འབྲུག་གི་སྤྱི་ཚོགས། Ι The Parliament of Bhutan
སྤྱི་ཚོགས།
[ཞུན་དག]འབྲུག་གི་སྤྱི་ཚོགས་འདི་ རྒྱལ་ཁབ་ནང་ དབུ་འཕང་མཐོ་བའི་ཁྲིམས་བཟོའི་གཙུག་སྡེ་ཨིན། གཙུག་སྡེ་འདི་ནང་ འབྲུག་རྒྱལ་པོ་མཆོག་དང་ ཚོགས་ཁང་གོང་འོག་གཉིས་ལྡན་གསུམ་ཚུདཔ་ཨིན། ཚོགས་ཁང་གཉིས་ཡང་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་གཉིས་ལུ་སླབ་ཨིན། སྤྱིར་གཏང་རྒྱལ་ཡོངས་ཚོགས་སྡེ་ལུ་ ཚོགས་ཁང་གོངམ་དང་ རྒྱལ་ཡོངས་ཚོགས་འདུ་ལུ་ ཚོགས་ཁང་འོགམ་ཟེར་ཞུཝ་ཨིན། རྒྱལ་ཡོངས་ཚོགས་སྡེ་འདི་ ཁྲིམས་བཟོ་དང་བསྐྱར་ཞིབ་གཉིས་ཆ་རའི་འགན་དབང་ཡོདཔ་ལས་ བསྐྱར་ཞིབ་ཀྱི་ཚོགས་ཁང་ཟེར་ཡང་སླབ་ཨིན།
གནས་ཡུན།
[ཞུན་དག]སྤྱི་ཚོགས་ཀྱི་གནས་ཡུན་འདི་ལོ་ལྔ་རེ་ཨིན། འབྲུག་གི་སྤྱི་ཚོགས་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་ ༡༡ པ་དང་འཁྲིལ་ སྤྱི་ལོ་ ༢༠༠༨ ལུ་གཞི་བཙུགས་འབད་འབདཝ་ཨིན། དེ་བཟུམ་སྦེ་ སྤྱི་ཚོགས་ལྷན་བཞུགས་འགོ་ཐོག་དང་པ་འདི་ སྤྱི་ཚེས་ ༨/༣/༢༠༠༨ ལས་ ༣༠/༣/༢༠༠༨ ཚུན་ཚོགས་ཡོདཔ་ཨིན་མས། ལོ་ལྔ་རེ་རེའི་བར་ན་ རྒྱལ་ཡོངས་གནས་ཚད་ནང་ འདེམས་ཁོངས་བསྡོམས་༤༧ ནང་བཙགས་འཐུ་ཚར་རེ་འགོ་འདྲེན་འཐབ་ད་ སྲིད་ཚོགས་གཉིས་གདམ་འཐུ་བསྒྲུབས་སྟེ་ འདེམས་ཁོངས་དཔྱ་ཕྱེད་༼འདེམས་ཁོངས་༢༤༽ ལས་རྒྱལ་ཁ་འཐོབ་མི་འདི་གིས་ གཞུང་སྐྱོང་དང་སོ་སོར་དེ་གིས་ལྡོག་ཕྱོགས་འབད་དོ་ཡོདཔ་ཨིན། ད་ཚུན་རིང་གཞུང་ཐེངས་༤ སོར་ཡོདཔ་དང་ དེ་ནང་གཞུང་སྐྱོང་དང་ལྡོག་ཕྱོགས་འདི་འོག་གི་སྒྲོམ་ནང་བཀོད་ཡོད།
གཞུང་སྐྱོང་དང་ལྡོག་ཕྱོགས་རྒྱལ་ཕམ་སྐོར།
[ཞུན་དག]ལོ། | གཞུང་སྐྱོང་སྲིད་ཚོགས་ | ལྡོག་ཕྱོགས་སྲིད་ཚོགས་ | གཞུང་སྐྱོང་/ལྡོག་ཕྱོགས་འདེམས་ཁོངས་རྒྱལ་བ། |
༢༠༠༨-༢༠༡༢ | འབྲུག་ཕུན་སུམ་ཚོགས་པ། | མི་སེར་དམངས་གཙོ་ཚོགས་པ། | ༤༥/༠༢ |
༢༠༡༣-༢༠༡༧ | མི་སེར་དམངས་གཙོ་ཚོགས་པ། | འབྲུག་ཕུན་སུམ་ཚོགས་པ། | ༣༢/༡༥ |
༢༠༡༨-༢༠༢༢ | འབྲུག་མཉམ་རུབ་ཚོགས་པ། | འབྲུག་ཕུན་སུམ་ཚོགས་པ། | ༣༠/༡༧ |
༢༠༢༣-༢༠༢༧ | མི་སེར་དམངས་གཙོ་ཚོགས་པ། | བྷུ་ཊཱན་རྟེན་འབྲེལ་ཚོགས་པ། | ༣༠/༡༧ |
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡༽ འབྲུག་གི་རྒྱལ་ཡོངས་ཚོགས་སྡེ། https://web.archive.org/web/20231113104609/https://www.nationalcouncil.bt/en
༢༽ འབྲུག་གི་རྒྱལ་ཡོངས་ཚོགས་སྡུ། https://web.archive.org/web/20231202121402/https://www.nab.gov.bt/en/
༣༽ འབྲུག་གི་བཙག་འཐུ་ལྷན་ཚོགས། https://www.ecb.bt/elections/
༤༽ འབྲུག་གི་སྤྱི་ཚོགས། ༼གནམ་ལོ་མེད་༢༠༠༨༽ འབྲུག་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མ། https://+www.ecb.bt/wpcontent/uploads/2013/04/ElectionActEnglish.pdf