས་དང་བླམ་དེ་གིས་ཡང་བཤགས་པ་བཞེས་ཏེ་ དཔོན་ཡབ་སྲས་དང་དམག་རོགསཔ་ཚུ་ག་ར་བློ་སེམས་ཆོས་ལུ་གྱུར་ཚུགསཔ་སྦེ་བཟོ་གནངམ་སྦེ་བཀོད་དེ་འདུག།

རྣམ་ཐར་འདི་ ད་རེས་ནངས་པའི་དུས་ཚོད་ནང་ལུ་ག་ཅི་དེ་ ཕན་རླབས་ཆེཝ་སྦེ་མཐོང་མས། དེ་ཡང་ ད་རེས་ནངས་པའི་མི་ཚུ་ ཆོས་ལུ་དད་པ་ཉམས། ལས་རྒྱུ་འབྲས་ལུ་བརྩི་མཐོང་མེད། ལས་དཀར་ནག་གི་ཁྱད་པར་ཕྱེ་ཤེས་མ་ཤེས་ཀྱི་གནས་སྟངས་ལུ་ དམ་པའི་ཆོས་འདི་ལུ་སྙིང་པོ་ག་དེ་ཅིག་ཡོདཔ་ཨིན་ནའི་སྐོར་ལས་ མི་ཚུ་ལུ་ནད་ལུ་ཕན་པའི་སྨན་གྱི་བདུད་རྩི་བཟུམ་ཡོདཔ་ལས་ བློ་སེམས་ཆོས་ལུ་འགྱུར་ནི་ལུ་ ག་ཅི་དེ་ཕན་ཐོགས་ནི་མས།།

རྒྱབ་རྟེན།

འཕྲིན་ལས་དབང་ཕྱུག་དང་རིན་འཛིན་རྡོ་རྗེ. (n.d.). ཨ་ཞེ་སྣང་གསལ་གྱི་པར་རི་སྲུང་དེབ.ཕུན་ཚོགས་གླིང: KMT PRESS.