Jump to content

ཐཱའི་ལེནཌ།

Wikipedia ལས།
ཐའི་ལེནཌ་གི་རྒྱལ་དར།
ཐའི་ལེཌ་གི་ས་ཁྲ།

ངོ་སྤྲོད།

ཐའི་ལེནཌ་འདི་ ཨེ་ཤི་ཡ་གི་ཤར་ལྷོ་ནང་ཡོདཔ་དང་ ནུབ་བྱང་ལུ་མཡེན་མར་རྒྱལ་ཁབ་ཡོདཔ་དང་། བྱང་ཤར་ལུ་ལའོས་རྒྱལ་ཁབ། ཤར་ལྷོ་ལུ་ཀེམ་བོ་ཌིཡ་དང་ ལྷོ་ལུ་མ་ལེ་ཤི་ཡ་རྒྱལ་ཁབ་ཚུ་ཡོདཔ་ཨིན། ཁང་ལུ་ ཨན་ཌ་མེན་རྒྱ་མཚོ་དང་ ཐཱའི་ལེནཌ་གི་མཚོ་ཁུག་བདའ་སྟེ་ རྒྱ་མཚོའི་འགྲམ་ རྒྱ་ཆེ་དྲགས་སྦེ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ ཧ་ལམ་ཀི་ལོ་མི་ཊརགྲུ་བཞི་༥༡,༣༡༢༠ དེ་ཅིག་ཁྱབ་སྟེ་ཡོདཔ་ལས་ རྒྱལ་ཁབ་འདི་ འཛམ་གླིང་ནང་ལུ་སྦོམ་ཤོས་ཀྱི་གྱལ་ཁ་༥༠ པ་ཐོནམ་ཨིན་པས།

རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།

ཁྲོམ་འུར་ཟིང་དང་ ལམ་སྲོལ་གྱི་ས་རྟགས་ དེ་ལས་ དེང་སང་གི་རྟེན་གཞི་ཚུ་ཡོད་པའི་ཁྲོམ་ཆེན་བེང་ཀོག་འདི་ ཐའི་ལེནཌ་གི་རྒྱལ་ས་ལྟེ་བ་ཨིན། བེང་ཀོག་འདི་ རྒྱལ་ཁབ་ཀྱི་ སྲིད་དོན་དང་ དཔལ་འབྱོར་ དེ་ལས་ ལམ་སྲོལ་ལྟེ་བ་ཡང་ཨིན། གལ་གནད་ཆེ་བའི་ཁྲོམ་སྡེ་གཞན་ཡང་ བྱང་ཕྱོགས་ཁ་ཐུག་ལུ་ རྒྱལ་རབས་ཅན་གྱི་ ཅིཡང་མའེ་ཁྲོམ་ཚོགས་དང་ ལྷོ་ཕྱོགས་ཁ་ཐུག་ལུ་ ལྟ་བཤལཔ་འགྱོ་ས་ ཕུག་ཀེཊ་ཁྲོམ་ཚོགས་ དེ་ལས་ དཔལ་འབྱོར་དང་ལུང་ཕྱོགས་ཀྱི་ལྟེ་བ་ཨིན་མི་ པཏ་ཏ་ཡ་དང་ཀོན་ཀེན་ཁྲོམ་ཚོགས་ཚུ་ཨིན་མས།

མི་རློབས།

སྤྱི་ལོ་ ༢༠༢༥ ཚུན་ཐཱའི་ལེནཌ་གི་མི་རློབས་འདི་ ས་ཡ་ ༧༡ དེ་ཅིག་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ མི་རློབས་མར་ཕབ་འགྱོ་དོ་ཡོདཔ་དང་ མི་ལོ་རྒས་མི་གི་གྱངས་ཁ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། མི་རློབས་མང་ཤོས་ར་ ཁྲོམ་གྱི་ས་གོ་ཚུ་ནང་ སྡོདཔ་ཨིནམ་དང་ བེང་ཀོག་རྐྱངམ་གཅིག་གི་ནང་ལུ་ མི་ས་ཡ་༡༠ ལྷགཔ་ཅིག་ སྡོད་དོ་ཡོདཔ་ཨིན། ད་རེས་ནངས་པ་ ཁྲོམ་སྡེ་ཚུ་གོང་འཕེལ་འགྱོ་སྟེ་ར་ཡོད་རུང་ དམིགས་བསལ་གྱིས་ བྱང་ཕྱོགས་དང་བྱང་ཤར་ཕྱོགས་ཀྱི་ཐཱའི་ལེནཌ་ལུ་ གྲོང་གསེབ་ཀྱི་སྔར་སྲོལ་ཚུ་ སྒྲིང་སྒྲི་སྦེ་ར་ཡོདཔ་ཨིན་པས།

མི་རིགས།

ཐའི་ལེནཌ་གི་མི་རློབས་འདི་ གཙོ་བོ་ར་མི་རྒྱུད་ཐའི་ཨིན་མི་གིས་མི་རློབས་ བརྒྱ་ཆ་༩༠ ལྷག་ཙམ་ཡོདཔ་ཨིན་པས། གཞན་མིའི་མི་རིགས་ཀྱི་སྡེ་ཚན་ཚུ་ཡང་ རྒྱ་ནག་གི་ཐའི། མ་ལེ་༼མང་ཤོས་ལྷོ་ཕྱོགས་ཀྱི་མངའ་སྡེ་༽མི་རིགས། ཁེ་མར་མི་རིགས། གངས་རི་གི་མི་རིགས་ལས་ ཧ་མོང་། ཀ་རེན། ལི་སུ་ལ་སོགས་པ་ཚུ་ཨིན་མས། མི་རིགས་གཞན་ལུ་ སྤྱིར་བཏང་ངོས་ལེན་འབདཝ་ཨིན་རུང་ ཁོང་ལ་ལུ་ཅིག་ལུ་ དཔལ་འབྱོར་དང་མི་སྡེའི་དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།

ཁ་སྐད།

གཞུང་འབྲེལ་གྱི་ཁ་སྐད་འདི་ ཐའི་ཨིནམ་དང་ མི་རློབས་མང་ཆེ་ཤོས་ཀྱིས་སླབ་ཨིན་པས། ཨིང་ལིཤ་འདི་ སློབ་གྲྭ་ཚུ་ནང་ རྒྱ་ཆེ་དྲགས་སྦེ་སྟོན་དོ་ཡོདཔ་དང་ ཚོང་ལཱ་དང་ལྟ་བཤལ་ལས་སྡེ་ཚུ་ནང་ ཁྱབ་ཆེ་བ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན། ལུང་ཕྱོགས་ཀྱི་ཁ་སྐད་དང་ གྲངས་ཉུང་གི་ཁ་སྐད་ ཨི་སཱན་ ༼ལའོ་ཁ་སྐད་དང་འབྲེལ་བ་ཡོད་མི་༽། མ་ལེ། ཁ་མཐོ་སའི་མི་རིགས་མ་འདྲཝ་ཚུ་གི་ཁ་སྐད་ཚུ་ཡང་སླབ་དོ་ཡོདཔ་ཨིན་མས།

རྒྱལ་རབས།

ཧེ་མ་སིཡམ་ཟེར་ཡོངས་གྲགས་ཡོད་མི་ ཐའི་ལེནཌ་རྒྱལ་ཁབ་འདི་ ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ནང་ལས་ ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་དབང་ལུ་མ་ཚུད་མི་ རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ནང་ ལོ་ངོ་སྟོང་ཕྲག་གི་ཧེ་མ་ལས་ དང་ཕུའི་ཡར་ཐོན་གོང་འཕེལ་འགྱོ་བའི་ལོ་རྒྱུས་ཡོད་པའི་ འབྱུང་རབས་རིངམ་དང་ ཕྱུགཔོ་སྦེ་ཡོདཔ་ཨིན་པས། དེང་སང་གི་ཐཱའི་རྒྱལ་ཁབ་འདི་ སུ་ཀོ་ཐའི་དང་ ཤུལ་ལས་ ཨ་ཡུ་ཐེ་ཡ་རྒྱལ་ཁབ་ཀྱི་འོག་ལུ་ གཅིག་སྒྲིལ་བཟོ་ནུག། སྤྱི་ལོ་ ༡༩༣༢ ལུ་ ཐའི་ལེནཌ་འདི་ རྒྱལ་གཞུང་རང་རྐྱང་ལས་ རྩ་ཁྲིམས་ཅན་གྱི་རྒྱལ་གཞུང་ལུ་ སོར་སྒྱུར་འབད་ཡོདཔ་དང་ སྤྱི་ལོ་ ༡༩༣༩ ལུ་ ཐའི་ལེནཌ་ཟེར་བའི་མིང་བཏགས་ཡོདཔ་དང་ དེའི་དོན་དག་ཡང་ “རང་དབང་གི་ས་” ཟེར་ཡོདཔ་ཨིན་པས།

ཆོས་ལུགས།

ཐའི་ལེནཌ་ལུ་ ཆོས་ལུགས་ཁྱབ་ཆེ་ཤོས་ མི་རློབས་བརྒྱ་ཆ་༩༠ ལྷག་ཙམ་གྱིས་ལག་ལེན་འཐབ་མི་ ཐེ་རཱ་ཝ་ཌ་ནང་པའི་ཆོས་ལུགས་འདི་ཨིན། དགེ་སློང་དང་ ལྷ་ཁང་ཚུ་གིས་ མི་སྡེའི་མི་ཚེ་ནང་ གལ་གནད་ཅན་གྱི་ལཱ་འགན་འབགཔ་ཨིན། ཁ་ཆེའི་ཆོས་ལུགས་འདི་ ལྷོ་ཕྱོགས་ཀྱི་མངའ་སྡེ་ཚུ་ནང་གཙོ་བོ་སྟོན་དོ་ཡོདཔ་ད་ ཡེ་ཤུའི་ཆོས་ལུགས་དང་ཧིན་དུ་ཆོས་ལུགས་འདི་ མི་སྡེ་ཆུང་ཀུ་ཚུ་གིས་ བཏོན་དོ་ཡོདཔ་ཨིན་པས།

གནམ་གཤིས།

ཐའི་ལེནཌ་ལུ་ གནམ་ཤིས་སྤྱིར་བཏང་ཁག་གསུམ་ཡོདཔ་དང་ འདི་ཡང་ དྲོ་ཏོག་ཏོ་དང ཆར་ཆུ་དུས་ཚོད་ དེ་ལས་ བསིལ་ཏོང་ཏོ་གི་དུས་ཚོད་ཡང་ཡོདཔ་ཨིན། བྱང་ཕྱོགས་ལུ་ ནམ་དུས་མང་སུ་སྦེ་མྱོང་ནི་དང་ ལྷོ་ཕྱོགས་ལུ་ ལོ་གཅིག་ར་ རློན་གཤེར་མངམ་ཡོདཔ་ལས་ ལུང་ཕྱོགས་ཀྱི་ཁྱད་པར་དུམ་གྲ་རེ་ཡོདཔ་ཨིན། རང་བཞིན་གྱི་ཁྱད་རྣམ་ནང་ ཚལ་མ་དགའ་ཏོག་ཏོ་དང་ མཚོ་མཐའ་ དེ་ལས་གཙང་ཆུའི་མཐའམ་ཚུ་ཡོདཔ་ཨིན་པས།

གཞུང་སྐྱོང་།

ཐཱའི་ལེནཌ་འདི་རྩ་ཁྲིམས་ཀྱི་རྒྱལ་བརྒྱུད་རྒྱལ་ཁབ་ཅིག་ཨིན། རྒྱལཔོ་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་འབདཝ་ལས་ གུས་ཞབས་སྦོམ་སྦེ་ར་བསྐྱེདཔ་ཨིན་པའི་ཁར་ སྲིད་དོན་གྱི་དབང་ཚད་འདི་ བཙག་འཐུ་གྲུབ་པའི་གཞུང་ལུ་ཕོགཔ་ཨིན། འདས་པའི་ལོ་ངོ་བཅུ་ཕྲག་ནང་ སྲིད་དོན་ཚུ་འཕྲལ་འཕྲལ་ར་འགྱུར་ཏེ་ཡོད་པའི་ཁར་ སྲིད་དོན་གཞུང་འདི་ དམག་སྡེའི་གཞུང་བཞེས་ཡང་བྱུང་སྟེ་ཡོད་རུང་ ཚོགས་ཁང་གི་དམངས་གཙོའི་གཞུང་འདི་ འཕྲོ་མཐུད་དེ་ར་ ལཱ་འབད་དོ་ཡོདཔ་ཨིན་མས།

དཔལ་འབྱོར།

ཐའི་ལེནཌ་ལུ་ སྤྱི་ལོ་ ༢༠༢༤ ཚུན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཌོ་ལར་ ༦༡༠ དེ་ཅིག་ཡོདཔ་ལས་ ཨེ་ཤི་ཡ་གི་ཤར་ལྷོ་ལུ་ དཔལ་འབྱོར་སྦོམ་ཤོས་ཅིག་སྦེ་ཡོདཔ་ཨིན། ཕྱི་ཚོང་གཙོ་བོ་ར་ གློག་འཕྲུལ། སྣུམ་འཁོར། སོ་ནམ་ཐོན་སྐྱེད་༼ཆུམ་དང་འགྱིབ་༽། ཐགས་རིགས་ཚུ་ཨིན་མས། ནང་འདྲེན་གྱི་གྲངས་སུ་ འཕྲུལ་ཆས་དང་ སྣུམ་ དེ་ལས་ རྒྱུ་ཆ་ཚུ་ཚུདཔ་ཨིན། ལྟ་བཤལ་འདི་ དཔལ་འབྱོར་ལུ་ཕན་འདེབས་འབད་མི་ གཙོ་བོ་ཅིག་ཨིན་པས།

ལམ་སྲོལ་དང་གྱོན་ཆས།

ཐཱའི་ལམ་སྲོལ་འདི་ ནང་པའི་ཆོས་ལུགས་དང་ རྒྱལ་འཛིན་གྱི་སྔར་སྲོལ་ཚུ་གིས་ གཏིང་ཟབ་དྲགས་སྦེ་ཤན་ཞུགས་ནུག། རྒན་ཤོས་ཚུ་ལུ་གུས་ཞབས་ དང་ གཞན་ལུ་གུས་ཞབས་ དེ་ལས་ མགྲོན་སྐྱོང་འབད་ནི་འདི་ བརྩི་མཐོང་གཙོ་བོ་ཅིག་ཨིན། གཞུང་འབྲེལ་གྱི་ལས་རིམ་ཚུ་དང་ དུས་སྟོན་ཚུ་གི་སྐབས་ལུ་གྱོན་མི་ ཅུཊ་ཐའི་འདི་ཡང་ སྔར་སྲོལ་གྱི་གྱོན་ཆས་ཅིག་ཨིན་མས། དེང་སང་ཐའི་གི་མི་ཚུ་གིས་ དུས་རྒྱུན་མི་ཚེ་ནང་ ནུབ་ཕྱོགས་པའི་ལུགས་སྲོལ་གྱི་གྱོན་ཆས་གྱོནམ་ཨིན།

ལྟ་བཤལ།

ཐའི་ལེནཌ་འདི་ འཛམ་གླིང་ནང་ལྟ་བཤལཔ་འགྱོ་སའི་ ས་གོ་དྲག་ཤོས་ཅིག་ཨིན། དེ་གིས་ ཅེང་མཱའི་ལྷ་ཁང་དང་ ཕུ་ཀེཊ་དང་ཀར་བི་གི་མཚོ་མཐའ་ དེ་ལས་ བེང་ཀོག་གི་ཕྱི་རུའི་སྤྲོ་སྟོན་ས་ཁོངས་ཚུ་ ལྟ་ཚུགས་དོ་ཡོདཔ་ཨིན། ལམ་སྲོལ་གྱི་དུས་སྟོན་ སོང་ཀརན་དང་ ལོ་ཡི་ཀ་རཱ་ཐོང་ཚུ་གིས་ ནང་འཁོད་དང་ཕྱི་རྒྱལ་གྱི་ལྟ་བཤལཔ་ཚུ་བཀུགཔ་ཨིན་མས།

རྩེད་རིགས།

སྔར་སྲོལ་གྱི་དམག་གི་སྒྱུ་རྩལ་ མུའི་ཐཱའི་འདི་ ཐཱའི་ལེནཌ་གི་རྒྱལ་ཡོངས་རྩེདམོ་ཨིན། རྐང་རྩེད་འདི་ ཡོང་དྲགས་ཡོདཔ་དང་ རྩེད་མིའི་སྡེ་ཚན་ཚུ་དང་དགའ་མི་ རྒྱ་ཆེ་དྲགས་སྦེ་ཡོདཔ་ཨིན། གཞན་མིའི་རྩེདམོ་ཚུ་ཡང་ བེཌ་མིཎ་ཊཱོན། བོ་ལི་བཱོལ། ལུས་རྩལ་ཚུ་ཨིནམ་དང་ རྩེདམོ་འདི་ཚུ་ ན་གཞོན་ཚུ་གི་བར་ན་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན་པས།

བཞེས་སྒོ།

ཐའི་གི་བཞེས་སྒོ་འདི་ འཛམ་གླིང་ནང་ བྲོཝ་ལེགས་ཤོམ་ཡོད་པའི་ཁར་ སྔོ་ཤིང་དང་རྫས་སྦྱོར་ལག་ལེན་འཐབ་མི་ལུ་བརྟེན་ ཡོངས་གྲགས་ཅན་ཨིན་པས། བཞེས་སྒོ་གཙོ་བོ་ར་ པེཌ་ཐའི། སྔོ་ཚོད། ཊོམ་ཡམ་གྱི་ཐུགཔ། ཨམ་ཅུ་ཀུ་ལི་བླུགས་པའི་ལྟོ་ཚུ་ཨིན། ཁྲོམ་ལམ་གྱི་བཞེས་སྒོ་འདི་ ཁྲོམ་གྱི་ས་གོ་ཚུ་ནང་ ཉིན་བསྟར་གྱི་མི་ཚེ་ནང་ ཁག་ཆེ་ཤོས་ཅིག་ཨིན་པས།

ཕྱི་འབྲེལ་མཐུན་ལམ།

ཐའི་ལེནཌ་རྒྱལ་ཁབ་ཀྱིས་ འཛམ་གླིང་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་འབྲེལ་ཚུ་བཞགཔ་མ་ཚད་ ཨ་སི་ཡཱན་(ASEAN)དང་ འཛམ་གླིང་སྤྱི་ཚོགས་ དེ་ལས་ འཛམ་གླིང་ཚོང་འབྲེལ་ལས་ཚོགས་ཀྱི་འཐུས་མི་ཡང་ཨིན་པས། འདི་མ་ཚད་ ཚོང་འབྲེལ། ལྟ་བཤལ། སྲུང་སྐྱོབ་མཉམ་འབྲེལ་གྱི་དོན་ལུ་ ཡིའུ་ཨེསི་དང་ རྒྱ་ནག་ དེ་ལས་ ཁྱིམ་ཚང་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་ལམ་སྒྲིང་སྒྲི་སྦེ་ར་བཞགཔ་ཨིན་པས།

མཇུག་དོན།

ཐའི་ལེནཌ་འདི་ དང་ཕུའི་སྔར་སྲོལ་དང་ དེང་སང་གི་གོང་འཕེལ་འགྱོ་བའི་རྒྱལ་ཁབ་ཅིག་ཨིན། འདི་གི་ མ་འདྲཝ་སྦེ་ཡོད་པའི་ལམ་སྲོལ། ས་ཆ། དཔལ་འབྱོར། མགྲོན་སྐྱོང་གིས་ ཨེ་ཤི་ཡ་གི་ཤར་ལྷོ་ལུ་ རྒྱལ་ཁབ་འདི་ གལ་གནད་ཅན་དང་ དབང་ཚད་ཅན་ཅིག་སྦེ་ཡོདཔ་ཨིན་པས། ཐའི་ལེནཌ་གི་མི་རློབས་ནུས་ཤུགས་དང་ སྔར་སྲོལ་ཕྱུགཔོ་ དེ་ལས་ དཔལ་འབྱོར་ཡར་འཕར་འགྱོ་མི་དང་འབྲེལ་ རྒྱལ་སྤྱིའི་གནས་རིམ་ནང་ འཕྲོ་མཐུད་དེ་ར་གོང་འཕེལ་ཅན་ཅིག་སྦེ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན།

"https://dz.wikipedia.org/w/index.php?title=ཐཱའི་ལེནཌ།&oldid=38932" ལས་ སླར་འདྲེན་འབད་ཡོདཔ།