Jump to content

ཀུ་ཝེཊ་

Wikipedia ལས།
ཀུ་ཝེཊ་
རྒྱལ་ས།
ས་ཁྱོན།17 818 km²
མི་འབོར4 985 716

ཀུ་ཝེཊ་འདི་ ཨི་རག་དང་ སའུ་དི་ཨ་ར་བི་ཡ་གི་ས་མཚམས་ཁར་ཡོད་པའི་ ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། ཀུ་ཝེཊ་འདི་ ས་ཆ་ཆུང་ཀུ་ཅིག་ཨིན་རུང་ ས་སྣུམ་གྱི་ཐོན་སྐྱེད་སྦོམ་ཡོད་མི་ལུ་བརྟེན་ འཛམ་གླིང་ནང་རྒྱལ་ཁབ་ཕྱུག་ཤོས་ཅིག་ཨིན་མས། རྒྱལ་ཁབ་འདི་ནང་ལུ་ དེང་སང་གི་མཐུན་རྐྱེན་ཚུ་དང་ ཨ་རབ་གི་ལམ་སྲོལ་ཚུ་ མཉམ་བསྡོམས་འབད་དེ་ཡོདཔ་ལས་ ལུང་ཕྱོགས་འདི་ ལམ་སྲོལ་དང་དཔལ་འབྱོར་གྱི་ལྟེ་བ་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན།

ཀུ་ཝེཊ་ལུ་ ཧེ་མ་གི་་ལོ་རྒྱུས་དང་ ལམ་སྲོལ་གྱི་ཤུལ་ཚུ་ཡོདཔ་དང་ དེ་བསྒང་ ཀུ་ཝེཊ་དེ་ མེ་སོ་པོ་ཊི་མི་ཡ་དང་ པར་ཤི་ཡ་ དེ་ལས་ ཨ་ར་བི་ཡན་གླིང་ཕྲན་གི་བར་ན་ ཚོང་འབྲེལ་འཐབ་མི་ ཚོང་པ་ཚུ་གི་དོན་ལུ་ ཁག་ཆེ་བའི་ལམ་ཅིག་ཨིན་པའི་ཁར་ ས་སྣུམ་མ་ཐོན་པའི་ཧེ་མ་ ཀུ་ཝེཊ་གི་དཔལ་འབྱོར་དེ་ ཉ་བཟུང་ནི་དང་ རིན་ཆེན་གྱི་རིགས་ཚུ་འཚོལ་ནི་ དེ་ལས་ ཚོང་འབྲེལ་ལུ་བརྟེན་ཏེ་སྡོད་ནུག། སྤྱི་ལོ་ ༡༩༦༡ ལུ་ ཀུ་ཝེཊ་གིས་ བིརི་ཊེན་ལས་ རང་དབང་ཐོབ་ཡོདཔ་ལས་ དེ་བཟུམ་གྱི་རང་དབང་ཐོབ་མི་ མཚོ་ཁུག་གི་རྒྱལ་ཁབ་འགོ་དང་པ་ཨིན་པས། རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༣༠ གི་དུས་ལུ་ ས་སྣུམ་འདི་གསར་རྙེད་བྱུང་བའི་ཤུལ་ལུ་ དཔལ་འབྱོར་ཡར་རྒྱས་མགྱོགས་དྲགས་འགྱོ་ཡོདཔ་ལས་ རྒྱལ་ཁབ་འདི་ དེང་སང་གི་རྒྱལ་ཁབ་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན། ཨིན་རུང་ སྤྱི་ལོ་ ༡༩༩༠ ལུ་ ཨི་རག་གི་བཙན་འཛུལ་ལུ་བརྟེན་ རྒྱལ་ཁབ་ནང་ལུ་ མཚོ་ཁའི་དམག་འཁྲུག་དང་ ཤུལ་མའི་བསྐྱར་བཟོ་ལུ་ འགྱུར་བ་སྦོམ་བྱུང་ནུག།

ཀུ་ཝེཊ་གི་ས་ཁོངས་ཡོངས་བསྡོམས་ལུ་ ཀི་ལོ་མི་ཊར་གྲུ་བཞི་མ་ ༡༧,༨༡༨ ཡོདཔ་ལས་ འཛམ་གླིང་ནང་ རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་པའི་ཁར་ མི་རློབས་ས་ཡ་ ༤.༣ དེ་ཅིག་ཡོད་རུང་ མང་ཤོས་ཅིག་ ཀུ་ཝེཊ་ཁྲོམ་གྱི་ས་ཁོངས་ནང་ སྡོད་དོ་ཡོདཔ་ཨིན་མས། མི་རློབས་བརྒྱ་ཆ་ ༧༠ དེ་ཅིག་ ཕྱི་རྒྱལ་གྱི་མི་ཚུ་ཨིནམ་དང་ ཁོང་གིས་ རྒྱལ་ཁབ་ཀྱི་ལཱ་གཡོག་དང་ དཔལ་འབྱོར་ལུ ཕན་ཐོགས་བྱུང་དོ་ཡོདཔ་ཨིན། ཀུ་ཝེཊ་འདི་ ཨའི་ཨ་སི་མ་ཧ་ ཧ་ཝ་ལི་ ཕར་ཝ་ནི་ཡ་ མུ་བྷ་རག་ཨའི་ཀ་བིར་ ཨ་ཧ་མ་ཌི་དང་ ཇཱ་ཧ་ར་དང་བཅས་ མངའ་སྡེ་དབྱེ་བ་ ༦ ནང་ཕྱེས་ཏེ་ཡོད། (ཝི་ཀིཔི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། དེ་ཡང་ ཀུ་ཝེཊ་སི་ཊི་འདི་ ཀུ་ཝེཊ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་སྦོམ་ཤོས་ཅིག་ཨིན་མས། དེ་ཡང་ ཀུ་ཝེཊ་གི་ལྷོ་ཕྱོགས་ཁ་ཐུག་ལུ་ཡོད་པའི་ ཀུ་ཝེཊ་དང་ པར་ཤི་ཡ་གི་མཚོ་ཁུག་གི་མཐའ་མ་ལུ་ཡོད་པའི་ ཀུ་ཝེཊ་གི་རྒྱལ་ས་དེ་ སྲིད་དོན་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་ལྟེ་བ་ཨིནམ་དང་ དེ་ནང་ ཀུ་ཝེཊ་གི་རྒྱལ་ས་ སེཕ་ཕོ་བྲང་དང་ གཞུང་གི་ཡིག་ཚང་ དེ་ལས་ ཀུ་ཝེཊ་གི་ལས་སྡེ་དང་དངུལ་ཁང་མང་ཤོས་ཅིག་གི་ ཡིག་ཚང་ལྟེ་བ་ཡོདཔ་ཨིན། སྤྱི་ལོ་ ༢༠༡༨ ལུ་ ཁྲོམ་སྡེ་ནང་ མི་འབོར་ས་ཡ་ ༣ དེ་ཅིག་ཡོད་མི་འདི་ རྒྱལ་ཁབ་ཀྱི་མི་རློབས་ལས་ བརྒྱ་ཆ་ ༧༠ ལྷགཔ་ཅིག་ཨིན་མས། ད་རེས་ནངས་པ་ ཀུ་ཝེཊ་ཁྲོམ་ཆགས་ཡོད་པའི་ས་གནས་འདི་ནང་ལུ་ ལོ་སྟོང་ཕྲག་གི་རིང་ལུ་ ས་གནས་གཞན་ཁར་འགྱོ་མི་ རིགས་བརྒྱུད་ཚུ་སྡོད་ཡོདཔ་ཨིན་མས། དུས་རབས་ ༡༧ པའི་ནང་ ལུང་ཕྱོགས་འདི་ རྒྱ་གར་དང་ པར་ཤི་ཡ་གི་མཚོ་ཁུག་ དེ་ལས་ མེ་སོ་པོ་ཊི་མི་ཡ་གི་བར་ན་ འགྲོ་འགྲུལ་འབད་མི་ ཚོང་པ་ཚུ་གི་དོན་ལུ་ ཚོང་འབྲེལ་གྱི་ལྟེ་བ་ཅིག་ལུ་གྱུར་ནུག། སྤྱི་ལོ་ ༡༧༡༦ ལུ་ བཱ་ནི་ཨུ་ཏུབ་ཀྱི་མི་སྡེ་འདི་ ས་ཁོངས་འདི་ནང་ གཞིས་ཆགས་ཡོདཔ་དང་ འདི་གི་ཤུལ་མ་ ཀུ་ཝེཊ་ཁྲོམ་སྡེ་ལུ་ གཞི་འགྱམ་བཙུགས་ཡོདཔ་ཨིན། ཀུ་ཝེཊ་ཁྲོམ་སྡེ་འདི་ ཚ་དྲོད་ཅན་གྱི་བྱེ་ཐང་གི་གནམ་གཤིས་ཡོད་པའི་ཁར་ གནམ་བྱཱར་འདི་ གནམ་མེད་ས་མེད་ཚ་དྲོད་ཅན་ཡུན་རིངམ་སྦེ་གནས་དོ་ཡོདཔ་དང་ གནམ་དགུན་འདི་ གནམ་གཤིས་འཇམ་ཏོང་ཏོ་དང་ཡུན་ཐུང་ཀུ་སྦེ་ཡོདཔ་ཨིན། དེ་མ་ཚད་ རླུང་འཚུབ་འདི་ ལོ་གཅིག་ནང་ ནམ་ར་འབད་རུང་ འབྱུང་དོ་ཡོདཔ་ཨིན་རུང་ གནམ་དགུན་ལས་མང་ཤོས་ར་ གནམ་བྱཱར་ལུ་འབྱུང་དོ་ཡོདཔ་ཨིན་པས། ཀུ་ཝེཊ་འདི་ རྩ་ཁྲིམས་ཅན་གྱི་རྒྱལ་ཁབ་ཅིག་ཨིནམ་དང་ འདི་ཡང་ རྒྱལ་ཁབ་ཀྱི་དབུ་ཁྲིད་ཨིན་མི་ ཨེ་མིར་གིས་ གཞུང་སྐྱོང་དོ་ཡོདཔ་ཨིན། སྲིད་དོན་ལམ་ལུགས་འདི་ནང་ལུ་ རྒྱལ་ཡོངས་ཚོགས་སྡེ་འདི་ ཁྲིམས་བཟོ་ནི་དང་ གཞུང་གི་ལྟ་རྟོག་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་དོ་ཡོདཔ་ཨིན་ཟེར་བཀོད་དེ་འདུག། ཀུ་ཝེཊ་འདི་ མཚོ་ཁུག་གི་ས་གནས་ནང་ལུ་ འཇོན་དྲགས་ཅན་གྱི་ཚོགས་སྡེ་ཅིག་སྦེ་ ངོས་འཛིན་འབད་དོ་ཡོདཔ་དང་ འདི་ནང་ལུ་ བཙག་འཐུ་གྲུབ་མི་འགོ་དཔོན་ཚུ་གིས སྲིད་བྱུས་དང་གཞུང་གི་གྲོས་ཐག་བཅད་མི་ཚུ་ གྲོས་བསྡུར་འབད་དོ་ཡོདཔ་ཨིན།

ཀུ་ཝེཊ་ལུ་ ཨིས་ལམ་གྱི་ལམ་སྲོལ་འདི་ ཁྱབ་ཆེ་ཤོས་སྦེ་ཡོདཔ་ཨིན། མགྲོན་སྐྱོང་དང་ བཟའ་ཚང་གི་གནས་ཚད་སྒྲིང་སྒྲི་ དེ་ལས་ མི་སྡེའི་འདུ་ཤེས་འདི་ ཀུ་ཝེཊ་གི་མི་ཚུ་གི་དོན་ལུ་ཁག་ཆེ་ཤོས་ཅིག་ཨིན་མས། ཨ་ར་བིཀ་འདི་ རྒྱལ་ཡོངས་ཀྱི་སྐད་ཡིག་ཨིནམ་དང་ ཨིང་ལིཤ་འདི་ ཚོང་འབྲེལ་དང་ཤེས་ཡོན་ དེ་ལས་ ཉིན་བསྟར་གྱི་འབྲེལ་བ་ཚུ་ནང་ལུ་ ཁྱབ་ཆེ་སུ་ཅིག་སྦེ་སླབ་ཨིན། ཀུ་ཝེཊ་འདི་ རང་སོའི་རྒྱལ་ཁབ་ནང་ལུ་ འཁྲབ་སྟོན་གྱི་ལམ་སྲོལ་ཡོད་པའི་ ས་གནས་ཅིག་ཨིནམ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན། རང་ལུགས་ཀྱི་གླུ་དབྱངས་དང་ ཞབས་ཁྲ་ དེ་ལས་ སྙན་ངག་ཚུ་ ཀུ་ཝེཊ་གི་ཤུལ་བཞག་གི་ཆ་ཤས་ཅིག་སྦེ་ར་གནས་དོ་ཡོདཔ་དང་ དེང་སང་གི་དབང་ཤུགས་ཚུ་གིས་ ད་རེས་ནངས་པ་ མི་ཚེ་གི་ལམ་ལུགས་ལུ་ འགྱུར་བཅོས་འབད་དོ་ཡོདཔ་ཨིན། (ཇོན་ཌུཀ་ཨེན་ཐོ་ནི་དང་ཇིལ་ཨེན་ཀིརིསི་ཊལ། ༢༠༢༥) ཟེར་བཀོད་ནུག། རྒྱལ་ཁབ་འདི་ནང་ལུ་ ཨིསི་ལ་མིཀ་གི་ལུགས་སྲོལ་དང་ དུས་ཆེན་ཚུ་བརྩི་སྲུང་འབད་དོ་ཡོདཔ་དང་ ར་མ་དཱན་དང་ ཨེཌ་གི་དུས་སྟོན་ཚུ་ དམིགས་བསལ་དུ་ གལ་ཆེ་དྲགས་སྦེ་བརྩི་དོ་ཡོདཔ་ཨིན། ཀུ་ཝེཊ་གི་བཟའ་སྤྱོད་སྐོར་ལས་ མདོར་བསྡུས་ཏེ་སླབ་པ་ཅིན་ སྔོ་ཚལ་གྱི་རྫས་སྦྱོར་དང་ བྱ་ཤ་ དེ་ལས་ལུག་ཤ་གིས་བཟོ་བའི་ མཆ་བོས་གི་རིགས་ཅིག་དང་ རྒྱ་མཚོ་ལས་ཐོན་མི་ ཟས་རིགས་ཚུ་ དེ་ལས་ ཨི་རཱན་གྱི་ཏད་ཟས་ཁུ་བཛ་ཚུ་ཨིན་མས། རྩེད་རིགས་ཀྱི་ཐད་ཁར་ རྐང་རྩེད་དང་དྲྭ་རིལ་རྩེདམོ་འདི་ རྒྱལ་ཁབ་ནང་ལུ་ ཡོངས་གྲགས་ཅན་ཅིག་ཨིན་མས།

ཀུ་ཝེཊ་ལུ་ ས་སྣུམ་དང་ལུད་ཚུ་ ཕྱིར་ཚོང་གི་ ཐོན་སྐྱེད་གཙོ་བོ་ཅིག་ཨིན། ཀུ་ཝེཊ་གི་ཌི་ནར་འདི་ འཛམ་གླིང་ནང་ དངུལ་གྱི་གནས་གོང་མཐོ་ཤོས་ཅིག་ཨིན་མས། ས་སྣུམ་ལས་བརྟེན་ ནང་འཁོད་ཐོན་སྐྱེད་བརྒྱ་ཆ་ ༤༣ དང་ ཕྱིར་ཚོང་ཀྱི་འོང་འབབ་ལས་བརྒྱ་ཆ་ ༧༠ ལྷགཔ་ཅིག་ ཐོབ་དོ་ཡོདཔ་ཨིན་པས། ཀུ་ཝེཊ་ལུ་ དངུལ་ཁང་དང་དངུལ་འབྲེལ་སྡེ་ཚན་སྒྲིང་སྒྲི་ཡོད་མི་ལུ་བརྟེན་ འཛམ་གླིང་ནང་ མ་རྩ་གཞི་བཙུགས་འབད་ཐོག་ལས་ བདག་དབང་རྒྱུ་ནོར་མ་དངུལ་བཙུགས་ཡོདཔ་ཨིན། གཞུང་གིས་ ༢༠༣༥ འཆར་གཞི་གི་འོག་ལུ་ དཔལ་འབྱོར་ལུ་དབྱེ་བ་ཕྱེ་ནི་གི་ལཱ་ཡང་འབད་དོ་ཡོདཔ་དང་ འཆར་གཞི་དེ་གིས་ གཞི་རྟེན་མཐུན་རྐྱེན་དང་ལྟ་བཤལ་ དེ་ལས་ འཕྲུལ་རིག་ཚུ་ནང་ མ་རྩ་བཙུགས་ཐོག་ལས་ ས་སྣུམ་ལུ་བརྟེན་སྡོད་མི་ཚུ་ མར་ཕབ་འབད་ནི་ལུ་དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན།  (ཝི་ཀི་པི་ཌི་ཡ། གནམ་ལོ་མེད།) ཟེར་བཀོད་ནུག།

ཀུ་ཝེཊ་རྒྱལ་ཁབ་འདི་ རྒྱུ་ནོར་དང་ལོངས་སྤྱོད་ཅན་ཅིག་ཨིན་རུང་ གདོང་ལེན་ལེ་ཤ་ཅིག་ར་བྱུང་དོ་ཡོདཔ་ཨིན། དེ་ཡང་ སྤྱི་ལོ་ ༡༩༩༠­­-༡༩༩༡ ལུ་ ཨི་རག་གི་དམག་འཁྲུག་ལུ་བརྟེན་ རྒྱལ་ཁབ་ནང་ གནོད་རྐྱེན་སྦོམ་སྦེ་ར་བཏང་ཡོདཔ་ཨིན་རུང་ ཀུ་ཝེཊ་དེ་ རང་དབང་ཐོབ་པའི་ཤུལ་ལུུ་ འཕྲལ་མགྱོགས་ར་ ལོག་ཨ་རྟག་ཧ་ལུགས་ལུ་ལྷོད་ཚུགས་ནུག། དེ་ལས་ ས་སྣུམ་གྱི་གོང་ཚད་ལུ་བརྟེན་པའི་ འགྱུར་བ་གིས་ དངུལ་འབྲེལ་གྱི་གནས་སྟངས་ལུ་ ཐོ་ཕོག་དོ་ཡོདཔ་ལས་ དཔལ་འབྱོར་སྒྱུར་བཅོས་འབད་དགོཔ་ ཁག་ཆེ་བས་ཟེར་བཀོད་ནུག། དེ་མ་ཚད་ གཞུང་དང་གྲོས་ཚོགས་ཀྱི་བར་ན་ འཕྲལ་འཕྲལ་ར་འཐབ་འཛིང་འབད་ནི་དེ་གིས་ སྲིད་བྱུས་ལག་ལེན་འཐབ་ནི་དེ་ དུས་ཡུན་འགོར་དོ་ཡོདཔ་ཨིན། བཙོག་རླུང་དང་ས་སྣུམ་བླུག་ནི་ དེ་ལས་ བྱེ་ཐང་བཟོ་ནི་འདི་གིས་ ཀུ་ཝེཊ་གི་མཐའ་འཁོར་གནས་སྟངས་ལུ་ ཉེན་ཁ་ཡོད་པའི་ཁར་ ས་ཞིང་ཉུང་དྲགས་ཡོད་མི་ལུ་བརྟེན་ བཟའ་འཐུང་མང་ཤོས་ར་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།

ཀུ་ཝེཊ་འདི་ སྟོབས་ཤུགས་དང་རྒྱུ་ནོར་ དེ་ལས་ ལམ་སྲོལ་གྱི་ཕྱུག་པོའི་རྒྱལ་ཁབ་ཅིག་ཨིནམ་དང་ འདི་ཡང་ ས་གནས་ཀྱི་ལམ་སྟོན་དང་ ས་སྣུམ་གྱི་གཏེར་མཛོད་ དེ་ལས་ རྒྱལ་བརྒྱུད་ཀྱི་ལམ་སྲོལ་ཚུ་ ཡུན་རིང་གནས་ཏེ་ཡོདཔ་ལས་ཨིན་མས། ཀུ་ཝེཊ་འདི་ ཚོང་འབྲེལ་གྱི་ས་གནས་ཆུང་ཀུ་ཅིག་ལས་ དཔལ་འབྱོར་སྒྲིང་སྒྲི་དང་ མི་ཚེའི་གནས་ཚད་མཐོ་དྲགས་ཡོད་མི་རྒྱལ་ཁབ་ཅིག་ལུ་འགྱུར་སོང་ཡོདཔ་ཨིན། ཨིས་ལམ་ཆོས་ལུགས་འདི་ ཉིན་བསྟར་གྱི་མི་ཚེ་ནང་ལུ་ ཁག་ཆེ་ཤོས་ཅིག་སྦེ་གནས་ཡོདཔ་དང་ རྒྱལ་ཁབ་འདི་ནང་ལུ་ རང་ལུགས་དང་ དེང་སང་གི་བར་ན་ ཚད་མཉམ་སྦེ་ར་བཞག་སྟེ་ཡོདཔ་ཨིན། དཔལ་འབྱོར་གྱི་ནུས་ཤུགས་ཡོདཔ་ཨིན་རུང་ དེ་དང་འབྲེལ་བའི་དཀའ་ངལ་དང་ གདོང་ལེན་སྦོམ་སྦེ་ར་འབྱུང་དོ་ཡོདཔ་ཨིན་པས།

རྒྱབ་རྟེན་དཔེ་དེབ།

Creative Commons. (2025). Wikipedia. The Free Encyclopedia. Kuwait. Retrieved from:             https://en.wikipedia.org/wiki/Kuwait

Crystal,A,J. & Sadek,D,A. (2025). Britannica: Cultural life of Kuwait. Retrieved From: https://www.britannica.com/place/Kuwait/Cultural-life

DDC Dictionary (Mobile application software).

Eng - Dzo Terminology (Mobile application software).



"https://dz.wikipedia.org/w/index.php?title=ཀུ་ཝེཊ་&oldid=39550" ལས་ སླར་འདྲེན་འབད་ཡོདཔ།