Jump to content

ནེ་དར་ལེནཌསི་

Wikipedia ལས།

ནེ་དྷར་ལེནཌས།

ནེ་དར་ལེནཌསི་
Nederland

ནེ་དྷར་ལེནཌས་རྒྱལ་ཁབ་ལུ་ གཞུང་འབྲེལ་མེན་པའི་མིང་ཧོ་ལེནཌ་ཟེར་བོ་དོ་ཡོདཔ་དང་ རྒྱལ་ཁབ་འདི་ ནུབ་བྱང་ཡུ་རོབ་ཀྱི་རྒྱལ་ཁབ་ཅིག་ཨིནམ་དང་ རྒྱ་མཚོའི་ཕར་ཁ་ཀེ་རི་བི་ཡ་ལུ་ཡང་ས་ཆ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ཤར་ཕྱོགས་ལུ་ ཇཱར་མ་ནི་དང་ ལྷོ་ཕྱོགས་ལུ་ བྷེལ་ཇིའམ་དང་ བྱང་དང་ནུབ་ཕྱོགས་ལུ་ ནོརཐ་མཚོའི་མཚོ་འགྲམ་ཚུ་ཡོདཔ་ཨིན། ཡུ་ནཱའི་ཊེཌ་ཀིང་ཌམ་དང་ ཇཱར་མ་ནི་ དེ་ལས་ བྷེལ་ཇམ་ཚུ་དང་གཅིག་ཁར་ མཚོའི་བདའ་ས་མཚམས་ཡོདཔ་ཨིན། རྒྱལ་ཁབ་འདི་འཛམ་གླིང་གི་སྦྲེལ་ཚད་ ༥༢ དང་ ༣༡ བྱང་ཁ་ཐུག་དང་ ༥ དང་ ༤༦ ཤར་ཁ་ཐུག་ལུ་ཆགས་ཏེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་སའི་རྒྱ་ཁྱོན་ཡོངས་བསྡོམས་གྲུ་བཞི་ཀི་ལོ་མི་ཊར་  ༤༡༥༤༣ ཡོདཔ་དང་ ས་གཞི་རྐྱངམ་གཅིག་གི་རྒྱ་ཁྱོན་འདི་གྲུ་བཞི་ཀི་ལོ་མི་ཊར་ ༣༣༨༩༣ ཡོདཔ་དང་ ཆུའི་འཇལ་ཚད་འདི་ གྲུ་བཞི་ཀི་ལོ་མི་ཊར་ ༧༦༥༠ ཡོདཔ་ཨིན། དེ་བཟུམ་སྦེ་ས་མཚམས་ཀྱི་ས་ཡོངས་བསྡོམས་ཀི་ལོ་མི་ཊར་ ༡༠༥༣ ཡོདཔ་ཨིན་པས། དེ་ལས་ མཚོ་འགྲམ་གྱི་ས་ཆ་ཀི་ལོ་མི་ཊར་ ༤༥༡ ཡོདཔ་ཨིན།

ནེ་དྷར་ལེནཌས་འདི་ནེ་དྷར་ལེནཌས་རྒྱལ་ཁམས་ཀྱི་ ཆ་ཤས་རྒྱལ་ཁབ་བཞིའི་ནང་ལས་སྦོམ་ཤོས་ཅིག་ཡིན། ནེ་དར་ལེནཌས་ལུ་ མངའ་སྡེ་བཅུ་གཉིས་ཡོདཔ་ཨིན། དེ་ཡང་ ཌན་དི་དང་ ཕིལི་བོ་ལནཌ། ཕིརིསི་ལན། གལ་ཌར་ལནཌ། གོརོ་ནིང་ཇཱན། ལིམ་བརག། ནུརཌ་བེརེ་བནཌ། ནུརཌ་ཧོ་ལནཌ།(བྱང་ཧོ་ལནཌ) ཨོ་བ་རིཇ་སལ། ཡུ་ཊེཆཊ། ཟི་ལནཌ། ཟུའུཌ་ཧོ་ལནཌ།(ལྷོ་ཧོ་ལནཌ)་ཚུ་ཨིན། མངའ་སྡེ་བཅུ་གཉིསཔ་ཡང་ ད་རུང་ གྲོང་སྡེ་ ༣༥༥ ལུ་བགོ་སྟེ་ཡོདཔ་ཨིན།  བོ་ནེའེར་དང་ ས་སྦ་ སིནཊ་ཨུསི་ཊ་ཊིའུས་གསུམ་ མཚོ་སྦོ་ལོགས་ཁར་ཡོད་པའི་ གྲོང་སྡེ་གསུམ་འདི་ མངའ་སྡེའི་གྲངས་སུ་མི་ཚུད་ནི་ཨིན་རུང་རྒྱལ་ཁབ་གཅིག་ཨིན་པས།

གཞུང་འབྲེལ་གྱི་སྐད་ཡིག་འདི་ ཌཆ་ཨིནམ་ད་ ཝེསི་ཕིརི་སིཡན་འདི་ ཕིརིསི་ལེནཌ་གི་མངའ་ཁོངས་ནང་ གཞུང་འབྲེལ་གྱི་སྐད་ཡིག་གཉིས་པ་ཅིག་ཨིན་མས། དེ་བཟུམ་སྦེ་ཨིང་ལིཤ་དང་ པ་པི་ཡ་མེན་ཊོ་ཚུ་ ཀེ་རི་བིཡན་གྱི་ས་ཁོངས་ནང་ གཞུང་འབྲེལ་གྱི་ཁ་སྐད་ཅིག་ཨིན། ཌཆ་ལུ་ནི་ཌྷར་ལེན་ཌིང་ཟེར་ཡང་སླབ་སྲོལ་ཡོདཔ་ཨིན། དེ་བཟུམ་སྦེ་ མི་ཚུ་གིས་ ཨཕ་རི་ཀན་དང་ཇཱར་མཱན་ ཕེརེནཆ་ཚུ་ཡང་ སླབ་ས་གོ་ཚུགས་ནི་ཨིན་པས།

རྒྱལ་ཁབ་ཀྱི་མི་རློབས་ཡོངས་བསྡོམས་འདི་ སྤྱི་ལོ་ ༢༠༢༤ ལུ་ཕོ་ཚོད་དཔགས་མི་དང་འཁྲིལ་བ་ཅིན་  ༡༧༧༧༢༣༧༨ ཡོདཔ་དང་ དེའི་གྲས་ལས་ ༨༨༤༤༡༠༠ ཕོ་སྐྱེས་ཨིནམ་དང་ ༨༩༢༨༢༧༨ ཨམ་སྲུ་ཨིནམ་མས། མི་རིགས་ཡང་ ཕིརི་སིཡན་དང་སེག་སན་ དེ་ལས་ཕེརག་ཚུ་ཡོདཔ་ཨིན་པས།

ནེ་དྷར་ལེནཌས་ཟེར་མི་འདི་ སའི་མཐོ་ཚད་འདི་དམའ་ཤོས་དང་ དབྱིབས་ཐང་སྦེ་ཡོད་མི་ལུ་བརྟེན་ཏེ་ "རྒྱལ་ཁབ་དམའ་ཤོས་" ཟེར་སླབ་པའི་དོན་ཨིན་པས། ས་ཆ་བརྒྱ་ཆ་ ༢༦ དེ་ཅིག་རྒྱ་མཚོ་གི་གནས་ཚད་ལས་དམའ་སུ་སྦེ་ཡོདཔ་ཨིན། མཚོའི་གནས་ཚད་ལས་དམའ་མི་ས་ཁོངས་ མང་ཤོས་ཅིག་ར་ དུས་རབས་ ༡༤ པའི་ནང་ ས་ཆ་སླར་ལེན་འབད་བའི་འབྲས་བུ་ལུ་བརྟེན་ཏེ་ཨིན་པས། སྤྱི་ལོ་ ༡༥༨༨ ལས་འགོ་བཙུགས་ རྒྱལ་ཁབ་སྤྱི་མཐུན་གྱི་དུས་སྐབས་ལུ་ ནེ་དྷར་ལེནཌས་འདི་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ གོམ་རིམ་གཞན་དང་མ་འདྲཝ་ཅིག་ལུ་ལྷོད་དེ་ ཡུ་རོབ་དང་འཛམ་གླིང་ནང་ དབང་ཚད་ཅན་དང་ རྒྱལ་ཁབ་ཤུགས་ཅན་ཅིག་སྦེ་ཐོན་ཡོདཔ་ཨིན། དུས་མཚམས་དེའི་མིང་ཡང་ ཌཆ་གྱི་གསེར་གྱི་དུས་སྐབས་ཟེར་སླབ་ཨིན་མས། དེ་སྐབས་ལུ་ ཌཆ་གི་ཤར་ཕྱོགས་རྒྱ་གར་གྱི་ཚོང་སྡེ་དང་ ཌཆ་ནུབ་ཕྱོགས་རྒྱ་གར་གྱི་ཚོང་སྡེ་སྦེ་ འཛམ་གླིང་མཐའ་དབུས་མེད་པར་ དབང་འོག་དང་ཚོང་འབྲེལ་གྱི་ས་ཁོངས་ཚུ་གཞི་བཙུགས་འབད་ནུག།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལས་ཚུར་ར་ རྒྱལ་ཁབ་འདི་ བཟོ་གྲྭ་དང་འཕྲུལ་ཁང་གྲུབ་ཚར་བའི་རྒྱལ་ཁབ་ཅིག་ཨིནམ་དང་ ཡུ་རོབ་ཀྱི་དཔལ་འབྱོར་ནང་ ཁག་ཆེ་ཤོས་ཅིག་ཨིན།. མ་གཞི་སོ་ནམ་ལུ་བརྟེན་རྒྱལ་ཁབ་ཀྱི་འོང་འབབ་བཟོ་མི་འདི་ དཔྱ་ཉུང་དྲགས་སྦེ་ཡོད་རུང་ རྒྱལ་ཁབ་ཀྱི་མི་ཁུངས་ཚུ་གི་ཕྱིར་བཙོང་གི་མཐུན་རྐྱེན་ངོ་མ་ཅིག་ཨིན། ས་གཏེར་ཚུ་དཀོན་དྲགས་སྦེ་ཡོདཔ་ལས་ རྒྱལ་ཁབ་ཕྱི་ཁ་ལས་ནང་འདྲེན་འདབཝ་ཨིན་རུང་ རང་བཞིན་མེ་རླུང་འདི་རྒྱལ་ཁབ་ནང་འཁོད་ལས་འཐོན་དོ་ཡོདཔ་ཨིན། ཁག་ཆེ་བའི་གཞི་རྟེན་ཉེར་མཁོའི་ཅ་ལ་གཞན་ཚུ་ཡང་ ནང་འདྲེན་འབད་དོ་ཡོདཔ་ཨིན།

རྒྱལ་ཁབ་ཀྱི་གནམ་གཤིས་འདི་ བསིལ་དྲོད་སྙོམ་ཏོག་ཏོ་སྦེ་ཡོདཔ་མི་དེ་ཡང་ གནམ་དགུན་ལུ་ཁཝ་རྐྱབ་དོ་ཡོདཔ་དང་ གནམ་བྱཱར་འདི་བསིལ་དང་ལྡནམ་སྦེ་ཡོདཔ་ཨིན་མས། དུས་བཟུམ་སྦེ་ དུས་བཞིཔ་ཆ་མཉམ་ལུ་ ཆརཔ་འབབ་དོ་ཡོདཔ་ཨིན། ལྷོ་དང་ནུབ་ཕྱོགས་ལས་འཕུ་མིའི་རླུང་མ་འདི་ཁྱབ་ཆེ་ཏོག་ཏོ་སྦེ་འཕུ་དོ་ཡོདཔ་དང་ མཚོ་ལས་ས་ཡོད་ས་ཁ་ཐུག་འཕུ་བའི་རླུང་གིས་ གནམ་གཤིས་འདི་བསིལ་ཉམས་དང་ལྡནམ་སྦེ་བཞགཔ་ཨིནམ་མས།

རྒྱལ་ཁབ་འདི་གི་གཞུང་ རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་རིང་ལུགས་ཅིག་ཨིན་པས། རྒྱལ་བརྒྱུད་ཀྱི་རྒྱལ་ཁམས་འདིའི་རྒྱལཔོ་གིས་ རྒྱལ་ཁབ་བཞི་སྐྱོང་དོ་ཡོདཔ་ཨིན། ས་གནས་དེ་ཁར་ ཕོ་སྐྱེས་དང་ཨམ་སྲུ་གཉིསཔ་ཆ་ར་གིས་རྒྱལཔོ་འབད་ནིའི་གོ་སྐབས་འདྲ་མཉམ་ཡོདཔ་ཨིན་པས། རྩ་ཁྲིམས་ཆེན་མོ་འདི་ སྤྱི་ལོ་ ༡༨༡༤ ལུ་བརྩམས་གནང་ཡོདཔ་དང་ རྩ་ཁྲིམས་དང་བསྟུནམ་ད་ རྒྱལ་ཁམས་ཀྱི་དབུ་ཁྲིད་ རྒྱལཔོ་འདི་སྐྱོན་གྱིས་མ་གོས་པ་འབདཝ་ལས་ སྲུང་སྐྱོབ་འབདཝ་ཨིན་མས། ཨིན་རུང་ རྒྱལ་ཁབ་སྐྱོང་ནིའི་དབང་ཚད་འདི་ བློན་པོ་ཚུ་ལུ་ཡོདཔ་ཨིན། དེ་བཟུམ་སྦེ་རྩ་ཁྲིམས་ཆེན་མོ་གིས་ སྤྱི་ཚོགས་ཀྱི་དགོངས་པ་ལས་འགལ་བའི་ གཞུང་སྐྱོང་མི་བཅུག་དོ་ཡོདཔ་ཨིན། སྤྱི་ཚོགས་ལུ་ ཚོགས་ཁང་གཉིས་ཡོདཔ་ཨིན། དེ་ཡང་ ཚོགས་ཁང་དང་པ་ ཡང་ན་ སེ་ནེ་འདི་ མངའ་སྡེ་ ༡༢ ཀྱི་ཚོགས་སྡེའི་འཐུས་མི་ཚུ་གིས་བཙག་འཐུ་འབད་དོ་ཡོདཔ་ཨིན། འཐུས་མི་གི་གནས་ཡུན་འདི་ལོ་ངོ་བཞི་ཚུན་གྱི་རིང་ལུ་ཨིན་པས། ཚོགས་ཁང་གཉིས་པ་དང་ ཡང་ན་ ངོ་ཚབ་ཀྱི་ཚོགས་ཁང་འདི་ ཐད་ཀར་དུ་བཙག་འཐུ་འབད་དོ་ཡོདཔ་ཨིནམ་དང་ གནས་ཡུན་ལོ་ངོ་བཞི་གི་རིང་ལུ་ཕྱག་འགན་བཞེས་ཏེ་ ཕྱག་ལཱ་གནངམ་ཨིན་པས། ཚོགས་ཁང་གཉིསཔ་ཆ་ར་ལུ་ གཞུང་དང་གཅིག་ཁར་ཁྲིམས་བཟོའི་དབང་ཚད་ཡོདཔ་ཨིན། ཚོགས་ཁང་གཉིས་ཀྱི་གཞུང་གི་སྲིད་བྱུས་ཚད་འཛིན་འབདཝ་ཨིན། ཚོགས་ཁང་དང་པ་ལུ་ ཁྲིམས་ཆ་འཇོག་འབད་ནི་དང་ཡང་ཅིན་ ཆ་མེད་གཏང་ནིའི་དབང་ཚད་ཡོད་རུང་ ཁྲིམས་བཟོ་ནིའི་དོན་ལུ་དཔྱད་ཡིག་གི་གྲོས་འཆར་བཀོད་ནི་དང་ འཕྲི་སྣོན་འབད་ནིའི་དབང་ཚད་དང་འགན་དབང་མེདཔ་ཨིན་པས། གཞུང་ཡང་ སྐྱེས་ལོ་ ༡༨ ལངས་མི་ཡན་ཆད་ཀྱི་མི་ཁུངས་ཚུ་གིས་ ཚོགས་རྒྱན་བཙུགས་ཚུགས་ནི་ཨིན་པས། ཚོགས་ཁང་གཉིས་པའི་འཐུས་མི་བཙག་འཐུ་འབད་ཞིནམ་ལས་ ཚོགས་རྒྱན་དཔྱ་མང་ཐོབ་མི་ཚོགས་པ་གིས་ ལྷན་རྒྱས་གཞུང་ཚོགས་གཞི་བཙུགས་འབད་ནི་ཨིན་པས། ལྷན་རྒྱས་གཞུང་ཚོགས་ནང་ བློན་ཆེན་དང་ བློན་པོ་ བློན་པོ་འོགམ་ཚུ་ཡོདཔ་ཨིན།



ཡོ་རོབ་གླིང་
བེ་ལ་རུ་སུ་ | གིརིསི་ | ཇཱར་མ་ནི་ | ཡུ་ནའི་ཊེཊ་ཀིང་ཌམ་ | ཨྀཊ་ལི་ | ཕརཱནསི་ | སིཔཱེན་ | པོར་ཅུ་གལ་ | སུའི་ཌན་ | ནོ་ཝེ་ | ནེ་དར་ལེནཌསི་ | བེལ་ཇིཡམ་ | ཌེན་མཱཀ་ | ཕིན་ལེནཌ་ | ཨའིསི་ལེནཌ་ | ཀོ་སོ་བྷོ། | ཨས་ཊི་ཡ་ | ཨའིརི་ལེནཌ | ཨིསི་ཊོ་ནི་ཡ་ | ཨཱལ་བེ་ནི་ཡ། | སུའིཊ་ཛར་ལེན་ | ཅེཀ་རི་པབ་ལིཀ་ | སི་ལོ་པ་ཀེ་ | ལི་ཐུ་ནི་ཡ། | ཀུརོ་ཤི་ཡ | བ་ཊི་ཀཱན་ | ལེཊི་བི་ཡ | སི་ལོ་ཝེ་ཉི་ཡ | ཨའིརི་ལེནཌ་ | ཨས་ཊི་ཡ | བཱུལ་གཱ་རི་ཡ།
ཕཱ་རོ་གླིང་ཕྲན།


"https://dz.wikipedia.org/w/index.php?title=ནེ་དར་ལེནཌསི་&oldid=38953" ལས་ སླར་འདྲེན་འབད་ཡོདཔ།