སུའི་ཌན་
ས་ཆ་དང་རྒྱ་ཚད།
| སུའི་ཌན་ Sverige | ||
|
| ||
བྱང་ཕྱོགས་ཡུ་རོབ་ཀྱི་ ཨིསི་ཀེན་ཌི་ནེ་བི་ཡཱན་ཕྱོགས་གསུམ་ཆུ་གླིང་ནང་ ཆགས་ཡོད་པའི་ སུའི་ཌེན་འདི་ ས་ཆའི་གནས་སྟངས་དགའ་ཏོག་ཏོ། གོང་འཕེལ་ལུ་དགའ་བའི་མི་སྡེ། དེ་ལས་ ལམ་སྲོལ་གྱི་བྱུང་རབས་ཕྱུགཔོ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན། ཡུ་རོབ་ཀྱི་རྒྱལ་ཁབ་སྦོམ་ཤོས་ལྔ་པ་ཨིནམ་དང་ ས་ཆ་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་༤༥༠,༠༠༠ ཡོདཔ་ཨིན། ནུབ་ཕྱོགས་ལུ་ ནོར་ཝེ་དང་ བྱང་ཤར་ལུ་ ཕིན་ལེནཌ་ དེ་ལས་ ཌེན་མརཀ་དང་ ཨོར་སུནད་ཟམ་གྱིས་མཐུད་དེ་ཡོདཔ་ལས་ སའི་ཌེན་གྱི་མཐའ་འཁོར་ལུ་ བཱལ་ཊིཀ་མཚོ་དང་ གཱལཕ་ཨོཕ་བོཐ་ནི་ཡ་ ཡང་ཡོདཔ་ཨིན།
གནམ་གཤིས།
སུའི་ཌེན་འདི་ བྱང་ཕྱོགས་ལུ་ཡོད་རུང་ གནམ་གཤིས་དྲོད་དང་ལྡནམ་སྦེ་ཡོདཔ་ཨིན་པས་ དེ་ཡང་ དྲོད་དང་ལྡན་པའི་ གལཕ་མཚོ་ཡོད་པ་ལས་བརྟེན་ཨིན་པས། གནམ་དགུན་འདི་ བྱང་ཕྱོགས་ལུ་ བསིལ་དྲགས་དང་ ཁཝ་རྐྱབ་དོ་ཡོདཔ་ད་ གནམ་བྱཱར་འདི་ ཚ་དྲོད་རན་ཏོག་ཏོ་དང་ ཉིནམ་རིངམོ་སྦེ་ཡོདཔ་ཨིན།
རྒྱལ་ས་ལྟེ་བ།

སུའི་ཌེན་གྱི་རྒྱལ་ས་ལྟེ་བ་འདི་ མཚོ་གླིང་༡༤ ནང་ ཟམ་༥༠ ལྷགཔ་ཅིག་གིས་ མཐུད་དེ་ཡོད་མི་ མཛེས་ཏོག་ཏོ་ཡོད་པའི་ཁྲོམ་ཚོགས་ ཨིས་ཊོག་ཧོམ་འདི་ཨིན། རྒྱལ་ཁབ་ཀྱི་ཤར་ཕྱོགས་མཚོ་འགྲམ་ལུ་ཡོད་པའི་ མཚོ་མཱ་ལ་རེན་དང་ བཱལ་ཊིག་མཚོ་གཉིས་ འཕྱད་སའི་ ཨིསི་ཊོག་ཧོམ་འདི་ སུའི་ཌན་གྱི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་མ་ཚད་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ ལྟེ་བ་ཡང་ཨིན།
ཁྲོམ་ཚོགས་ནང་ལུ་ མི་རློབས་ས་ཡ་༡ དེ་ཅིག་དང་ ཁྲོམ་ཆེན་ནང་ལུ་ མི་རློབས་ས་ཡ་༢.༥ ལྷགཔ་ཅིག་ཡོདཔ་ལས་ ཨིསི་ཊོག་ཧོམ་གྱིས་ རྒྱལ་རབས་ལྡན་པའི་མཛེས་ཆ་དང་ དེང་སང་གི་གསར་བཏོད་ཚུ་ སླ་བསྲེ་རྐྱབ་ཨིན། ཁྲོམ་ཚོགས་འདི་གི་བཟོ་རིགས་ཚུ་གིས་ དུས་རབ་བར་མའི་ཁྲོམ་རྙིངམ་ ༼གམ་ལ་སི་ཊན་༽ དང་ རྡོ་གི་ཁྲོམ་ལམ་རྒྱ་ཆུང་ཀུ་དང་ ཕྱི་དར་གྱི་ཕོ་བྲང་ དེ་ལས་ དེང་སང་གི་སྒྲིང་ཁྱིམ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། ངོ་རྟགས་ཅན་གྱི་ས་རྟགས་ཚུ་ཡང་ རྒྱལ་པོའི་ཕོ་བྲང་དང་ ཨིསི་ཊོག་ཧོམ་གྱི་ཁྲོམ་སྡེ་ཁང་ཆེན་ དེ་ལས་ དུས་རབ་༡༧ པའི་དམག་གྲུ་ཡོད་སའི་ བ་སཱ་འགྲེམས་སྟོན་ཁང་ཚུ་ཨིན།
ཨིསི་ཊོག་ཧོམ་འདི་ཡང་ འཕྲུལ་རིག་དང་བཟོ་བཀོད་ དེ་ལས་ ཡུན་བརྟན་གྱི་དོན་ལུ་ འཛམ་གླིང་གི་ལྟེ་བ་ཅིག་ཨིན། མཐའ་འཁོར་གཙང་ཏོག་ཏོ་དང་ མི་མང་སྐྱེལ་འདྲེན་ འཇོན་ཐངས་ཅན་གྱི་ ཁྲོམ་སྡེ་འདི་ འཛམ་གླིང་ནང་ མི་སྡོད་ནི་ལུ་དགའ་བའི་ ཁྲོམ་སྡེ་ཚུ་གི་གྲལ་ལས་ དུས་རྒྱུན་དུ་ མཚམས་ཅིག་ར་ ཚུད་དེ་ཡོདཔ་ཨིན།
སུའི་ཌིཤ་སྤྱི་ཚོགས་དང་ རྒྱལ་བརྒྱུད་བཞུགས་སའི་ས་ཁོངས་ཨིནམ་ལས་ ཨིསི་ཊོག་ཧོམ་གྱིས་ རྒྱལ་ཡོངས་གཞུང་སྐྱོང་ནང་ འགན་ཁུར་གཙོ་བོ་འབགཔ་ཨིན། ཁྲོམ་ཚོགས་འདི་གི་ལམ་སྲོལ་ཕྱུགཔོ་དང་ ཆུ་ཡུར་ལམ་མཛེས་ཏོག་ཏོ་ དེ་ལས་ མ་འོངས་སྔོན་མཐོང་གྱི་བསམ་བློ་ཚུ་གིས་ ཨིས་ཀེན་ཌི་ནེ་བི་ཡ་ལུ་རྐྱངམ་ཅིག་མེན་པར་ འཛམ་གླིང་ནང་ལུ་ར་ རྒྱལ་ས་ལྟེ་བ་མིང་ཅན་ཅིག་སྦེ་བཟོཝ་ཨིན་པས།
རྒྱལ་རབས།
སུའི་ཌེན་ལུ་ ལོ་རྒྱུས་གཏིང་ཟབ་དང་ མགུ་རྙོག་དྲགས་སྦེ་ཡོདཔ་ཨིན། བའི་ཀཱིང་དུས་སྐབས་ཀྱི་སྐབས་ལས་ དུས་རབས་༡༧ པའི་ནང་ ཡུ་རོབ་ཀྱི་རྒྱལ་ཁབ་སྟོབས་ཤུགས་ཅན་ཅིག་ལུ་འགྱུརཝ་ཚུན་ཚོད་ སུའི་ཌན་གྱིས་ ལུང་ཕྱོགས་སྲིད་དོན་ནང་ ཁག་ཆེ་བའི་འགན་ཁུར་འབག་ནུག། འཛམ་གླིང་དམག་ཆེན་གཉིས་ཆ་རའི་སྐབས་ལུ་ གྲལ་གཏོགས་མེད་པར་སྡོད་དེ་ དེ་ལས་ཚུར་ ཞི་བདེ་དང་ ཕྱི་འབྲེལ་ དེ་ལས་ གསར་བཏོད་ཀྱི་རྟགས་མཚན་ཅིག་ལུ་འགྱུར་ཡོདཔ་ཨིན།
མི་རློབས་དང་མི་རིགས།
སུའེ་ཌེན་གྱི་མི་འབོར་ས་ཡ་ ༡༠.༥ དེ་ཅིག་ཡོདཔ་ཨིན། མི་རིགས་མང་ཤོས་ཅིག་རང་ སུའེཌ་གི་མི་ཁུངས་ཨིན་རུང་ རྒྱལ་ཁབ་འདི་ནང་ ཕྱི་མི་ནང་སྐྱོད་འབད་མི་ལས་བརྟེན་ཏེ་ ལམ་སྲོལ་མ་འདྲཝ་ཡོད་མི་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ད་ མི་ཌལ་ཨིསཊ་དང་ ཨཕ་རི་ཀ་ དེ་ལས་ ཤར་ཕྱོགས་ཡུ་རོབ་ལས་ མི་སྡེ་སྦོམ་སྦེ་རང་ཡོདཔ་ཨིན་མས། མི་རིགས་སྣ་མང་ལས་བརྟེན་ སུའེ་ཌེན་ལམ་སྲོལ་དང་མི་སྡེ་འདི་ སྣ་མང་སྦེ་ཡོདཔ་ཨིན།
སྐད་ཡིག་དང་ཆོས་ལུགས།
གཞུང་འབྲེལ་གྱི་སྐད་ཡིག་འདི་ སུའི་ཌིཤ་ཨིན་རུང་ སུའི་ཌིཤ་གི་མི་མང་ཤོས་ཅིག་གིས་ ཨིང་སྐད་ཡང་ ལེགས་ཤོམ་སྦེ་ ཤེས་དོ་ཡོདཔ་ཨིན། མི་རློབས་ཉུང་བའི་སྐད་ཡིག་ སཱ་མི། ཕིན་ནིཤ། མི་ཡན་ཀི་ལི། དེ་ལས་ རོ་མ་ནི་ཚུ་ཡང་ ངོས་འཛིན་འབད་དེ་ཡོདཔ་ཨིན།
སུའི་ཌེན་ནང་ མི་མང་ཤོས་ཅིག་རང་ ཆོས་མ་འབད་མི་ཨིན་རུང་ བྱུང་རབས་ནང་ལུ་ ཧེ་མ་འབདན་ ལུ་ཐར་རཱན་ཡེ་ཤུའི་ཆོས་ལུགས་ལུ་ བརྟེན་མི་ཅིག་ཨིན་པས། སྤྱི་ལོ་༢༠༠༠ ཚུན་ཚོད་ སུའི་ཌེན་གི་ཅརཅ་འདི་ རྒྱལ་ཁབ་ཀྱི་ཡེ་ཤུའི་ལྷ་ཁང་ཅིག་སྦེ་སྡོད་ཡོདཔ་དང་ སུའི་ཌེན་གི་མི་མང་ཤོས་ཅིག་རང་ འདི་ནང་ཐོ་བཀོད་འབད་དེ་ཡོདཔ་ཨིན་རུང་ ཆོས་ཀྱི་ལག་ལེན་འདི་ དེ་ཅིག་རང་མེདཔ་ཨིན་པས།
ལམ་སྲོལ་དང་གྱོན་ཆས།
སུའི་ཌེན་འདི་ སྙན་ཆ་དང་བཟོ་བཀོད་ དེ་ལས་ རྩོམ་རིག་ཚུ་ནང་ ཞལ་འདེབས་འབད་ཡོདཔ་ལས་ ཡོངས་གྲགས་འཐོན་ཏེ་འདུག། ཡོངས་གྲགས་ཅན་གྱི་སུའིཌ་མི་ངོམ་ཚུ་ཡང་ ཨ་བ། ཨཱལ་ཕེཌ་ནོ་བཱལ། ཨིང་མར་བརཀ་མཱེན། ཨེས་ཊིད་ལིནད་གིརིན་ ཚུ་ཨིན། རྒྱལ་ཁབ་ནང་འཁོད་ལུ་ མིད་ས་མཱར་དང་ ལུ་ཤི་ཡ་ཌེ་ དེ་ལས་ ཝལ་པུར་གིསི་ནའེཏ་བཟུམ་གྱི་ལམ་སྲོལ་ཚུ་ བརྩི་སྲུང་འབད་དོ་ཡོདཔ་ཨིན། དུས་སྟོན་ཚུ་གི་སྐབས་ལུ་ རང་ལུགས་ཀྱི་གྱོན་ཆས་ཚུ་གྱོནམ་ཨིནམ་དང་ འདི་ནང་ལུ་ ཐགས་འཐག་པའི་གྱོན་ཆས་དང་ མེ་ཏོག་གི་དབུ་རྒྱན་ དེ་ལས་ སྔར་ལུགས་གྱོན་ཆས་ཚུ་ཚུདཔ་ཨིན་རུང་ དེང་སང་གི་གྱོན་ཆས་འདི་ ཉིན་བསྟར་གྱི་གྱོན་ཆས་སྦེ་ གྱོན་དོ་ཡོདཔ་ཨིན།
རྩེད་རིགས།
རྩེད་རིགས་ལས་ རྐང་རྩེད་ དང་ཨའིས་ཧོ་ཀི་འདི་ རྩེདམོ་ཡོངས་གྲགས་ཅན་ཨིན་པས། སུའི་ཌན་གྱིས་ ཨིས་ཀི་འིང་། ལག་རྩེད། ལུས་རྩེད། དེ་ལས་ ཊེ་ནིསི་ཚུ་ནང་ཡང་ ལེགས་ཤོམ་འཐོན་ཏེ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་གིས་ འཛམ་གླིང་ནང་ མིང་ཅན་གྱི་རྩེད་རིགས་པ་ཚུ་ཡང་ ཟ་ལཱ་ཏཱན་ཨིབ་རཱ་ཧི་མོ་ཝིཆ་དང་ བི་ཡོན་བོརག་ཚུ་ཡོདཔ་ཨིན།
གཞུང་དང་སྲིད་ལུགས།
སུའི་ཌེན་འདི་ སྤྱི་ཚོགས་ཀྱི་རྩ་ཁྲིམས་ཆེན་མོའི་ རྒྱལ་བརྒྱུད་རྒྱལ་ཁབ་ཅིག་ཨིན། ད་ལྟོའི་རྒྱལ་པོ་འདི་ རྒྱལ་པོ་ཀཱརལ་༡༦ པ་ གུས་ཊཕ་གིས་ མཛད་སྒོའི་འགན་ཁུར་འབག་སྟེ་ཡོདཔ་ད་ བཀོད་ཁྱབ་དབང་ཚད་འདི་ བློན་ཆེན་དང་ རིཀས་ཌག་(སྤྱི་ཚོགས་)ལུ་ཡོདཔ་ཨིན། སུའི་ཌེན་འདི་ མི་སེར་མཐའ་དོན་རྒྱལ་ཁབ་དང་ མི་མང་ཞབས་ཏོག་སྒྲིང་སྒྲིང་ དེ་ལས་ གཞུང་སྐྱོང་ནང་དྭངས་གསལ་གྱི་གནས་ཚད་མཐོ་དྲགས་སྦེ་ཡོད་པའི་ རྒྱལ་ཁབ་ཡོངས་གྲགས་ཅན་ཅིག་ཨིན།
དཔལ་འབྱོར།
སུའི་ཌེན་གྱི་དཔལ་འབྱོར་འདི་གོང་འཕེལ་ཅན་དང་ སླ་བསྲེ་སྦེ་ཡོད་པའི་རིགས་ཨིན་མས། དེ་ནང་ བཟོ་གྲྭ་དང་ འཕྲུལ་རིག་ དེ་ལས་ ཞབས་ཏོག་ལས་སྡེ་ཚུ་ནང་ཤུགས་འཐོན་ཏེ་ ཡོངས་གྲགས་ཡོདཔ་ཨིན་པས། བཟོ་གྲྭ་གཙོ་བོ་ཚུ་ཡང་ སྣུམ་འཁོར་ (བཱོལ་བོ་དང་ ཨིས་ཀ་ནི་ཡ་)དང་ བརྒྱུད་འཕྲིན་ (ཨ་རིཀ་སཱོན་) དེ་ལས་ ཁང་ཆས་(ཨའི་ཀི་ཡ་) ཚུ་ཨིན། སུའི་ཌེན་འདི་ཡང་ གསར་གཏོད་དང་ རང་བཞིན་ནུས་ཤུགས་ཀྱི་ འགོ་ཁྲིདཔ་ཅིག་ཨིན།
ཕྱི་འབྲེལ་མཐུན་ལམ་དང་ལྟ་བཤལ།
སུའི་ཌེན་འདི་ ཡུ་རོ་པིན་ཡིའུ་ནི་ཡོན་མཉམ་འབྲེལ་ཚོགས་པ་གི་འཐུས་མི་ཅིག་ཨིན་རུང་ དེའི་དངུལ་ལོར་ཡུ་རོ་འདི་ ངོས་ལེན་མེདཔ་ཨིན་པས། སུའི་ཌེན་འདི་ རྒྱལ་ཁབ་གཞན་དང་ཕྱོགས་གཏོགས་མ་འབད་བར་ བར་གནས་སྦེ་སྡོད་མི་ཅིག་ཨིནམ་དང་ འཛམ་གླིང་ནང་ མི་སྡེ་ཕན་ཐོགས་ཀྱི་ལཱ་ནང་ ངར་ཡེང་ཡེ་སྦེ་ འབྲེལ་གཏོགས་འབད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན།
ལྟ་བཤལ།
ལྟ་བཤལཔ་ཚུ་ སུའི་ཌེན་ལུ་ རང་བཞིན་གྱི་མཛེས་ཆ་ལུ་བལྟ་སྟེ་འོངམ་ཨིནམ་དང་ དེ་ནང་སྤྲོ་བའི་ས་ཁོངས་ཡང་ ལཱཔ་ལེནཌ། བྱང་ཕྱོགས་ཀྱི་གནམ་ཁའི་འོད། མཚོ། ནགས་ཚལ། དེ་ལས་ རྒྱལ་རབས་ཅན་གྱི་ཁྲོམ་ཚོགས་ གོ་ཐེན་བཱརག་དང་ མཱལ་མོ་ཚུ་ བལྟ་སྟེ་ འོང་དོ་ཡོདཔ་ཨིན་པས།
མཇུག་དོན།
སུའི་ཌེན་འདི་ དཔལ་འབྱོར་སྒྲིང་སྒྲི་དང་ གོང་འཕེལ་འགྱོ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཆུང་རུང་ མིང་གཏན་ཡོད་མི་ཅིག་དང་ རྒྱལ་ཁབ་གཞན་དང་ ཕྱོགས་གཏོགས་མ་འབད་བ་ བར་གནས་སྦེ་སྡོད་དེ་ སྐྱིད་ཏོང་ཏོ་སྦེ་གནས་མི་རྒྱལ་ཁབ་ཅིག་ཨིན། དམག་འཁྲུག་སྦོམ་ཚུ་ནང་བཅའ་མར་ཡང་མ་གཏོགས་པར་སྡོད་ཡོདཔ་དང་ འཛམ་གླིང་གི་དགའ་སྐྱིད་གནས་ཚད་ཡང་ མཐོ་ཤོས་འབད་གནས་མི་ཅིག་ཨིན། ད་རེས་ནངས་པར་འབདན་ དེང་སང་གི་འཛམ་གླིང་ནང་ སུའི་ཌེན་འདི་ ཡུན་བརྟན་དང་འདྲ་མཉམ་ དེ་ལས་ ལམ་སྲོལ་ནང་ དཔེ་བཏོན་ཚུགས་པའི་ རྒྱལ་ཁབ་ཅིག་ཨིན།
རྒྱབ་རྟེན།
https://en.wikipedia.org/wiki/Sweden