ཀེམ་བྷོ་ཌི་ཡ། Cambodia
སའི་རྒྱ་ཚད་དང་ཆགས་རབས།

ཀེམ་བྷོ་ཌི་ཡ་འདི་ ཨིན་ཌོ་རྒྱ་ནག་གི་ཕྱོགས་གསུམ་ཆུ་གླིང་ནང་ཆགས་ཏེ་ཡོད་པའི་ ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ ནུབ་དང་ནུབ་བྱང་ལུ་ ཐཱའི་ལེནཌ་དང་ བྱང་ཕྱོགས་ལུ་ ལཱཝོས་ ཤར་དང་ལྷོ་ཕྱོགས་ལུ་ བེཊ་ནཱམ་ དེ་ལས་ ལྷོ་ནུབ་ལུ་ ཐཱའི་ལེནཌ་གི་མཚོ་ཁུག་ཚུ་གིས་མཐའ་སྐོར་ཏེ་ཡོདཔ་ཨིན།
རྒྱལ་ཁབ་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༡༨༡,༠༣༥ དེམ་ཅིག་ཡོདཔ་ཨིན། བདག་སྐྱོང་གི་ཐད་ལུ་ ཀེམ་བྷོ་ཌི་ཡ་འདི་ རྒྱལ་ས་ཕེ་ནོམ་པེན་བརྩིས་ཏེ་ མངའ་སྡེ་༢༥ ལུ་དབྱེ་སྟེ་ཡོདཔ་དང་ འདིའི་ནང་ལས་ཡང་ ཡན་ལག་མངའ་སྡེ་དང་ ཀ་མུན་ཟེར་བའི་མཉམ་གནས་མི་ཚན་ཚུ་ལུ་དབྱེ་སྟེ་ཡོདཔ་ཨིན།
རྒྱལ་ཁབ་ཀྱི་ས་ཆའི་ཆགས་ཚུལ་གྱི་ཐད་ཁར་ མེ་ཀོང་གཙང་ཆུ་དང་ ཤར་ལྷོ་ཨེ་ཤི་ཡ་ལུ་ ཆུ་གཙང་མའི་མཚོ་སྦོམ་ཤོས་ཅིག་ཨིན་མི་ཊོན་ལེ་སབ་མཚོ་ ཟེར་མི་ཡང་ རྒྱལ་ཁབ་འདི་ནང་ཡོདཔ་མ་ཚད་ དབུས་ཕྱོགས་ལུ་ས་ཐང་སྦེ་ཡོདཔ་དང་ འདིའི་མཐའ་བསྐོར་ཏེ་ ཀར་ཌ་མོམ་དང་ ཌང་རེག་ ཟེར་བའི་གངས་རི་ཚུ་ཡོདཔ་ཨིན། ཀེམ་བྷོ་ཌི་ཡ་ལུ་ ཆརཔ་རྐྱབ་ནི་གི་དུས་ཚོད་འདི་ སྤྱི་ཟླ་༥ པ་ལས་ སྤྱི་ཟླ་༡༠ པ་ཚུན་ཨིནམ་དང་ སྐམ་སྐྲོག་སྐྲོ་སྦེ་སྡོད་པའི་དུས་ཚོད་འདི་ སྤྱི་ཟླ་༡༡ པ་ལས་༤ པ་ཚུན་ཨིན།

མི་རློབས་དང་མི་རིགས།
ཀེམ་བྷོ་ཌི་ཡ་ལུ་ མི་རློབས་ས་ཡ་༡༧.༤༢ དེམ་ཅིག་ཡོདཔ་ཨིན། མི་རིགས་ཁྱབ་ཆེ་ཤོས་འདི་ ཁའི་མར་གྱི་མི་རིགས་འདི་ཨིནམ་དང་ མི་རློབས་བརྒྱ་ཆ་༩༠ དེམ་ཅིག་མི་རིགས་འདི་ཡོདཔ་ཨིན། དེ་ལས་ གྲངས་ཉུང་གི་མི་རིགས་གཞན་ ཆམ་མུསི་ལིམ་དང་ བེཊ་ནཱ་མིས་ དེ་ལས་ རྒྱ་མི་དང་ ས་གནས་ཀྱི་གངས་རིའི་མི་རིགས་ ལ་སོགས་པ་ཚུ་ཡོདཔ་ཨིན།
ཀེམ་བྷོ་ཌི་ཡའི་མི་རིགས་མང་ཤོས་རང་ རིགས་མཐུན་གྱི་མི་རིགས་ཨིནམ་དང་ ཁའི་མར་གི་ལམ་སྲོལ་དང་སྐད་ཡིག་འདི་ རྒྱལ་ཡོངས་ངོ་རྟགས་སྦེ་རྩིས་དོ་ཡོདཔ་ཨིན།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
ཀེམ་བྷོ་ཌི་ཡ་འདི་ སྤྱི་ཚོགས་ཀྱི་ལམ་ལུགས་ཡོད་པའི་ རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁམས་ཀྱི་དབུ་ཁྲིདཔ་འདི་ རྒྱལཔོ་ནོ་རོ་ཌོམ་སི་ཧ་མོ་ནི་ཨིན། དེ་ལས་ འཛིན་སྐྱོང་གི་དབང་ཚད་འདི་ བློན་ཆེན་ལུ་ཡོདཔ་དང་ བློན་ཆེན་འདི་ རྒྱལ་ཡོངས་ཚོགས་འདུ་གིས་བཙག་འཐུ་འབད་དོ་ཡོདཔ་ཨིན།
རྒྱལ་ཁབ་འདི་གི་ཁྲིམས་བཟོ་ལྷན་སྡེ་ནང་ ཚོགས་ཁང་གཉིས་ཡོདཔ་དང་ དེ་ཡང་ རྒྱལ་ཡོངས་ཚོགས་འདུ་དང་ སེ་ནེཊ་གི་ཚོགས་ཁང་གཉིས་ཨིན། ད་ལྟོ་གཞུང་འཛིན་ཚོགས་པ་ཨིན་མི་ ཀེམ་བྷོ་ཌི་ཡ་མི་སེར་ཚོགས་པ་གིས་ སྤྱི་ལོ་༡༩༨༠ ལས་འགོ་བཟུང་ ད་ལྟོའི་བར་ན་ གཞུང་སྐྱོང་གི་དབང་ཚད་འཕྲོ་མཐུད་དེ་ར་ཐོབ་སྟེ་ཡོདཔ་དང་ འདས་པའི་ལོ་ཚུ་ནང་ ཚོགས་པ་འདི་ལུ་ སྲིད་དོན་གྱི་དོ་འགྲན་འབད་མི་ ཉུང་སུ་གཅིག་ལས་བརྒལ་མ་ཐོནམ་ཨིན།
ལམ་སྲོལ་དང་ཆོས་ལུགས།
ཀེམ་བྷོ་ཌི་ཡ་གི་ལམ་སྲོལ་འདི་ ཁའི་མར་གྱི་ལམ་སྲོལ་དང་ ཧིན་དུའི་ལམ་སྲོལ་ ནང་པའི་སྲོལ་རྒྱུན་ དེ་ལས་ ཨང་ཀོ་རི་ཡཱན་གྱི་ཡར་ཐོན་གནས་སྟངས་ཚུ་གིས་ ཤན་ཞུགས་འབད་དེ་ཡོདཔ་ཨིན། ཨཔ་ས་ར་ ཟེར་བའི་སྔར་ལུགས་ཀྱི་ཞབས་ཁྲ་དང་ རང་ལུགས་ཀྱི་འབུ་རས་འཐག་ནི་ གྱིབ་མའི་བརྙན་རྩེད་ དེ་ལས་ བཞེས་སྒོ་བཟོ་ཐངས་ཚུ་ ཁོང་གི་ལམ་སྲོལ་གྱི་ཆ་ཤས་ཁག་ཆེ་ཤོས་ཅིག་ཨིན།
རྒྱལ་ཁབ་འདི་ནང་ ཁྱབ་ཆེ་བའི་ཆོས་ལུགས་འདི་ ཐེ་ར་ཝ་དཱ་གི་ནང་པའི་ཆོས་ལུགས་འདི་ཨིནམ་དང་ མི་རློབས་བརྒྱ་ཆ་༩༧ དེམ་ཅིག་གིས་ ཆོས་ལུགས་འདི་བསྟེན་དོ་ཡོདཔ་ཨིན། དེ་མ་ཚད་ ཆོས་ལུགས་འདི་ གཞུང་འབྲེལ་དུ་ རྒྱལ་ཁབ་ཀྱི་ཆོས་ལུགས་སྦེ་ཡང་ ངོས་འཛིན་འབད་དེ་ཡོདཔ་ཨིན། དེ་ལས་ གྲངས་ཉུང་གི་མི་རིགས་ཚུ་གིས་ ཁ་ཆེའི་ཆོས་ལུགས་དང་ ཡེ་ཤུ་པའི་ཆོས་ལུགས་ དེ་ལས་ རྣམ་ཤེས་སྨྲ་བའི་ཆོས་ལུགས་ཚུ་ཡང་ བསྟེན་དོ་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
ཀེམ་བྷོ་ཌི་ཡ་གི་དཔལ་འབྱོར་དེ་ འོང་འབབ་བར་མའི་དཔལ་འབྱོར་གཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་དང་ འདས་པའི་ལོ་ཚུ་ནང་ གྱོན་ཆས་བཟོ་སྐྲུན་དང་ བཟོ་སྐྲུན་ བལྟ་བཤལ་ དེ་ལས་ སོ་ནམ་གྱི་ལཱ་ཚུ་ལས་བརྟེན་ དཔལ་འབྱོར་ཡང་ ཡར་རྒྱས་སྦོམ་སྦེ་ར་སོང་ཡོདཔ་ཨིན།
རྒྱལ་ཁབ་ཀྱི་ཕྱིར་ཚོང་བརྒྱ་ཆ་༧༠ ལྷགཔ་ཅིག་ གྱོན་ཆས་ཚུ་ཨིནམ་དང་ འདི་ལས་བརྟེན་ མི་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ལཱ་གཡོག་བྱིན་ཚུགས་དོ་ཡོདཔ་ཨིན། བལྟ་བཤལ་ལས་སྡེ་དང་ ཆུམ་ཐོན་སྐྱེད་དང་འབྲེལ་བའི་ཞིང་ལཱ་ཚུ་གིས་ཡང་ རྒྱལ་ཁབ་འདིའི་དཔལ་འབྱོར་ལུ་གྲོགས་རམ་སྦོམ་སྦེ་འབད་དོ་ཡོདཔ་ཨིན། རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ཡར་རྒྱས་སྦོམ་སྦེ་རང་འགྱོ་ཡོད་རུང་ དབུལ་ཕོངས་དང་ ངན་ལྷད་ དེ་ལས་ ཕྱི་རྒྱལ་གྱི་གྲོགས་རམ་དང་མ་རྩ་བཙུགས་མི་ཚུ་ལུ་བརྟེན་སྡོད་དགོ་པའི་ གདོང་ལེན་ཚུ་ འཕྲོ་མཐུད་དེ་ར་ བྱུང་དོ་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་ ཕེ་ནོམ་པེན།
ཀེམ་བྷོ་ཌི་ཡ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན་མི་ ཕེ་ནོམ་པེན་འདི་ མེ་ཀོང་དང་ ཊོན་ལེ་སབ་ དེ་ལས་ བཱ་སཱག་གཙང་ཆུ་ཚུ་ འཛོམས་སའི་ས་གོ་ནང་ ཆགས་ཏེ་ཡོདཔ་ཨིན། ཁྲོམ་འདི་ལུ་ ཧེ་མ་ "ཨེ་ཤི་ཡ་གི་མུ་ཏིག་" ཟེར་སླབ་སྲོལ་ཡོདཔ་དང་ ད་ལྟོའི་བར་ན་ཡང་ རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་ཕྱུག་པོའི་ལྟེ་བ་གཅིག་སྦེ་རང་ གནས་ཏེ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ སྔ་རབས་དང་ ད་རེས་ནངས་པའི་ལམ་ལུགས་ཚུ་ མཉམ་གནས་ཀྱི་གནས་སྟངས་ཚུ་མཐོང་ཚུགས་དོ་ཡོདཔ་དང་ འདི་ལས་བརྟེན་ ཀེམ་བྷོ་ཌི་ཡ་གི་ བཟོད་བསྲན་གྱི་རང་གཤིས་དང་ཡར་རྒྱས་ཀྱི་འགྱུར་བ་ཚུ་ཡང་ མངོན་གསལ་བྱུང་དོ་ཡོདཔ་ཨིན།
དུས་རབས་༡༥ པའི་ནང་ གཞི་བཙུགས་འབད་མི་ ཕེ་ནོམ་པེན་འདི་ སྤྱི་ལོ་༡༤༣༤ ལུ་ རྒྱལ་འཛིན་གྱི་རྒྱལ་ས་ལྟེ་བ་སྦེ་ངོས་འཛིན་འབད་ཡོདཔ་ཨིན་རུང་ སྲིད་དོན་གྱི་ཟིང་འཁྲུག་ལས་བརྟེན་ཏེ་ ཚར་ལེ་ཤ་ཅིག་རང་ བཀོག་བཞག་ཡོདཔ་ལས་ ལོག་ཅི་ར་གཞི་བཙུགས་འབད་དགོཔ་ཐོན་ཡོདཔ་ཨིན། སྤྱི་ལོ་༡༨༦༥ ལུ་ རྒྱལ་པོ་ནོ་རོ་ཌོམ་གྱིས་ གཞུང་འབྲེལ་ཐོག་ལས་ ཕེ་ནོམ་པེན་འདི་ ལོག་སྟེ་རང་ རྒྱལ་ས་ལྟེ་བ་སྦེ་གཞི་བཙུགས་འབད་ཡོདཔ་ཨིན། ཁོང་ར་ ཕྲནས་གི་དབང་འོག་ལུ་སྡོད་པའི་སྐབས་ལུ་ ཁྲོམ་ཚོགས་འདི་ དེང་སང་གི་དུས་དང་མཐུན་པའི་ཡར་རྒྱས་སྦོམ་སྦེ་སོང་ཡོདཔ་ལས་ གཞུང་ལམ་རྒྱ་སྦོམ་དང་ གྲོང་ཁྱིམ་སྦོམ་ དེ་ལས་ ཁྲོམ་སྡེ་གི་སྒྲིང་ཁྱིམ་ཚུ་གོང་འཕེལ་བཏང་སྟེ་ ཁྲོམ་འདི་ ཡུ་རོབ་ཀྱི་འཇོན་ཐངས་དང་མཉམ་པའི་ཁྲོམ་ཚོགས་ཅིག་ལུ་འགྱུར་ཡོདཔ་ཨིན།
སྤྱི་ལོ་༡༩༧༥ ལས་༡༩༧༩ ཚུན་ ཁའི་མར་རའུཇ་གི་དུས་སྐབས་ལུ་ མི་རློབས་ཆ་མཉམ་ དྲག་ཤུགས་ཀྱི་ཐོག་ལས་སྤོ་བཤུད་འབད་དེ་ མི་ལེ་ཤ་ཅིག་གི་ཚེ་སྲོག་ལུ་བར་ཆད་བྱུང་ཡོདཔ་ལས་ ཁྲོམ་འདི་ནང་ དཀའ་སྡུག་སྦོམ་སྦེ་ར་བྱུང་ཡོདཔ་ཨིན། ད་རེས་ནངས་པ་ འདི་བཟུམ་གྱི་ རྐྱེན་ངན་ཅན་གྱི་བྱུང་རབས་ལྷག་ལུས་ཚུ་ ཏུལ་སི་ལེང་མི་རིགས་དམར་བསད་འགྲེམས་སྟོན་ཁང་དང་ ཆོས་འུང་ཨིག་སྲོག་གཅོད་ཀྱི་ས་ཆ་ ལ་སོགས་པའི་ས་ཁོངས་ཚུ་ནང་ ཉམས་སྲུང་འབད་དེ་ཡོདཔ་དང་ དེ་ཚུ་གིས་ དྲན་རྟེན་དང་ རྒྱལ་རབས་དང་འབྲེལ་བའི་ཉེན་སྐུལ་བཟུམ་གཅིག་སྦེ་ལཱ་འབད་དོ་ཡོདཔ་ཨིན།
ཕེ་ནོམ་པེན་འདི་ འདས་པའི་དུས་ཚུ་ནང་ དཀའ་ངལ་ལེ་ཤ་བྱུང་ཡོད་པའི་ཁྲོམ་གཅིག་ཨིན་རུང་ ད་རེས་ནངས་པ་ སྟོབས་ཤུགས་ཅན་གྱི་ཁྲོམ་ཚོགས་སྦོམ་གཅིག་ལུ་འགྱུར་ཏེ་ཡོདཔ་ཨིན། ཁྲོམ་འདི་ རྒྱལ་ཁབ་ཀྱི་གཞུང་འབྲེལ་དང་ཕྱི་འབྲེལ་གྱི་ལྟེ་བ་ཅིག་ཨིནམ་མ་ཚད་ ཀེམ་བྷོ་ཌི་ཡ་གི་དཔལ་འབྱོར་ནང་ཡང་ གལ་ཅན་གྱི་འགན་ཁུར་འབག་མི་ཁྲོམ་ཅིག་ཡང་ཨིན། དེ་ལས་ ཁྲོམ་འདི་ནང་ལུ་ བགོ་ལ་བཟོ་གྲྭ་དང་ ཟ་འཐུང་བཟོ་གྲྭ་ བཟོ་སྐྲུན་ དེ་ལས་ བལྟ་བཤལ་ཚུ་བརྩིས་ཏེ་ བཟོ་གྲྭ་ཁང་མ་འདྲཝ་ལེ་ཤ་ཡོདཔ་ཨིན། ཕེ་ནོམ་པེན་དམིགས་བསལ་དཔལ་འབྱོར་ས་ཁོངས་ཀྱིས་ ཕྱི་རྒྱལ་གྱི་མ་རྩ་བཙུགས་མི་ཚུ་ རྒྱུན་མ་ཆད་པ་ར་འཐོབ་དོ་ཡོདཔ་ལས་ ཁྲོམ་སྡེ་འདི་ ཡར་རྒྱས་གཏང་ནི་ལུ་ཕན་ཐོགས་བྱུང་དོ་ཡོདཔ་ཨིན།
ལམ་སྲོལ་གྱི་ཐད་ཁར་ ཕེ་ནོམ་པེན་ལུ་ ཁའི་མར་གྱི་སྲོལ་རྒྱུན་དང་ དེང་སང་ལམ་ལུགས་ཀྱི་ཤན་ཞུགས་ཚུ་ མཉམ་བསྡོམ་འབད་དེ་ཡོད་པའི་ལམ་སྲོལ་ཡོདཔ་ཨིན། གསེར་གྱི་དབུ་རྩེ་དང་མགུ་རྙོག་ཅན་གྱི་བཀོད་རིས་ཚུ་ཡོད་པའི་ རྒྱལ་པོའི་ཕོ་བྲང་དང་ དངུལ་གྱི་མཆོད་རྟེན་ ལ་སོགས་པའི་ས་རྟགས་ཚུ་གིས་ ཀེམ་བྷོ་ཌི་ཡ་གི་ ནང་པའི་ལམ་སྲོལ་དང་ སྒྱུ་རྩལ་གྱི་ཁྱད་འཕགས་ཚུ་ གསལ་སྟོན་འབདཝ་ཨིན། ཀེམ་བྷོ་ཌི་ཡ་གི་རྒྱལ་ཡོངས་འགྲེམས་སྟོན་ཁང་ནང་ དུས་རབས་ལས་བཅད་དེ་འགྱོ་བའི་ ཁའི་མར་གྱི་པར་རིས་དང་ཅ་ཆས་ཚུ་ གསལ་སྟོན་འབད་དེ་ཡོདཔ་དང་ ར་ཤི་ཡ་གི་ཁྲོམ་དང་ དབུས་ཁྲོམ་ ལ་སོགས་པའི་ས་ཁོངས་ཚུ་གིས་ ཁྲོམ་སྡེ་འདི་གི་ ཉིན་བསྟར་གྱི་འཚོ་བ་དང་སྤྲོ་ཉམས་ཚུ་སྟོནམ་ཨིན།
དེང་སང་གི་ཕེ་ནོམ་པེན་ལུ་ཡང་ གཞི་རྟེན་མཐུན་རྐྱེན་དང་ ཁྲོམ་སྡེ་གོང་འཕེལ་གྱི་གནས་སྟངས་ཚུ་ ཡར་དྲག་འགྱོ་དོ་ཡོདཔ་ཨིན། དེ་ཡང་ ཚོང་འབྲེལ་ལྟེ་བ་གསརཔ་དང་ ཟ་ཁང་ དེ་ལས་ སྤྲོ་སྟོན་ཁང་གསརཔ་ཚུ་གིས་ ས་ཆའི་གནས་སྟངས་ཚུ་ བསྒྱུར་བཅོས་འབད་དོ་ཡོདཔ་ཨིན། ཨིན་རུང་ ཁྲོམ་འདི་ནང་ ཁྲོམ་ལམ་གྱི་མཐའ་མར་ ཟ་ཁང་དང་ ཆུའི་མཐའ་མར་ འགྲུལ་སྐྱོད་འབད་སའི་ས་ཁོངས་ དེ་ལས་ ཊུཀ་ཊུག་གིས་གང་བའི་ལམ་ཚུ་ ད་ལྟོ་འི་བར་ན་ཡང་ བསྒྱུར་བཅོས་མ་འབད་བར་བཞག་སྟེ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ ན་གཞོན་ཅན་གྱི་མི་རློབས་ཡར་སེང་འགྱོ་མི་དང་བསྟུན་ ཁྲོམ་འདི་ རིམ་གྱིས་གོང་འཕེལ་འགྱོ་དོ་ཡོདཔ་དང་ དེ་དང་གཅིག་ཁར་ ཁོང་གི་སྔ་རབས་ཀྱི་ལོ་རྒྱུས་དང་ལམ་སྲོལ་ཚུ་ཡང་ འཕྲོ་མཐུད་དེ་རང་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
- CIA World Factbook – Cambodia
- World Bank – Cambodia Country Profile
- National Institute of Statistics of Cambodia – Administrative Data
- Climate-Data.org – Cambodia Climate
- United Nations – World Population Prospects 2023
- Minority Rights Group International – Cambodia
- Pew Research Center – Cambodia Demographics
- Constitution of the Kingdom of Cambodia (1993)
- Human Rights Watch – Cambodia Political Overview
- UNESCO – Cambodia Intangible Cultural Heritage
- U.S. Department of State – International Religious Freedom Report: Cambodia
- IMF – Cambodia Economic Outlook
- International Trade Centre – Cambodia Export Overview
- Asian Development Bank – Cambodia Economic Indicators
- Encyclopædia Britannica – Phnom Penh https://www.britannica.com/place/Phnom-Penh
- Asia Society – Cambodia: A Historical Overview https://asiasociety.org/education/cambodia-historical-overview
- State Magazine – Phnom Penh https://statemag.state.gov/2024/08/0824pom/
- IntoCambodia – Phnom Penh Capital City https://intocambodia.org/content/phnom-penh
- Condé Nast Traveler – An Insider’s Guide to Phnom Penh https://www.cntraveler.com/story/an-insiders-guide-to-phnom-penh