Jump to content

བཧ་རེན་

Wikipedia ལས།
བཧ་རེན་
རྒྱལ་ས།
ས་ཁྱོན།786,8 km²
མི་འབོར1 463 265

བཱ་ཧ་རེན་འདི་ སཱའུ་དི་ཨ་ར་བི་ཡ་གི་ཤར་ཕྱོགས་དང་ ཀ་ཏར་གྱི་བྱང་ཕྱོགས་ལུ་ པར་ཤི་ཡན་མཚོ་ཁུག་ནང་ཆགས་ཡོད་པའི་ མཚོ་གླིང་ཆུང་ཀུ་ཅིག་ཨིན། མཚོ་གླིང་འདི་ནང་ མཚོ་གླིང་ཆུང་ཀུ་༣༣ ཡོད་པའི་ མཚོ་གླིང་སྦོམ་ཤོས་འདི་ བཱ་ཧ་རེན་མཚོ་གླིང་ཨིན། བཱ་ཧ་རེན་འདི་ འཛམ་གླིང་ནང་ རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་རུང་ མཚོ་ཁུག་ལུང་ཕྱོགས་ནང་ དཔལ་འབྱོར་དང་ ས་ཆའི་སྲིད་དོན་གྱི་ གནས་སྟངས་ གལ་ཅན་ཅིག་ཨིན་པས། བཱ་ཧ་རེན་གི་སའི་རྒྱ་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་༧༦༥ ཡོདཔ་ཨིན་པས།

རྒྱལ་ས་ལྟེ་བ་ མ་ན་མ།

བཱ་ཧ་རེན་གྱི་རྒྱལ་ས་ལྟེ་བ་ མ་ན་མ་འདི་ བཱ་ཧ་རེན་གླིང་ཕྲན་གྱི་བྱང་ཤར་མཚོ་འགྲམ་ལུ་ ཆགས་ཏེ་ཡོདཔ་ད་ དེ་གི་རྒྱ་ཁྱོན་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་༢༠༨ དེ་ཅིག་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་ ཁྲོམ་ཚོགས་སྦོམ་ཤོས་ཨིནམ་མ་ཚད་ བཱ་ཧ་རེན་གྱི་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། མ་ན་མ་ལུ་ བྱེ་ཐང་གི་གནམ་གཤིས་ཚ་དྲོད་ཡོདཔ་ལས་ སྤྱིར་སྙོམས་ལུ་ གནམ་བྱཱར་འབདན་ དྲོད་ཚད་སེལ་ཤི་ཡཱསི་ ༤༠°C དང་ དགུན་ལུ་དྲོད་ཚད་ སེལ་ཤི་ཡཱསི་ ༢༠°C  ལུ་ལྷོད་དོ་ཡོདཔ་ཨིན་པས།

བྱུང་རབས་དང་འཁྲིལ་བ་ཅིན་ མ་ན་མ་འདི་ ཚོང་འབྲེལ་ལྟེ་བ་ཅིག་ཨིནམ་ལས་ པར་ཤི་ཡ་དང་ ཨ་རབ་ དེ་ལས་ རྒྱ་གར་གྱི་ལམ་སྲོལ་ཚུ་གིས་ ཤན་ཞུགས་འབད་ཡོདཔ་ཨིན། ཁྲོམ་འདི་ནང་ མི་རིགས་མ་འདྲཝ་ཡོདཔ་ལས་ བཱ་ཧ་རེན་ཚུ་ མང་ཤོས་ཅིག་ཡོདཔ་ད་ རྒྱ་གར་དང་ པཱ་ཀིསི་ཏཱན་ དེ་ལས་ གཞན་མི་ཨ་རབ་རྒྱལ་ཁབ་ཚུ་ནང་ལས་ འོང་མི་ཚུ་ཡང་སྡོད་དོ་ཡོདཔ་ཨིན་པས། ཁ་ཆེ་འདི་ ཆོས་ལུགས་གཙོ་བོ་ཅིག་ཨིནམ་ད་ མང་ཤོས་ཅིག་རང་ ཤི་ཡ་ཁ་ཆེ་ཨིནམ་དང་ དེ་གི་ཤུལ་ལས་ སུ་ནིསི་ཁ་ཆེ་ཚུ་ཨིན་མས།

མ་ན་མ་འདི་ ལུང་ཕྱོགས་འདི་ནང་ དངུལ་འབྲེལ་དང་ཚོང་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་ཨིནམ་ལས་ བཱ་ཧ་རེན་གྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཕན་ཐོགས་སྦོམ་སྦེ་ར་འབདཝ་ལས་ སྤྱི་ལོ་༢༠༢༣ ལུ་ནང་འཁོད་ཐོན་སྐྱེད་ཡོངས་འབོར་བསྡོམས་ ཌོ་ལར་ཐེར་འབུམ་༤༠ གུར་ལྷོད་ནུག། བཱ་ཧ་རེན་གྱི་དངུལ་ལོར་འདི་ བཱ་ཧ་རེན་ནི་ཌའི་ནར་(BHD) ཟེར་སླབ་ཨིན་པས། ཁྲོམ་འདི་ནང་ རྒྱལ་ཁབ་ལེ་ཤ་ཅིག་གི་ལས་སྡེ་དང་དངུལ་ཁང་ཚུ་ཡོདཔ་དང་ དམིགས་བསལ་གྱིས་ ཁ་ཆེའི་དངུལ་འབྲེལ་ལམ་ལུགས་ནང་བརྩོན་དོ་ཡོདཔ་ཨིན་པས།

མ་ན་མ་ལུ་ ལམ་སྲོལ་འདི་ཕྱུགཔོ་སྦེ་ཡོདཔ་དང་ དེ་ནང་ངོ་རྟགས་ཁག་ཆེ་ཤོས་ར་ བཱ་ཧ་རེན་རྒྱལ་ཡོངས་འགྲེམས་སྟོན་ཁང་དང་ ཨཱལ་ཕ་ཏེ་ལྷ་ཁང་ དེ་ལས་ རང་ལུགས་ཀྱི་ཚོང་ཁང་ཚུ་ཡོདཔ་ཨིན་པས། ལྟ་བཤལ་འདི་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ བཟོ་གྲྭ་ཅིག་ཨིནམ་ལས་ ལྟ་བཤལཔ་ཚུ་གིས་ ལམ་སྲོལ་གྱི་སྲོལ་ཁྱུན་དང་ དེང་སང་གི་བཟོ་རིགས་ དེ་ལས་ ཉོ་ཚོང་འཐབ་ནི་ནང་སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་པས།

གནམ་གཤིས་དང་ས་ཆ།

བཱ་ཧ་རེན་ལུ་ བྱེ་ཐང་གི་གནམ་གཤིས་ཡོདཔ་ལས་ བྱཱར་ལུ་ཚ་དྲོད་ཆེ་དྲགས་དང་ དགུན་ལུ་ཚ་དྲོད་རན་ཏོག་ཏོ་སྦེ་ཡོདཔ་ཨིན། གནམ་བྱཱར་གྱི་དྲོད་ཚད་འདི་ སེལ་ཤི་ཡཱསི་ ༤༠°C ལས་ལྷག་སྟེ་ཡར་སེང་འགྱོ་དོ་ཡོདཔ་ད་ དགུན་ལུ་དྲོད་ཚད་འདི་ བར་མཚམས་ཅིག་སྦེ་ སྤྱིར་སྙོམས་ལུ་ སེལ་ཤི་ཡཱསི་ ༢༠°C དེ་ཅིག་འོངམ་ཨིན། རྒྱལ་ཁབ་ཀྱི་ས་ཆའི་ཆགས་ཚུལ་འདི་ སྔོ་ཤིང་ཉུང་སུ་ཡོད་པའི་ ས་ཆ་ཐང་བཟུམ་སྦེ་ སྙོམ་ཏོག་ཏོ་སྦེ་ཡོདཔ་ཨིནམ་དང་ མཚོ་མཐའི་ས་ཁོངས་ཚུ་ནང་ ཚྭ་ཡོད་པའི་སྙོམ་ཐང་དང་ ཆུ་གཏིང་མེད་མི་ཚུ་ཡོདཔ་ཨིན།

བྱུང་རབས་དང་མི་རིགས།

བཱ་ཧ་རེན་གྱི་ བྱུང་རབས་འདི་ སྔོན་མའི་དུས་ལས་ཡོདཔ་དང་ ལོ་རྒྱུས་ཚུ་རིངམོ་དང་ ལེ་ཤ་སྦེ་ཡོདཔ་ཨིན་མས། ཨ་ར་བི་ཡན་གླིང་ཕྲན་ནང་ལུ་ འགོ་ཐོག་ཤེས་མི་ དྲིལ་མཱུན་གྱི་གོང་འཕེལ་འདི་ སྤྱི་ལོ་༢༠༠༠ བི་སི་ཨི་ དེ་ཅིག་ཁར་ དར་ཁྱབ་འགྱོ་ནུག། ཤུལ་ལས་ པར་ཤི་ཡ་དང་ ཨ་རབ་ཚུ་རྩིས་ཏེ་ རྒྱལ་ཁམས་མ་འདྲཝ་ཚུ་གིས་ དབང་ལུ་བསྡུ་ནུག། བཱ་ཧ་རེན་འདི་ སྤྱི་ལོ་༡༨༦༡ ལས་ སྤྱི་ལོ་༡༩༧༡ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ རང་དབང་མ་ཐོབ་ཚུན་ཚོད་ བིརི་ཊིཤ་གི་སྲུང་སྐྱོབ་འོག་ལུ་སྡོད་ནུག། རྒྱལ་ཁབ་འདི་ནང་ལུ་ མི་རིགས་མ་འདྲཝ་ཡོདཔ་ལས་ མི་རློབས་བརྒྱ་ཆ་༤༦ དེ་ཅིག་ བཱ་ཧ་རེན་པ་ཚུ་ཡོདཔ་ད་ གཞན་མི་ཚུ་ རྒྱ་གར་དང་པ་ཀིསི་ཏཱན་ དེ་ལས་ ཨ་རབ་རྒྱལ་ཁབ་ཚུ་ནང་ལས་ ཕྱི་ཁར་འགྱོ་མི་ཚུ་ཨིན་མས།

ཆོས་ལུགས།

བཱ་ཧ་རེན་ལུ་ ཁ་ཆེ་འདི་ ཡོངས་གྲགས་ཅན་གྱི་ཆོས་ལུགས་ཅིག་ཨིནམ་ད་ མི་རློབས་བརྒྱ་ཆ་༧༠ དེ་ཅིག་གིས་ ཁ་ཆེ་གི་ཆོས་ལུགས་ལུ་ དད་པ་བསྐྱེད་དོ་ཡོདཔ་ཨིན། མང་ཆེ་བ་ཤ་འེཊི་ཁ་ཆེ་དང་ དེ་གི་ཤུལ་ལས་ སུ་ནི་ཁ་ཆེ་པ་ཚུ་ཉུང་ཤོས་ཅིག་ཡོདཔ་ཨིན་པས། བཱ་ཧ་རེན་འདི་ ཆོས་ལུགས་གཞན་ལུ་གུས་ཞབས་འབད་མི་ ཡོངས་གྲགས་ཅན་ཅིག་ཨིནམ་ལས་ ཡེ་ཤུའི་ཆོས་ལུགས་དང་ ཧིན་དུ་ དེ་ལས་ཇིའུ་གི་མི་སྡེ་ཆུང་ཀུ་ཚུ་ཡང་ཡོདཔ་ཨིན།

ལམ་སྲོལ་དང་གྱོན་ཆས།

བཱ་ཧ་རེན་གྱི་ལམ་སྲོལ་འདི་ ཁ་ཆེའི་ལམ་སྲོལ་དང་ དམིགས་བསལ་གྱིས་ པར་ཤི་ཡ་དང་རྒྱ་གར་གྱི་ ཚོང་འབྲེལ་གྱི་འབྲེལ་བ་ལས་བརྟེན་ བྱུང་བའི་ལམ་སྲོལ་ཚུ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ དེང་སང་གི་སྒྱུ་རྩལ་འགྲེམས་སྟོན་དང་ རང་ལུགས་ཀྱི་སྙན་ཆ་དང་ཞབས་ཁྲ་ཚུ་ ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ཨིན། བཱ་ཧ་རེན་གྱི་རང་ལུགས་གྱོན་ཆས་ནང་ ཕོ་སྐྱེས་ཚུ་གི་དོན་ལུ་ཐོ་བི་དང་ ཨམ་སྲུ་ཚུ་གི་དོན་ལུ་ཨ་བཱ་ཡ་ཚུ་ ཞྭམོ་དང་གཅིག་ཁར་ གྱོན་དོ་ཡོདཔ་ཨིན་མས། ཨམ་སྲུའི་གྱོན་ཆས་འདི་ ལམ་སྲོལ་གྱི་ལམ་ལུགས་དང་འཁྲིལ་ཏེ་ དང་ཕུ་གི་སྲོལ་དང་འཁྲིལ་ཏེ་གྱོན་དོ་ཡོདཔ་ཨིན་པས།

རྩེད་རིགས།

བཱ་ཧ་རེན་ལུ་ རྐང་རྩེད་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ རྒྱལ་ཡོངས་རྐང་རྩེད་སྡེ་ཚན་གྱིས་ རྒྱལ་སྤྱིའི་འགྲན་བསྡུར་ཚུ་ནང་ དུས་རྒྱུན་དུ་ དོ་འགྲན་འབད་དོ་ཡོདཔ་ཨིན་པས། གཞན་མི་ཡོངས་གྲགས་ཅན་གྱི་རྩེད་རིགས་ཚུ་ཡང་ བཱསི་ཀེཊ་བཱོལ་དང་ ལགཔ་གི་རྩེད་རིགས་ དེ་ལས་ སྣུམ་འཁོར་རྩེད་རིགས་ཚུ་ཨིནམ་ད་ བཱ་ཧ་རེན་གི་ གཱརནཌི་པིརིསི་ཟེར་མི་ ཕོར་མུ་ལ་ཝན་འགྲན་བསྡུར་འདི་གིས་ རྒྱལ་སྤྱིའི་གནས་ཚད་ནང་སྤྲོ་བ་བྱུང་དོ་ཡོདཔ་ཨིན།

གཞུང་སྐྱོང་ལམ་ལུགས།

བཱ་ཧ་རེན་འདི་ རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་རྒྱལ་ཁབ་ཅིག་ཨིནམ་དང་ སྤྱི་ཚོགས་ཀྱི་ལམ་ལུགས་ཡོདཔ་ཨིན། ད་རེས་ཀྱི་རྒྱལ་པོ་འདི་ རྒྱལ་པོ་ ཧ་མཱད་བིན་ཨི་ས་ཨཱལ་ཁ་ལི་ཕ་གིས་ སྤྱི་ལོ་༡༩༩༩ ལུ་ ཁྲི་མངའ་གསོལ་འབད་དེ་ཡོདཔ་ད་ རྒྱལ་ཁབ་འདི་ནང་ ཁྲིམས་བཟོའི་ཚོགས་སྡེ་གཉིས་ཡོདཔ་དང་ དེ་ཡང་ ཤུ་ར་ཚོགས་སྡེ་ ༼བསྐོ་བཞག་འཐུས་མི་༽ དང་ བཙག་འཐུ་ལས་གྲུབ་པའི་ ངོ་ཚབ་ཚོགས་སྡེ་གཉིས་ཨིན་པས། སྲིད་དོན་ཚོགས་པ་དང་ སྲིད་དོན་ལམ་ལུགས་ལུ་ རང་དབང་གནམ་མེད་ས་མེད་མེདཔ་ལས་བརྟེན་ འཕྲལ་འཕྲལ་རང་ གཞན་གྱིས་སྐྱོན་བརྗོད་འབདཝ་ཨིན་པས།

བདག་སྐྱོང་།

མ་ན་མ་འདི་ རྒྱལ་ས་ལྟེ་བ་དང་ ཁྲོམ་སྡེ་སྦོམ་ཤོས་ཨིནམ་དང་ བཱ་ཧ་རེན་གྱི་དཔལ་འབྱོར་དང་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན། རྒྱལ་ཁབ་འདི་བདག་སྐྱོང་འབད་ནིའི་དོན་ལུ་ ལུང་ཕྱོགས་ཁག་བཞི་ནང་བགོ་ཡོད་མི་འདི་ནང་ རྒྱལ་ས་ལྟེ་བ། བྱང་ཕྱོགས། ལྷོ་ཕྱོགས། དེ་ལས་ མུ་ཧར་རཀ་མངའ་སྡེ་སྦེ་བཞི་ཡོདཔ་དང་ མ་ན་མ་འདི་ རྒྱལ་ས་ལྟེ་བའི་མངའ་སྡེ་གི་གྲངས་སུ་ཚུདཔ་ཨིན་པས།

ཕྱི་འབྲེལ།

བཱ་ཧ་རེན་གྱིས་ ཁྱིམ་ཚང་རྒྱལ་ཁབ་ གཱལ་ཕི་མཉམ་འབྲེལ་ཚོགས་སྡེའི་ནང་ཡོད་མི་ཚུ་དང་ དམིགས་བསལ་གྱིས་ སའུ་དི་ཨ་ར་བི་ཡ་དང་ ཡུ་ཨེ་ཨི་ཚུ་དང་ མཐུན་ལམ་དམ་ཟབ་ཡོདཔ་མ་ཚད་ ཡུ་ཨེས་དང་ ཡུ་ནའི་ཊེཊ་ཀིང་ཌོམ་དང་གཅིག་ཁར་ མཐུན་ཕྱོགས་སྦོམ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་དང་ འཛམ་གླིང་ཚོང་འབྲེལ་ཚོགས་པ་ དེ་ལས་ གཱལ་ཕི་མཉམ་འབྲེལ་ཚོགས་སྡེ་ཚུ་རྩིས་ཏེ་ རྒྱལ་སྤྱིའི་ཚོགས་པ་མ་འདྲཝ་ཚུ་གི་འཐུས་མི་ཅིག་ཨིན། བཱ་ཧ་རེན་གྱིས་ ལུང་ཕྱོགས་ཉེན་སྲུང་དང་ ཕྱི་འབྲེལ་གྱི་ལས་རིམ་ཚུ་ནང་ཡང་ འགན་ཁུར་འབགཔ་ཨིན།

སྐད་ཡིག་དང་ཤེས་རིག།

བཱ་ཧ་རེན་གྱི་ གཞུང་འབྲེལ་སྐད་ཡིག་འདི་ ཨ་ར་བིཀ་ཨིནམ་ད་ ཨིང་སྐད་འདི་ དམིགས་བསལ་གྱིས་ ཚོང་འབྲེལ་དང་གཞུང་གི་ནང་ལུ་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན། ཤེས་རིག་ལམ་ལུགས་འདི་ སྒྲིང་སྒྲིང་ཡོདཔ་ལས་ གཞུང་གིས་ གཞི་རིམ་དང་འབྲིང་རིམ་ཤེས་ཡོན་ཚུ་ རིན་མེད་སྟོང་པ་སྦེ་ བྱིན་དོ་ཡོདཔ་ཨིན། མཐོ་རིམ་ཤེས་ཡོན་ཡང་ རྒྱ་སྐྱེད་འགྱོ་དོ་ཡོདཔ་ལས་ བཱ་ཧ་རེན་གཙུག་ལག་སློབ་སྡེ་བཟུམ་གྱི་ གཙུག་སྡེ་ཚུ་གིས་ ལས་རིམ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

དཔལ་འབྱོར་དང་ཚོང་འབྲེལ།

བཱ་ཧ་རེན་གྱི་དཔལ་འབྱོར་དེ་ ཧེ་མ་ མར་ཁུ་ལུ་གཞི་བཞག་སྟེ་ གོང་འཕེལ་འགྱོ་ཚར་སྟེ་ཡོད་རུང་ དངུལ་འབྲེལ་དང་ དངུལ་ཁང་ དེ་ལས་ བཟོ་གྲྭ་ཚུ་ནང་ སྣ་མང་སྦེ་ འགྱོ་དོ་ཡོདཔ་ཨིན་པས། སྤྱི་ལོ་༢༠༢༣ ལུ་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཡུ་ཨེས་དྲོ་ལར་ ཐེར་འབུམ་༤༠ དེ་ཅིག་ཨིན་མས། བཱ་ཧ་རེན་འདི་ ལུང་ཕྱོགས་འདི་ནང་ ཨིསི་ལཱ་མིཀ་དངུལ་ཁང་གི་ དངུལ་འབྲེལ་ཞབས་ཏོག་བྱིན་ནི་ནང་ འགོ་འཁྲིདཔ་དང་ ལྟེ་བ་ཅིག་ལུ་འགྱུར་ཡོདཔ་ཨིན། དེ་མ་ཚད་ ལྟ་བཤལ་ལས་སྡེ་ཡང་ ཡར་རྒྱས་འགྱོ་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ གཞི་རྟེན་མཐུན་རྐྱེན་དང་ མགྲོན་སྐྱོང་ནང་ མ་རྩ་གཞི་བཙུགས་འབད་དོ་ཡོདཔ་ཨིན་པས།

བཟོ་ལས་དང་ལས་ཞུགས།

བཱ་ཧ་རེན་གྱི་དཔལ་འབྱོར་འདི་ ད་ལས་ཕར་ མར་ཁུ་ལུ་རྐྱངམ་ཅིག་བརྟེན་སྡོད་མི་ཚུགས་རུང་ མར་ཁུ་འདི་ དཔལ་འབྱོར་གྱི་ཆ་ཤས་གལ་ཅན་ཅིག་སྦེ་རང་ ལུས་ཡོདཔ་ཨིན། གཞན་ཡང་ བཟོ་གྲྭ་གཙོ་བོ་ཚུ་ཡང་ ཤེལ་གྱི་ཐོན་སྐྱེད་དང་ དངུལ་འབྲེལ་ གྲུ་བཟོ་ནི་ དེ་ལས་ བརྡ་དོན་འཕྲུལ་རིག་ཚུ་ཨིན་པས། བཱ་ཧ་རེན་འདི་ ལུང་ཕྱོགས་འདི་ནང་ ལཱ་གཡོག་གི་གནས་ཚད་མཐོ་ཤོས་ཅིག་ཨིན་རུང་ ལཱ་གཡོག་མང་ཤོས་ཅིག་རང་ ཨེ་ཤི་ཡ་ལས་ ཕྱི་རྒྱལ་གྱི་ལཱ་འབད་མི་ཚུ་ཨིན་མས།

དམག་སྡེ།

བཱ་ཧ་རེན་ལུ་ དམག་སྡེ་ཆུང་ཀུ་ཡོད་རུང་ དེང་སང་གི་དམག་སྡེ་ཡོདཔ་ལས་ མཚོ་ཁའི་ལུང་ཕྱོགས་ཀྱི་ ཉེན་སྲུང་ནང་ འགན་ཁུར་འབགཔ་ཨིན་པས། བཱ་ཧ་རེན་གྱི་སྲུང་སྐྱོབ་དམག་སྡེ་འདི་ གནམ་གྲུ་དང་མཚོ་དམག་གི་རྒྱུ་དངོས་གཉིས་ཆ་ར་ ཡོདཔ་ལས་ ཇི་སི་སི་ཕྱེད་གླིང་དམག་སྡེ་གི་འཐུས་མི་ཅིག་ཨིན་མས།

ལྟ་བཤལ།

བཱ་ཧ་རེན་འདི་ དམིགས་བསལ་གྱིས་ ལམ་སྲོལ་ལྟ་བཤལ་གྱི་དོན་ལུ་ ཡར་འཕར་འགྱོ་བའི་བསྒང་ཡོད་མི་ ལྟ་བཤལ་གྱི་ས་ཁོངས་ཅིག་ཨིནམ་ད་ བཱ་ཧ་རེན་རྒྱལ་ཡོངས་འགྲེམས་སྟོན་ཁང་དང་ ཀཱལ་ཨཱཏ་ཨཱལ་བཱ་ཧ་རེན་(Bahrain Fort) དེ་ལས་ ཚེའི་གི་ཤིང་ཚུ་ཡོདཔ་ཨིན། རྒྱལ་ཁབ་འདི་ ནང་ཅ་དངོས་འགངས་ཅན་གྱི་ཉོ་ཚོང་འཐབ་ས་དང་ ཟ་ཁང་ལེགས་ཤོམ་ དེ་ལས་ ཕྱི་རུ་གི་སྤྲོ་བའི་ས་ཁོངས་ཚུ་གི་དོན་ལུ་ཡང་ ཡོངས་གྲགས་ཡོདཔ་ཨིན།

མཇུག་དོན།

མཐའ་མཇུག་ལུ་ བཱ་ཧ་རེན་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ དཔལ་འབྱོར་སྒྲིང་སྒྲིང་ཡོད་མི་ དེ་ལས་ མཚོ་ཁའི་ལུང་ཕྱོགས་ ཁག་ཆེ་ཏོག་ཏོ་ཨིན་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཆུང་རུང་ ལུང་ཕྱོགས་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་བརྗེ་སོར་ཚུ་ནང་ ཁག་ཆེ་བའི་འགན་ཁུར་འབག་དོ་ཡོདཔ་ཨིན།

རྒྱབ་རྟེན།

https://en.wikipedia.org/wiki/Bahrain



"https://dz.wikipedia.org/w/index.php?title=བཧ་རེན་&oldid=39555" ལས་ སླར་འདྲེན་འབད་ཡོདཔ།