ཨུ་ར་གཡག་མཆོད། Ι Ura Yakchu
དོན་ཚན།
[ཞུན་དག]༡༽ གཡག་མཆོད་ཟེར་སླབ་དགོཔ་པའི་ཁུངས་དོན།
༢༽ གཡག་མཆོད་འདི་ས་གནས་ག་ཏེ་ལུ་བརྩིས་སྲུང་ཞུཝ་སྨོ།
༣༽ གཡག་མཆོད་དུས་ནམ་ལས་དར་ནུག།
༤༽ གཡག་མཆོད་འདི་ག་དེ་འབད་གཞི་བཙུགས་སྦེ་ནུག།
༥༽ གཡག་མཆོད་འདི་གནད་དོན་ག་ཅི་འབད་གཞི་བཙུགས་འབད་ཡི་ག།
༦༽ གཡག་མཆོད་སྐབས་ལུ་ལས་རིམ་ག་ཅི་ར་ཡོད།
༧༽ གཡག་མཆོད་ཀྱི་ཕན་པ་ག་ཅི་ར་ཡོད།
༨༽ གཡག་མཆོད་སྐབས་ལུ་དཀའ་ངལ་དང་གདོང་ལེན།
ངོ་སྤྲོད།
[ཞུན་དག]༼བློ་ལྡན་གཞི་ཚོགས་ཀྱི་འདྲི་ལན་འབད་ཡོད་པའི་གློག་བརྙན་སྒྲ་ཟུང་༽ནང་ རྒཔ་རྡོ་རྗེ་དབང་ཕྱུག་གིས་བཤད་མི་ན་ལུ་ གཡག་མཆོད་ཟེར་མི་འདི་ ཡར་དཀོན་མཆོག་ལུ་ མཆོད་པ་འཕུལ་ནི་དང་། མར་ངན་སློང་ལུ་ སྦྱིན་པ་གཏང་ནི་དང་ བསོད་ནམས་བསགས་ཐབས་ཀྱི་ ལམ་སྲོལ་གཙོ་བོ་ཅིག་སྦེ་ བུམ་ཐང་ཨུ་རའི་གཡུས་ཚན་ནང་ལུ་ ལོ་བསྟར་བཞིན་དུ་བརྩིས་སྲུང་ཞུ་སྲོལ་ཡོད་པའི་ ལམ་སྲོལ་ཁག་མ་འདྲཝ་བརྒྱད་དེ་ཅིག་ཡོད་པའི་གྲལ་ལས་ གཙོ་ཆེ་བ་གཅིག་གཡག་མཆོད་འདི་ཨིན་མས།
༡༽ གཡག་མཆོད་ཟེར་སླབ་དགོ་པའི་ཁུངས་དོན།
[ཞུན་དག]༼Read Bhutan གཡག་མཆོད། ཀི་དེབ་ཤོག་གྲངས་༡༧ པ་ནང་ལས༽ གཡག་མཆོད་ཟེར་སླབ་དགོ་མི་འདི་ ཧེ་མ་རྒྱལ་ཁབ་ནང་ ནང་པ་སངས་རྒྱས་པའི་ཆོས་མ་དར་བའི་སྐབས་ལུ་ བོན་ལུགས་ལས་དར་དརཝ་ཅིག་ཨིན་པས། གཡག་མཆོད་ཟེར་མི་འདི་ ལྷ་ལུ་གཡག་གི་མཆོད་པ་ ཕུལ་བའི་སྲོལ་ཅིག་ལས་རྟེན་ཏེ་ གཡག་མཆོད་ཟེར་སླབ་ཨིན་པས། དེ་ཡང་༼པད་གླིང་ལྷ་བསངས་བར་ཆད་ཀུན་སེལ།། ཤོག་གྲངས་༢༧ རྒྱབ་ཤོག་ནང་ལས་ གཡག་ལུག་ར་གསུམ་གཏོར་མ་འབུལ་བའི་སྐབས་ལུ། གཡག་དཀར་འདི་ནི་གྲུས་ཀྱིས་མཆོད། །ལུག་དཀར་འདི་ནི་མཐོང་གིས་མཆོད། །ར་དཀར་འདི་ནི་གསེར་གྱིས་མཆོད། །ཡུལ་ལྷ་གཞི་བདག་ཐམས་ཅད་ལ། །མཆོད་དོ་འབུལ་ལོ་བཞེས་སུ་གསོལ།།༽ཟེར་ གཡག་མགོའི་ཚབ་ལུ་ གཏོར་མའི་གཡག་མགོ་བཟོ་ཏེ་མཆོད་པ་ཕུལ་སྲོལ་ པད་མ་གླིང་པ་གིས་མཛད་བཞག་ནུག།
གཡག་མཆོད་འདི་ ད་རེས་ནངས་པ་འཕྲོ་མཐུད་དེ་ར་ བརྩིས་སྲོལ་ཡོད་རུང་ དོན་དག་དང་ལག་ལེན་ འཐབ་སྲོལ་དེ་བསྒྱུར་བཅོས་སོང་སྟེ་ལོ་ཨ་རྟག་ར་ རང་ཟླ་༣ པའི་ཚེས་༡༢ ལུ་ཕྱག་རྡོར་གྱི་སྐུ་འདྲ་དེ་ ཨུ་ར་ལྷ་ཁང་སྦོམ་ནང་གདན་འདྲེན་ཞུ་སྟེ་ ཉིནམ་ལྔ་གི་རིང་ལུ་ ཆོ་ག་དང་མཆོདཔ་ཕུལ་སྟེ་ ཕྱག་རྡོར་གྱི་དུས་མཆོད་སྦེ་བརྩི་སྲོལ་ཡོདཔ་མི་ལུ་སླབ་ཨིན།
༢༽ གཡག་མཆོད་འདི་ ས་གནས་ག་ཏེ་ལུ་བརྩིས་སྲུང་ཞུ་སྨོ།
[ཞུན་དག]༼Read Bhutan གཡག་མཆོད། ཀི་དེབ་ཤོག་གྲངས་༡༥ པ་ནང་ལས་༽ གཡག་མཆོད་འདི་ ས་གནས་བུམ་ཐང་ཨུ་ར་གཡུས་ཚན་ནང་གི་ ལོ་བསྟར་གི་དུས་སྟོན་གཙོ་བོ་ཅིག་འབད་ བརྩིས་སྲུང་ཞུཝ་ཨིན། དེ་མ་ཚད་གཡག་མཆོད་དུས་སྟོན་རྫོགསཔ་ཅིག་ ནང་རྟེན་འདི་ འགོ་དང་པ་མཇལ་མི་ ཨང་རྒས་ཀྱི་ཁྱིམ་ནང་ལུ་ གདན་འདྲེན་ཞུཝ་ཨིན། ནང་རྟེན་འདི་ཁྱིམ་འདི་གི་མ་ཚད་ ཨུ་ར་གཡུས་ཚན་ཡོངས་ཀྱི་ སྲུང་མ་སྦེ་ཡང་བརྩིསཝ་ཨིན།
༣༽ གཡག་མཆོད་འདི་དུས་ནམ་ལས་དར་ནུག།
[ཞུན་དག]ཨུ་ར་རྒཔ་ རྡོ་རྗེ་དབང་ཕྱུག་གིས་བློ་ལྡན་གཞི་ཚོགས་ཀྱི་བཟོ་ཡོད་པའི་ འདྲི་ལན་གློག་བརྙན་སྒྲ་ཟུང་ལས་རིམ་ནང་བཤདཔ་ད་ གཡག་མཆོད་འདི་ དུས་རབས་༨ ལས་དར་ནི་འགོ་བཙུགས་ནུག་ཟེར་སླབ་མས།
༤༽ གཡག་མཆོད་འདི་ག་དེ་འབད་གཞི་བཙུགས་སྦེ་ནུག།
[ཞུན་དག]༼READ Bhutan གཡག་མཆོད། ཀི་དེབ་ཤོག་གྲངས་༡ ལས་༡༣ པ་ནང་ལས་༽ བཤད་དོ་ཟུམ། ཧེ་མ་ཧེ་མ་ ཨུ་རའི་གཡུས་ཚན་ནང་། ཨ་རྟག་ར་སྐུདཔ་འཁལ་སྡོད་མི་ ཨང་རྒས་ཅིག་ཡོད་མས། ཉིནམ་གཅིག་འབདཝ་ད་ ཨང་རྒས་ཀྱི་ཁྱིམ་སྒོ་ཁར་ བསོད་བསྙོམས་ལྷང་མི་དགེ་སློང་གཅིག་ ལྷོད་ཡོདཔ་ཨིན་པས། ཨང་རྒས་འདི་བསོད་བསྙོམས་ཕུལ་ནི་ལུ་སེམས་དགའ་སྟེ་ བསོད་བསྙོམས་ ལེན་པ་ནང་ན་སོང་སོངམ་མས། མོ་ར་བསོད་བསྙོམས་འབག་སྟེ་ལོག་འོངམ་ད་ དགེ་སློང་འདི་མཐོང་ས་རང་མེདཔ་ཨིནམ་པས། དགེ་སློང་གི་ཚབ་ལུ་ ཕྱག་རྡོར་གྱི་སྐུ་འདྲ་གཅིག་མཇལ་ནུག། ཕྱག་རྡོར་གྱི་སྐུ་འདྲ་དེ་འཐུ་ཞིནམ་ལས་ མོ་རའི་མཆོད་བཤམ་ནང་བསྐྱལ་བཞག་ནུག།
སྐུ་འདྲ་འདི་ མ་འདྲཝ་ཅིག་ཡོདཔ་ཨིན་པས། ཨང་རྒས་ཀྱིས་སྐུ་འདྲ་འདི་ བཞག་ས་གཅིག་ལུ་མ་བཞུགས་པར་ ཕར་སྤོ་ཚུར་སྤོ་འབད་ས་འཇལཝ་མ་ཚད་ ཞལ་ཡང་སྦས་སྟང་ཕྱོགས་ལུ་སྒོར་ཏེ་ བཞུགས་ས་འཇལ་ནུག། མོ་གིས་ཞལ་ སོ་སོ་སྦེ་བསྒྱུར་ཏེ་བཞག་རུང་ ལོག་སྟེ་ར་ག་ཨིནམ་སྦེ་ ཞལ་སྒོར་ས་འཇལ་ནུག། ཨང་རྒས་ཀྱིས་སྐུ་འདྲ་འདི་གི་མཛད་རྣམ་ལུ་བལྟ་སྟེ་ སྦས་སྟང་གཡུས་ཚན་ལུ་ ལུང་བསྟན་ཅིག་ ཡོདཔ་འོང་ནི་མས་མནོ་སྟེ་ སྦས་སྟང་ལྷ་ཁང་ནང་བསྐྱལ་ནུག། ལྷ་ཁང་དེ་གི་དགེ་སློང་ཚུ་གིས་ བསུ་བ་དང་བཅསཔ་སྦེ་ གདན་འདྲེན་ཞུ་སྟེ་ མཆོདཔ་ད་ཆོ་ག་གནང་ནུག། ཆོ་ག་གནང་སྡོད་པའི་བར་ན་ དགེ་སློང་དང་སྦས་སྟང་གི་མི་སེར་ཚུ་གིས་ ས་ཡོམ་ཤུགས་སྦེ་རྐྱབ་ས་ ཚོར་ནུག། ལྷ་ཁང་གི་ཕྱི་ཁ་ལུ་ བདུད་སྦུལ་མགུ་ཏོ་དགུ་འབད་མི་ཅིག་ ཆུ་རྫིང་ནང་ལས་ཐོན་འོང་ནུག། མི་ཚུ་གིས་སྐད་རྐྱབ་ རྔ་དང་རོལམོ་བརྡུང་སྦེ་ བདུད་དེ་བདའ་བཏང་ནུག། བདུད་སྦུལ་དེ་ ཆུ་རྫིང་དེའི་ནང་གཡིབ་སྡོད་སྦེ་ སྦས་སྟང་གི་མི་ཚུ་ལུ་ གནོདཔ་བཀལ་དོ་ཡོདཔ་ཨིན་པས། ཕྱག་རྡོར་གྱི་སྐུ་འདྲ་དེ་ལུ་བརྟེན་ བདུད་སྦུལ་དེ་འབྱོག་སོང་ནུག། སྦས་སྟང་གི་མི་ཚུ་གིས་ བདུད་སྦུལ་གྱི་སྐོར་ལས་ ལོག་སྟེ་གོ་ར་མ་གོ་བས། དུས་དེ་ལས་ཚུར་ཕྱག་རྡོར་གྱི་སྐུ་འདྲ་དེ་ ཨུ་ར་གཡུས་ཚན་གྱི་རྟེན་གཙོ་བོ་སྦེ་ བརྩིསཝ་ཨིན་པས། ཉིནམ་དེ་ལས་ཚུར་ གཡག་མཆོད་ཕུལ་ནི་ སྲོལ་གཞི་བཙུགས་འབད་ནུག།
༥༽ གཡག་མཆོད་འདི་གནད་དོན་ག་ཅི་འབད་གཞི་བཙུགས་འབད་ཡི་ག།
[ཞུན་དག]༼བློ་ལྡན་གཞི་ཚོགས་ཀྱི་ འདྲི་ལན་འབད་ཡོད་པའི་གློག་བརྙན་སྒྲ་ཟུང་ ལས་རིམ་ནང་༽ བུམ་ཐང་ཨུ་ར་གཡུས་ཚན་གྱི་རྩ་བའི་བླམ་ ཡོངས་གྲགས་ལུ་ དགེ་འདུན་བླམ་ཟེར་མི་འཇམ་དབྱངས་ཀྱིས་ བཤད་མི་ནང་ དེ་སྒང་ཨུ་ར་གཡུས་ཚན་ནང་ཀླུ་ནད་ཤུགས་སྦེ་ འཐོན་པའི་སྐབས་ལུ་ ཧེ་མ་ཨང་རྒས་འབད་ས་ བསོད་བསྙོམས་ལྷང་བ་འོང་མི་ དགེ་སློང་དེ་གུ་རུ་རིན་པོ་ཆེའི་རྫུ་འཕྲུལ་སྦེ་བྱོན་ཏེ་ ཀླུ་ནད་སེལ་འཐབ་དང་ ནད་རིམས་བཟློག་ཐབས་ལུ་ཐུགས་རྗེ་གཟིགས་ཏེ་ ཕྱག་རྡོར་གྱི་སྐུ་གནང་གནངམ་ཨིནམ་སྦེ་ དད་པ་སྐྱེས་དོ་ཟེར་བཤད་ཅི། གནད་དོན་དེ་ལུ་རྟེན་ཏེ་ གཡག་མཆོད་ཀྱི་ཉིནམ་འདི་ལུ་ གཙོ་བོ་ཕྱག་རྡོར་གི་དུས་མཆོད་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན།
༦༽ གཡག་མཆོད་སྐབས་ལུ་ལས་རིམ་ག་ཅི་ར་ཡོད།
[ཞུན་དག]དགེ་འདུན་བླམ་ འཇམ་དབྱངས་ཀྱིས་༼བློ་ལྡན་གཞི་ཚོགས་ཀྱི་བཟོ་ཡོད་པའི་གློག་བརྙན་འདྲི་ལན་གྱི་ལས་རིམ་སྒྲ་ཟུང་༽ནང་བཤདཔ་ད་ རང་ཟླ་༣ པའི་ཚེས་༡༢ ལས་ཚེས་༡༦ ཚུན་ ཕྱག་རྡོར་གྱི་སྐུ་འདྲ་དེ་ ཨུ་ར་ལུ་གདན་འདྲེན་ཞུ་སྟེ་ ཉིནམ་༥ གི་རིང་ལུ་ཆོ་ག་དང་མཆོད་པ་ སྐུ་འཆམ་གྱི་རིམ་པ་ཚུ་གི་སྐོར་རིམ་པ་ཞིན་དུ་ཞུ་དོ་ཡོདཔ་ཨིན་པས།
དང་པ་ར་ ཆོ་གའི་རིམ་པ། ༡༽ ཕྱག་རྡོར་གྱི་ཆོ་ག། ༢༽ སྟ་གོན། ༣༽ བགེགས་བསྐྲོད། ༤༽ ཨུ་རའི་ཆོས་སྲུང་ཡོངས་རྫོགས། ༥༽ ཚེ་ཁུག། ༦༽ མཇུག་ལུ་ ཕྱྭ་ལྷ་བཏང་སྟེ་ བཀྲ་ཤིས་རྒྱས་ཤིང་རྒྱས་པར་ཕབ་ཐོག་ལས་ མཐའ་བསྡུཝ་ཨིན་པས། གཉིས་པ་ སྐུ་འཆམ་གྱི་རིམ་པ། ༡༽ ཕྱག་རྡོར་རྟེན་འཆམ། ༢༽ ཞྭ་ནག་འཆམ། ༣༽ གཤིན་རྗེའི་འཆམ། ༤༽ ཁྱུང་འཆམ། ༥༽ སྒོ་མ་བཞིའི་འཆམ། ༦༽ པད་གླིང་གིང་གསུམ་གི་འཆམ་གཙོས་ ཞི་འཆམ་དང་བོད་འཆམ་ ལ་སོགས་པའི་ལས་རིམ་དང་ རང་ལུགས་ཞབས་ཁྲ་གི་རིམ་པ་ཡང་། གཞུང་སྒྲ། བོད་སྒྲ། རིག་གསར་ལ་སོགས་པ་རྣམ་པ་སྣ་ཚོགས་ སྤྱན་འབུལ་ཞུ་དོ་ཡོདཔ་ཨིན་མས།
༧༽ གཡག་མཆོད་ཀྱི་ཕན་པ་ག་ཅི་ར་ཡོད།
[ཞུན་དག]༼བློ་ལྡན་གཞི་ཚོགས་ཀྱི་སྒྲ་ཟུང་འབད་ཡོདཔ་མི་ འདྲི་ལན་གློག་བརྙན་༽ནང་ རྒཔ་རྡོ་རྗེ་དབང་ཕྱུག་གིས་བཤད་དོ་ཟུམ་སྦེ་བ་ཅིན། སྤྱིར་སངས་རྒྱས་བསྟན་པ་དར་ཞིང་རྒྱས་ནི་དང་། ལྷག་པར་དུ་ ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་བཞིའི་གྲལ་ལས་ ཆོས་དང་ལམ་སྲོལ་གྱི་ཀ་ཆེན་འདི་ལུ་ བརྩིས་བཀུར་ཞུ་ནི་འགོ་སྐབས་ཐོབ་ནི་དང་། ལམ་སྲོལ་མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་དང་། དེ་ལས་ བུམ་ཐང་ཨུ་ར་གཡུས་ཚན་གྱི་ ལམ་སྲོལ་བཟང་པོའི་སྲོལ་འཁྱུན་ཚུ་ སྒྲིང་སྒྲི་སྦེ་བཙུགས་བཞག་ཏེ་ མ་འོངས་དཔལ་ལྡན་འབྲུག་པའི་བུ་རྒྱུད་ཚུ་ལུ་ ཕན་ཐོག་ཡོད་ཟེར་བཤད་དེ་ཡོདཔ་ཨིན།
༨༽ གཡག་མཆོད་སྐབས་ལུ་དཀའ་ངལ་དང་གདོང་ལེན།
[ཞུན་དག]བློ་ལྡན་གཞི་ཚོགས་ཀྱི་ བཟོ་ཡོད་པའི་འདྲི་ལེན་གློག་བརྙན་སྒྲ་ཟུང་ནང་ རྒཔ་རྡོ་རྗེ་དབང་ཕྱུག་གིས་བཤདཔ་ད། ད་རེས་ནངས་པར་དུས་ཀྱི་ འཕོ་འགྱུར་དང་བསྟུན་ གཡུས་ཁ་གི་ན་གཞོན་ཚུ་ ཤེས་ཡོན་སྦྱང་ཚར་ཞིནམ་ལས་ མང་ཤོས་ཅིག་ཁྲོམ་ཁར་ལཱ་གཡོག་འཚོལ་ཏེ་སྡོད་དོ་ཡོདཔ་ད། གཡུས་ཁའི་བུམ་ཚུ་ཡང་ མང་ཤོས་ཅིག་ར་གཡུས་གཞན་ཁར་ གཉེན་རྐྱབ་སྟེ་སོང་ཚརཝ་ལས་རྟེན་ རང་གི་གཡུས་ཁར་ ཁག་ཆེ་བའི་སྐབས་སུ་འཆམ་རྐྱབ་མི་ ཕོ་སྐྱེས་ལངས་མ་ཚུགས་པའི་དཀའ་ངལ་དང། ཞབས་ཁྲ་རྐྱབ་མི་ བུམ་གི་ལངས་མ་ཚུགས་པའི་དཀའ་ངལ་དང་གདོང་ལེན་ སྦོམ་སྦེ་ར་བྱུང་སྟེ་ཡོད་ཟེར་སླབ་མས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡༽ བློ་ལྡན་གཞི་ཚོགས་ཀྱི་སྒྲ་ཟུང་འབད་ཡོདཔ་མི་ ཨུ་ར་གཡག་མཆོད་ཀྱི་ འདྲི་ལན་གློག་བརྙན།
༢༽ READ Bhutan གཡག་མཆོད། དཔེ་དེབ།
༣༽ པད་གླིང་ལྷ་བསངས་བར་ཆད་ཀུན་སེལ། དཔེ་དེབ།
༤༽ རྫོང་ཁ་གོང་འཕེལ་ལྷན་་ཚོགས། ཤོག་ལེབ་ ༤་ ལས།