ཨཔ་ཟླཝ་དཔལ། About Ap Dawpel

Wikipedia ལས།
ཨཔ་ཟླཝ་དཔལ། ༡༩༣༢-༢༠༢༢

སྒྲ་སྙན་དང་གཞུང་སྒྲ་གི་རྩེད་དཔོན་ཟླཝ་དཔལ་འབྱོར་ ཡོངས་གྲགས་ལུ་ ཨཔ་ཟླཝ་དཔལ་ཟེར་སླབ་མི་འདི་ སྤུ་ན་ཁ་རྫོང་ཁག་ ནོརབུ་སྒང་རྒེད་འོག་ གཡུས་རྟ་ལོག་ ཧེ་མ་ཆོས་རྒྱལ་རིམ་བྱོན་ཚུ་གི་གདན་ས་ སྔར་སྲོལ་གྱི་ཞབས་ཁྲ་ཚུ་མི་ཉམས་གོང་འཕེལ་གཏང་སའི་གཡུས་འདི་ལས་ཨིན་མས། ཁོ་སྤྱི་ལོ་ ༡༩༣༢ ཀྱི་ལོ་ལུ་སྐྱེས་ནུག།

ཨཔ་ཟླཝ་དཔལ་འདི་ གཉེན་ཚར་གསུམ་རྐྱབ་སྟེ་ ཨ་ལུ་བུམོ་གསུམ་ཡོདཔ་དང་ འབྲུག་ཤར་ཕྱོགས་པདྨ་དགའ་ཚལ་ལས་ཨིན་མི་ ཡོངས་གྲགས་ཅན་གྱི་གཞུང་སྒྲ་དང་འབོད་སྒྲའི་ཞབས་ཁྲ་འཐེན་མི་ འཇིགས་མེད་འབྲུག་པ་ཟེར་མི་འདི་ ཁོ་གི་ཤ་རུས་གཅིག་ལས་མཆེད་པའི་བུ་བཟུམ་སྦེ་བརྩིཝ་ཨིན་མས། ཨཔ་ཟླཝ་དཔལ་འདི་ སྐྱེས་ལོ་ ༩ ལངམ་ད་ སྤུ་ན་ཁ་རྫོང་ནང་ དགེ་སློང་སྦེ་གཏན་འཇགས་ཀྱི་སྡོད་གནས་ཐོབ་ཡོདཔ་མ་ཚད་ རྟ་ལོག་དགོན་པ་ནང་ འཆམ་དཔོན་སྦེ་ཡང་ ལོ་ངོ་མང་རབས་ཅིག་ཕྱག་ཞུ་ནུག།

ལཱ་དང་གྲུབ་འབྲས།[ཞུན་དག།]

ཁོ་ར་ ནང་པའི་ཆོས་ལུ་དད་པ་སྦོམ་ཡོད་མི་ཅིག་ཨིནམ་དང་ སྙན་ཆ་བརྩིས་ཏེ་ སྔར་སྲོལ་གྱི་སྒྱུ་རྩལ་གཞན་ཚུ་ཡང་ ལྷབ་སྦྱང་འབད་ནུག། ཁོ་གིས་ རང་ལུགས་ཀྱི་སྙན་ཆ་ཚུ་ ཁོ་ར་སྦེ་ར་ལྷབ་སྦྱང་འབད་ཡོདཔ་དང་ སྐྱེས་ལོ་ ༢༣ ལངམ་ད་ སྒྲ་སྙན་སྐྲོག་མི་སྐད་གྲགས་ཅན་དང་ གཞུང་སྒྲ་དང་འབོད་སྒྲ་འཐེན་མི་ཡོངས་གྲགས་ཅན་ཅིག་ཨིན་མི་ སིཝ་ལ་པདམ་རྡོ་རྗེ་ལས་ རང་ལུགས་ཀྱི་ཞབས་ཁྲ་ གཞུང་སྒྲ་དང་འབོད་སྒྲ་ཚུ་ སྒྲ་སྙན་དང་བཅསཔ་སྦེ་ལྷབ་ནི་འགོ་བཙུགས་ནུག། དེ་མ་ཚད་ ཡོངས་གྲགས་ཅན་གྱི་དང་ཕུའི་ཞབས་ཁྲ་རྙིངམ་ཚུ་ མ་ཚང་ཚངམ་སྦེ་ སིཝ་ལ་པདམ་རྡོ་རྗེ་ལས་ལྷབ་སྦྱང་འབད་བའི་ཤུལ་ལས་ རྒྱལ་ཡུམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་ཚོན་གཏང་མི་དང་ སྙན་ཆ་སྐྲོག་མི་སྦེ་ཕྱག་ཞུ་ནུག། དེ་ལས་ སྐྱེས་ལོ་ ༢༧ ལངམ་ད་ འབྲུག་པའི་སྙན་ཆ་སྐྲོག་མིའི་གྲངས་སུ་སྦེ་ འབྲུག་གི་མཐའ་ཟུར་ཅིག་ནང་ལས་ གནམ་མེད་ས་མེད་བྲེལ་ཟིང་ཅན་གྱི་ས་གནས་ རྒྱ་གར་ཀཱལ་ཀ་ཊ་ལུ་ཞབས་ཁྲ་སྒྲ་གཟུང་འབད་བར་འགྱོ་མི་ཅིག་ཨིན་མས། ཨཔ་ཟླཝ་དཔལ་གྱིས་ ད་ལྟོ་ཚུན་ཚོད་ ཁོ་གིས་ཞབས་ཁྲ་ག་དེམ་ཅིག་འཐེན་ཡི་ག་དང་ གླུ་དེབ་ག་དེམ་ཅིག་བཟོ་ཡི་ག་ མི་ཤེས་པས། གནམ་མེད་ས་མེད་ཡོངས་གྲགས་ཐོན་པའི་ཞབས་ཁྲ་ ལྷ་ས་ནོར་བུ་གླིང་ལ། རྒྱལ་གསར་རྒྱ་ལུ་འབྱོན་པའི་བསྒང་། བཀྲ་ཤིས་ལགས་སོ་ཚུ་ ད་ལྟོའི་བར་ན་ཡང་ མི་རྒན་གཞོན་བར་གསུམ་ག་ར་གིས་འཐེན་སྲོལ་ཡོདཔ་ཨིན། ད་རུང་ ཁོ་གིས་ སྒྲ་སྙན་གཅིག་རྐྱངམ་གཅིག་བསྐྲོགས་ཏེ་འཐེན་པའི་ཞབས་ཁྲའི་གླུ་དེབ་ལེ་ཤ་ར་སྤེལ་ཡོདཔ་དང་ སྒྲ་སྙན་གྱིས་མ་དོ་བར་ འབྲུག་པའི་སྔར་སྲོལ་གྱི་སྙན་ཆའི་རིགས་གཞན་ཚུ་ཡང་བསྐྲོགས་ཏེ་ ཞབས་ཁྲ་འཐེན་ཏེ་འདུག།

སྤྱི་ལོ་ ༡༩༩༩ གི་ལོ་ལུ་ འབྲུག་ལུ་སྙན་ཆའི་མདུན་ལམ་ནང་ ཞབས་ཏོག་གང་དྲག་ཕྱག་ཞུ་མི་ཅིག་འབདཝ་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཞུ་མི་ སྙན་ཆ་མཁན་འགོ་དང་པ་ཨིན་མས། ཨཔ་ཟླཝ་དཔལ་གྱིས་ སྤྱི་ལོ་ ༢༠༠༧ ལུ་ ཁོ་ར་སྐྱེས་ལོ་་ ༥༢ ལངམ་ད་ གཞུང་འབྲེལ་དུ་ སྒྲ་སྙན་བསྐྲོག་ནིའི་ལཱ་ནང་ལས་ དགོངསམ་ཞུ་སྟེ་ སྤྱི་ལོ ༢༠༢༢ ལུ་ དགུང་ལོ་ ༩༠ ལངམ་ད་གཤགས་སོ་ནུག།

རྒྱབ་རྟེན་དཔེ་ཐོ། Facebook (28/1/2019) Perfect TMX TMT is on Facebook https://m.facebook.com

"https://dz.wikipedia.org/w/index.php?title=ཨཔ་ཟླཝ་དཔལ།_About_Ap_Dawpel&oldid=31597" ལས་ སླར་འདྲེན་འབད་ཡོདཔ།