དར་དཀར་བཀྲིས་གཡང་རྩེ་རྫོང(དར་དཀར་ན།)

Wikipedia ལས།

༡༦༤༨ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ མགྲོན་གཉེར་འབྲུགརྣམ་རྒྱལ་དེ་ དར་དཀར་ན་གི་ས་གནས་འདི་དབང་དུ་བསྡུ་ནིའི་དོན་ལུ་ དར་དཀར་ན་ལུ་ གཏང་ཡོདཔ་མ་ཚད་ ལྷོ་མཚམས་ཀྱི་ ཌུའར་ས་གནས་ཚུ་ནང་ལས་ བཙན་འཛུལ་འབད་མི་དམག་མི་ཚུ་ལས་ སྲུང་སྐྱོབ་འབད་ནིའི་དོན་ལུ་ རྫོང་བཞེངས་དགོ་པའི་བཀའ་རྒྱ་གནང་ནུག། འདི་དང་འཁྲིལ་ཏེ་ འབྲུག་རྣམ་རྒྱལ་གྱིས་ དར་དཀར་ལ་གི་ ས་ཁོངས་ཚུ་དབང་དུ་བསྡུ་སྟེ་ རྫོང་བཞེངས་ནིའི་ གྱམ་བཙུགས་ནི་འགོ་བཙུགས་པའི་སྐབས་ དར་དཀར་ན་གི་མི་ཚུ་གིས་ རྫོང་བཞེངས་ནི་ནང་ལུ་ གྲོགས་རམ་འབད་ནུག། ལོ་གཉིས་ཀྱི་ཤུལ་ལས་ ༡༦༥༡ ལུ་ རྫོང་དེ་བཞེང་ཚར་དེ་ གཞུང་འབྲེལ་གྱི་ཐོག་ལས་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ དར་དཀར་བཀྲིས་གཡང་རྩེ་རྫོང་ཟེར་ མིང་བཏགས་གནང་ཞིནམ་ལས་ བསྟན་པ་ ཕྲིན་ལས་འདི་ དར་དཀར་ན་གི་ དཔོན་སློབ་དང་པ་སྦེ་ བཀལ་གནང་ནུག།

རྫོང་འདི་ལུ་ གཞན་དང་མ་འདྲཝ་སྦེ་ དབུ་རྩེ་རིངམོ་ སྦེ་ཡོདཔ་དང་ དེ་ཡང་རྫོང་གཞི་ གཞན་ཚུ་བཟུམ་སྦེ་ བལྟ་རྫོང་སོ་སོ་སྦེ་བཞེངས་ཏེ་མེད་མི་ལུ་བརྟེན་ཏེ་ དམག་ཚུ་ལས་ སྲུང་སྐྱོབ་འབད་ནིའི་དོན་ལུ་ཨིན་མས། འབྲུག་པའི་དམག་ཚུ་གིས་ དབུ་རྩེ་རིངམོ་ཡོད་མི་དེ་ བལྟ་རྫོང་གི་ཚབ་ལུ་ལག་ལེན་འཐབ་སྟེ་ དམག་རྐྱབ་དོ་ཡོདཔ་ཨིན་མས།

ད་རེས་ནངས་པ་ རྫོང་འདི་ནང་ལུ་ གཞུང་གི་གྲྭ་ཚང་ཡོདཔ་མ་ཚད་ དེ་ནང་ལུ་ ལྷ་ཁང་བརྒྱད་ཡོད་མི་ཚུ་ནང་ ནང་བརྟེན་གཙོབོ་ གནས་བརྟེན་བཅུ་དྲུག་གི་ མཐའ་སྐོར་ཏེ་ཡོད་པའི་ ཇོབོ་ ཤཀྱ་མུ་ནི་ཡོདཔ་ཨིན།

རྫོང་འདི་གིས་ རྒྱལ་ཁབ་ལུ་གནོདཔ་བསྐྱལ་མི་ ལྷོ་མཚམས་ཀྱི་བྱང་ཕྱད་ཚུ་ལས་སྲུང་སྐྱོབ་འབད་ནི་ལུ་ ཕན་ཐོགས་འབྱུང་ཡོདཔ་མ་ཚད་ ད་རེས་ རྫོང་འདི་གིས་ དར་དཀར་ན་གི་མི་སེར་ཚུ་གི་ དོན་ལུ་ བདག་སྐྱོང་གི་ཕན་ཐོགས་སྦོམ་སྦེ་ར་འབྱུང་དོ་ཡོདཔ་ཨིན། རྫོང་དེ་ལུ་ ས་གཡོམ་དང་ རླུང་ཚུབ་ལ་སོགས་པ་ཚུ་གིས་གནོད་སྐྱོན་ ལེ་ཤ་ཅིག་འབྱུང་ཡོདཔ་དང་ དེ་ཡང་མང་ཤོས་ཅིག་ དཔོན་སློབ་དྲུག་པ་ པད་དཀར་འབྱུང་གནས་ཀྱི་སྐབས་ལུ་འབྱུང་ནུག། རྫོང་གི་ ཁྱིམ་ཐོག་ཚུ་ག་ར་ རླུང་གིས་ཕྱག་འབག་ཡོདཔ་མ་ཚད་ རྫོང་ནང་ན་ལུ་ གནོད་སྐྱོན་ སྦོམ་སྦེ་ར་འབྱུང་ནུག། དེ་འཕྲོད་ལས་ ཉམས་བཅོས་འབད་ནི་འགོ་བཙུགས་ཏེ་ རྗེ་ བསྟན་འཛིན་ཆོས་རྒྱལ་མཆོག་གིས་ རབ་གནས་མཛད་དེ་ རྫོང་འདི་ནང་ལུ་ གྲྭ་ཚང་འགོ་དང་པ་བཙུགས་ཞིནམ་ལས་ དགེ་ཤེས་ རབ་རྒྱས་དེ་ བླམ་གནས་བརྟེན་དང་པ་སྦེ་ བཀལ་གནང་ནུག།

གནོད་སྐྱོན་ གཉིས་པ་དེ་ ༡༨༩༧ ལུ་ རྫོང་ཧྲིལ་བུམ་ ས་གཡོམ་གྱིས་ཧྲམ་བཏང་བའི་སྐབས་ལུ་འབྱུང་ནུག། དེ་གི་སྐབས་ལུ་ རྫོང་རྩ་བ་ལས་ ཉམས་གསོ་ཞུཝ་མ་ཚད་ ལྷ་ཁང་ཧེང་བཀལ་རྐྱབས་ཏེ་ སྐུ་རྟེན་ཡང་ལེ་ཤ་ཅིག་བཞེངས་གནང་ནུག།