Jump to content

སུའིཊ་ཛར་ལེན་

Wikipedia ལས།
སུའིཊ་ཛར་ལེན་
Schweiz
Suisse
Svizzera
Svizra

ས་ཁོངས་དང་རྒྱ་ཚད།

ཡུ་རོབ་ཀྱི་དབུས་སུ་ཆགས་ཡོད་པའི་ སྐོབས་ཚུད་རྒྱལ་ཁབ་ཅིག་ཨིན་མི་ སུའི་ཟར་ལེནཌ་འདི་ གངས་རིའི་ས་ཆའི་གནས་སྟངས་དང་ སྲིད་དོན་གྱི་ བར་གནས་ དེ་ལས་ འཚོ་བའི་གནས་ཚད་མཐོ་དྲགས་སྦེ་ ཡོངས་གྲགས་ཡོདཔ་ཨིན། རྒྱལ་ཁབ་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༤༡,༢༩༠ ནང་ཁྱབ་སྟེ་ཡོདཔ་ལས་ ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཀུ་ཚུ་གི་ གྲལ་ལས་གཅིག་ཨིན་རུང་ ལུང་ཕྱོགས་དང་ འཛམ་གླིང་ལས་དོན་གཉིས་ཆ་རའི་ནང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན། རྒྱལ་ཁབ་ཀྱི་ས་ཆའི་ཆགས་ཚུལ་འདི་ ལྷོ་ཕྱོགས་ལུ་ སུའིསི་ཨཱལཔསི་དང་ བྱང་ནུབ་ལུ་ ཇུ་ར་གངས་རི་ཚུ་ཡོདཔ་ད་ བར་ན་ལུ་ སྒང་རི་དང་ ས་ཚོ་ཏོག་ཏོ་ཚུ་ཡོདཔ་ཨིན། སུའི་ཟར་ལེནཌ་ལུ་ མཚོ་དགའ་ཏོག་ཏོ་ལེ་ཤ་ཡོདཔ་དང་ དེ་ཡང་ ཇི་ནི་ཝ་མཚོ་དང་ ཟུ་རིཆ་མཚོ་ དེ་ལས་ ལུ་སཱར་ན་མཚོ་ཚུ་ཨིནམ་དང་ དེ་གིས་ས་གོ་ཚུ་ ཧེང་སྐལ་ར་འཇའ་ཆི་ཆི་མཐོངམ་ཨིན་པས།

རྒྱལ་ས་ལྟེ་བ།

སུའི་ཟར་ལེནཌ་གི་རྒྱལ་ས་ལྟེ་བ་འདི་ བཱརན་ཨིནམ་དང་ གཞན་ཡང་ ཁྲོམ་ཚོགས་ཟུ་རིཆ་འདི་ ཁྲོམ་ཚོགས་སྦོམ་ཤོས་དང་དཔལ་འབྱོར་ལྟེ་བ་ཅིག་ཨིནམ་དང་ ཇི་ནི་ཝ་འདི་ ཕྱི་འབྲེལ་དང་རྒྱལ་སྤྱིའི་ཚོགས་པ་ཚུ་གི་ལྟེ་བ་ཨིན།

ཨ་རེ་གཙང་ཆུ་གུ་ཆགས་ཏེ་ཡོད་མི་ བཱརན་འདི་ དུས་རབས་བར་མའི་བཟོ་རིགས་དང་ མཛེས་ཏོག་ཏོ་ཡོད་པའི་མཐའ་འཁོར་ཚུ་ ལེགས་ཤོམ་སྦེ་ཉམས་སྲུང་འབད་དེ་ཡོདཔ་ཨིན། བཱརན་འདི་ སུའི་ཟར་ལེནཌ་གི་སྲིད་དོན་དང་ བདག་སྐྱོང་གི་ལྟེ་བ་ཨིནམ་དང་ འདི་ནང་ སུའི་ཟར་ལེནཌ་གི་ ཕེ་ཌ་རཱལ་པེ་ལེསི་ནང་ སྤྱི་མཐུན་ཚོགས་སྡེ་ཡོདཔ་དང་ ཕེ་ཌ་རཱལ་ཀའུན་སིལ་ནང་ འཛིན་སྐྱོང་ལྷན་སྡེའི་ཡིག་ཚང་ཚུ་ཡོདཔ་ཨིན་པས།

མི་རློབས་ ༡༣༠,༠༠༠ དེ་ཅིག་ཡོད་པའི་ བཱརན་འདི་ སུའི་ཟར་ལེནཌ་གི་དཔལ་འབྱོར་ལྟེ་བ་གཙོ་བོ་ ཟུ་རིཆ་དང་ ཇི་ནི་ཝ་ཚུ་དང་ཕྱདཔ་ད་ ཁྲོམ་ཚོགས་ཆུང་ཀུ་ཅིག་ཨིན་རུང་ འདི་གི་རྒྱལ་རབས་དང་ལམ་སྲོལ་གྱི་གལ་གནད་འདི་ གནམ་མེད་ས་མེད་སྦོམ་ཡོདཔ་ཨིན། ཁྲོམ་སྡེ་གི་ཁྲོམ་རྙིངམ་འདི་ ཡུ་ནིསི་ཀོ་གི་འཛམ་གླིང་སྔར་ཁྱུན་ས་ཁོངས་ཅིག་ཨིནམ་དང་ དེ་ནང་ལུ་ རྡོ་གི་ཁྲོམ་ལམ་དང་ དུས་རབས་བར་མའི་སྒྲིང་ཁྱིམ་ དེ་ལས་ ངོ་རྟགས་ཅན་གྱི་ ཛིཏ་གོ་ལོག་ གི་ཆུ་ཚོད་འཁོར་ལོའི་ཀ་ཁྱིམ་ཚུ་ཡོདཔ་ཨིན། བཱརན་གི་ ཁྲོམ་གྱི་མིང་ཐོབ་མི་སེམས་ཅན་ཚུ་ལུ་ གུས་ཞབས་འབད་མི་ དོམ་གྱི་གླིང་ག་ནང་ལུ་ཡང་ ཡོངས་གྲགས་ཡོདཔ་ཨིན།

སིའུས་རྒྱལ་ཡོངས་གླིང་ག།

ལམ་སྲོལ་གྱི་ཐད་ལུ་ བཱརན་ལུ་ འགྲེམས་སྟོན་ཁང་དང་ གློག་བརྙན་ཁང་ དེ་ལས་ ལག་བཟོ་ཁང་ལེ་ཤ་ཅིག་ཡོདཔ་ཨིན། བཱརན་གྱི་རྒྱལ་རབས་འགྲེམས་སྟོན་ཁང་དང་ ཀུནསཊ་འགྲེམས་སྟོན་ཁང་ དེ་ལས་ ཨཱལ་བརཊ་ཨེནསི་ཊེན་ཧའུཛ་ཚུ་ ཁྲོམ་སྡེ་འདི་གི་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་ཡོད་པའི་དཔེ་ཨིན་པས།

རྒྱལ་སྤྱིའི་ནང་ སུའིསི་གི་ཁྲོམ་ཚོགས་གཞན་ཚུ་བཟུམ་སྦེ་ ཡོངས་གྲགས་མེད་རུང་ བཱརན་གྱི་གནས་སྟངས་འདི་ དགའ་ཏོག་ཏོ་དང་ མཛེས་ཏོག་ཏོ་ཡོདཔ་དང་ རྒྱལ་ཁབ་ཀྱི་ དམག་འཁྲུག་ལས་བར་གནས་སྦེ་སྡོད་ནི་དང་ ལམ་སྲོལ་ལུ་བརྩི་མཐོང་ཡོད་པའི་ རྒྱལ་ས་ལྟེ་བ་ཅིག་ལུ་འགྱུར་དོ་ཡོདཔ་ཨིན།

གནམ་གཤིས།

སུའི་ཟར་ལེནཌ་ལུ་ གནམ་གཤིས་ཚ་དྲོད་ཡོདཔ་ལས་ དགུན་བསིལ་དྲགས་དང་ བྱཱར་ཚ་དྲོད་ལྡནམ་སྦེ་ཡོདཔ་ཨིན། གངས་རིའི་ལུང་ཕྱོགས་ནང་ ཁཝ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ འཛམ་གླིང་ནང་ གངས་ཤུད་རྐྱབ་སའི་ ས་ཁོངས་ཅིག་སྦེ་ ཡོངས་གྲགས་ཐོན་ཡོདཔ་ཨིན་པས། གནམ་གཤིས་འདི་ མཐོ་ཚད་དང་འཁྲིལ་ཏེ་ མ་འདྲཝ་སྦེ་འོང་དོ་ཡོདཔ་ད་ བྱང་ཁ་ཐུག་ལུ་ ས་ཆ་དམའ་ཤོས་ཚུ་ནང་ དྲོད་ཤུགས་ཉུང་སུ་སྦེ་འོངམ་ཨིན།

རྒྱལ་རབས།

སུའིཊ་ཛར་ལེན་

སུའི་ཟར་ལེནཌ་གི་བྱུང་རབས་འདི་ དུས་རབས་བར་མའི་དུས་སྐབས་ལས་ ཕྱི་རྒྱལ་གྱི་དབང་ཤུགས་ལུ་གདོང་ལེན་འབད་ནིའི་དོན་ལུ་ སྤྱི་ལོ་༡༢༩༡ ལུ་ སྤྱི་མཐུན་ཚོགས་པ་གཞི་བཙུགས་འབད་ནུག། དུས་རབས་ལས་བཅད་དེ་ སུའི་ཟར་ལེནཌ་འདི་ ཐད་ཀར་དམངས་གཙོ་ཟེར་བའི་ལམ་ལུགས་ལུ་གཞི་བཞག་སྟེ་ གཞན་དང་མ་འདྲ་བའི་སྲིད་དོན་གྱི་ གཙུག་སྡེ་ཅིག་ལུ་འགྱུར་ནུག། ཐད་ཀར་དམངས་གཙོ་ནང་ མི་སེར་འཐུས་མི་བཙག་འཐུ་འབད་ནི་མེདཔ་དང་ རྒྱལ་ཁབ་ཀྱི་སྲིད་བྱུས་དང་བཅའ་ཁྲིམས་ཚུ་ག་ར་ མི་སེར་ཚུ་གིས་ཚོགས་རྒྱན་བཙུགས་ཏེ་ གྲོས་ཐག་གཅད་དོ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ འཛམ་གླིང་དམག་ཆེན་གཉིས་ཆ་རའི་ནང་ བཅའ་མར་མ་གཏོགས་པར་ བར་གནས་སྦེ་སྡོད་ཡོདཔ་ལས་ དེ་ལས་ཚུར་ ཁོང་གི་ཕྱི་འབྲེལ་སྲིད་བྱུས་འདི་བར་གནས་སྦེ་ཨིནམ་ ཧ་གོ་ཡོདཔ་ཨིན།

སུའི་ཟར་ལེནཌ་འདི་ གཞུང་འབྲེལ་དུ་ སྤྱི་ལོ་༡༨༤༨ ལུ་ དེང་སང་གི་རྩ་ཁྲིམས་ཆེན་མོ་ཆ་འཇོག་འབད་དེ་ དེང་སང་གི་རྒྱལ་ཁབ་ཅིག་ལུ་འགྱུར་ནུག། དེ་ལས་ཚུར་ དམག་འཁྲུག་ཚུ་ནང་འབྲེལ་གཏོགས་མ་འབད་བར་སྡོད་ནི་དང་ ཡུ་རོ་པིན་ཡུ་ནི་ཡཱོན་དང་ ནེ་ཊོ་བཟུམ་གྱི་ ཚོགས་པ་ཚུ་ནང་ འཐུས་མི་སྦེ་མ་འཛུལ་བར་ བར་ལུ་གནས་ཏེ་སྡོད་དོ་ཡོདཔ་ཨིན་པས།

མི་རློབས་དང་མི་རིགས།

སུའི་ཟར་ལེནཌ་གི་མི་འབོར་ས་ཡ་༨.༧ དེ་ཅིག་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ མི་རིགས་མ་འདྲཝ་སྦེ་ཡོདཔ་དང་ འདི་ཚུ་ཡང་ ཇར་མ་ནི། ཕཱརེནསི། ཨི་ཊ་ལི་ཡཱན། རོ་མཱན་ཚུ་རྩིས་ཏེ་ མི་རིགས་མ་འདྲཝ་ལེ་ཤ་ཡོདཔ་ཨིན། ལམ་སྲོལ་སྣ་ཚོགས་སླ་བསྲེ་སྦེ་ཡོད་མི་འདི་ རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ལས་ཤེས་དོ་ཡོདཔ་དང་ འདི་ཡང་ ཇར་མཱན། ཕེརེནཅ། ཨི་ཊ་ལི་ཡཱན། རོ་མཱེནཤ་ཚུ་ཨིན་པས། སུའིཟ་གི་མི་མང་ཤོས་ཅིག་གིས་རང་ ཇར་མཱན་ཁ་སླབ་དོ་ཡོདཔ་ད་ (བརྒྱ་ཆ་༦༠ དེ་ཅིག་) ནུབ་ཁ་ཐུག་ལུ་ ཕེརེནཅ་དང་ ལྷོ་ཁ་ཐུག་ལུ་ ཨི་ཊ་ལི་ཡཱན་ དེ་ལས་ ག་ར་ཝུ་བཱུན་ཌེན་མངའ་སྡེགི་ཤར་ཕྱོགས་ཁ་ཐུག་ལུ་ རོ་མཱེནཤ་ཁ་སླབ་དོ་ཡོདཔ་ཨིན་མས།

སྐད་ཡིག།

སུའི་ཟར་ལེནཌ་གི་གཞུང་འབྲེལ་སྐད་ཡིག་བཞི་གིས་ ལམ་སྲོལ་གྱི་སྲོལ་ཁྱུན་མ་འདྲཝ་ཚུ་ གསལ་སྟོན་འབདཝ་ཨིནམ་ད་ འདི་ཡང་ ཇར་མཱན། ཕེརེནཅ། ཨི་ཊ་ལི་ཡཱན། རོ་མཱེནཤ་ཚུ་ཨིན་པས། སྐད་ཡིག་སྣ་མང་འདི་ རྒྱལ་ཁབ་ཀྱི་ ལམ་སྲོལ་གཅིག་སྒྲིལ་དང་ ལུང་ཕྱོགས་ཁྱད་པར་ལུ་ གུས་ཞབས་ཡོད་མི་ལུ་བརྟེན་ཏེ་ དཔའ་ཉམས་ཅན་གྱི་ གནད་དོན་ཅིག་ཨིན་པས།

ཆོས་ལུགས།

ཆོས་ལུགས་གཙོ་བོ་འདི་ ཡེ་ཤུའི་ཆོས་ལུགས་ཨིནམ་དང་ རྒྱལ་ཁབ་འདི་ནང་ཡོངས་གྲགས་ར་ རོ་མཱན་ཀེ་ཐོ་ལིག་དང་ པོརོ་ཊེསི་ཊེནཊ་གཉིས་ཡོད་ཨིན་པས། དེ་མ་ཚད་ ཆོས་མ་འབད་མི། མུསི་ལིམ། ཇིའུ། ཧིན་དུའི་མི་སྡེ་ཆུང་ཀུ་ཚུ་ཡོདཔ་ལས་ སུའི་ཟར་ལེནཌ་ལུ་ ཆོས་ལུགས་ཚུ་ལུ་བཟོད་བསྲན་གྱི་གནས་སྟངས་ཡོདཔ་ཨིན་པས།

ལམ་སྲོལ།

སུའིཟ་གི་ལམ་སྲོལ་འདི་ ལུང་ཕྱོགས་དམིགས་བསལ་གྱི་ལམ་སྲོལ་དང་ མི་རིགས་སྣ་ཚོགས་ཀྱིས་སྦེ་ ལས་སྲོམ་སླ་བསྲེ་བསྲེཝ་ཅིག་ཨིན་པས། སུའིཟ་གི་ཟ་འཐུང་འདི་ ལུང་ཕྱོགས་དང་འཁྲིལ་ཏེ་ སོ་སོ་སྦེ་ཡོད་རུང་ དམིགས་བསལ་གྱིས་ དར་ཚིལ་གྱི་རིགས་ཚུ་ ཡོངས་གྲགས་ཡོདཔ་ཨིན། རང་ལུགས་སུའིཟ་གི་སྙན་ཆ་ནང་ ཡོ་ཌེ་ལིང་དང་ ཨཱལ་ཕོརན་ཚུ་ ཁྱད་པར་ཅན་སྦེ་ཡོདཔ་ཨིན་པས།

གྱོན་ཆས།

བགོ་ལ་གི་ཐད་ཁར་ སུའིཟ་གི་རང་ལུགས་གྱོན་ཆས་ནང་ སུའིཟ་གི་རྒྱལ་ཡོངས་ཉིནམ་བཟུམ་གྱི་ དུས་སྟོན་ཚུ་གི་སྐབས་ལུ་ ཨཱལ་པ་ཡིན་ལུང་ཕྱོགས་ནང་ལུ་ ཌིརནཌལ་དང་ ལེ་ཌར་ཧོ་སེན་ཚུ་གྱོནམ་ཨིན། ཨིན་རུང་ དེང་སང་གི་གྱོན་ཆས་འདི་ ཉིན་བསྟར་གྱི་མི་ཚེ་ནང་ ཡོངས་གྲགས་ཡོདཔ་ལས་ སུའི་ཟར་ལེནཌ་ལུ་ དེང་སང་གི་བཟོ་རྣམ་འཇའ་ཆི་ཆི་ཡོད་པའི་ གྱོན་ཆས་ཚུ་ ཡོངས་གྲགས་ཡོདཔ་ཨིན།

རྩེད་རིགས།

སུའི་ཟར་ལེནཌ་གི་རྩེད་རིགས་མ་འདྲཝ་ཚུ་ནང་ལེགས་ཤོམ་ཐོན་ཡོདཔ་དང་ གཞན་ཡང་ གངས་རིའི་ས་ཁོངས་ལུ་བརྟེན་ཏེ་ འཁྱེག་གི་བཤུད་རྩེད་ནང་ ཁྱད་འཕགས་སྦེ་ཐོན་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ རྐང་རྩེད་དང་ ཊེ་ནིསི་ དེ་ལས་ འཁྱེག་གི་ཧོ་ཀི་ཚུ་ནང་ སྒྲིང་སྒྲི་ཡོདཔ་ལས་ རོ་ཇར་ཕེ་ཌ་རར་བཟུམ་གྱི་མི་ངོམ་འདི་ འཛམ་གླིང་ནང་མིང་གཏམ་ཐོན་ཡོདཔ་ཨིན། སུའིསི་གི་རྩེད་འགྲན་པ་ཚུ་ གནམ་དགུན་གྱི་རྩེད་རིགས་ བི་ཨཐ་ལཱོན་དང་ ཀོརོསི་ཀཱན་ཊིརི་ ཨིསི་ཀི་ཡིང་ཚུ་ནང་ཡང་ ཡོངས་གྲགས་ཡོདཔ་ཨིན་པས།

གཞུང་སྐྱོང་དང་སྲིད་ཚོགས།

སུའི་ཟར་ལེན་ཌི་འདི་ ཐད་ཀར་དམངས་གཙོའི་རིང་ལུགས་ཡོད་པའི་ སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན། འདི་ནང་ལུ་ རྫོང་ཁག་༢༦ ཡོདཔ་ད་ རྫོང་ཁག་རེ་རེ་ལུ་ རང་དབང་སྦོམ་སྦེ་རང་ཡོདཔ་ཨིན། སུའིཟ་གི་སྲིད་དོན་ལམ་ལུགས་འདི་ མི་དམངས་མོས་མཐུན་གྱི་གཞི་རྩ་གུ་ གཞི་བཙུགས་འབད་དེ་ཡོདཔ་ལས་ མི་སེར་ཚུ་གིས་ སྲིད་བྱུས་ཚུ་གྲོས་ཐག་གཅད་ནི་གི་དོན་ལུ་ འཕྲལ་འཕྲལ་རང་ ཐད་ཀར་དུ་ འོས་འདེམས་ཀྱི་ཚོགས་རྒྱན་སྐྱུར་ནི་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དབུ་ཁྲིད་འདི་ སུའི་ཟར་ལེནཌ་གྱི་ སྤྱི་མཐུན་ཚོགས་པའི་ སྲིད་འཛིན་འདི་ཨིན། སྲིད་འཛིན་འདི་ འཛིན་སྐྱོང་ལྷན་སྡེའི་ཡིག་ཚང་ ཕེ་ཌ་རཱལ་ཀའུན་སིལ་གི་ འཐུས་མི་ཚུ་ལས་ སྐོར་རྒྱབ་འབད་དེ་བཀལ་དོ་ཡོདཔ་ཨིན་པས།  

དཔལ་འབྱོར།

སུའི་ཟར་ལེནཌ་འདི་ འཛམ་གླིང་ནང་ དཔལ་འབྱོར་བརྟན་ཏོག་ཏོ་དང་ ཡར་རྒྱས་ཅན་ཅིག་ཨིནམ་ལས་ མི་རེ་གིས་ དཔལ་འབྱོར་ཐོན་ཤུགས་ མཐོ་དྲགས་ཡོདཔ་དང་ ལཱ་གཡོག་མེད་པའི་གནས་ཚད་ དམའ་ཤོས་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ དངུལ་ཁང་དང་ དངུལ་འབྲེལ་ དེ་ལས་ སྨན་རིགས་བཟོ་ནི་ཚུ་ནང་ འཛམ་གླིང་ནང་ར་ འགོ་འཁྲིདཔ་ཅིག་ཨིནམ། སྨན་རིགས་ནང་ ནོ་བར་ཊིས་དང་ རོ་ཆེ་ དེ་ལས་ ཡུ་བི་ཨེསི་བཟུམ་གྱི་ ལས་སྡེ་ཚུ་གི་ ཡིག་ཚང་ལྟེ་བ་ཚུ་ཡོདཔ་ཨིན་པས། སུའི་ཟར་ལེནཌ་འདི་ཡང་ ཆུ་ཚོད་འཁོར་ལོའི་བཟོ་གྲྭ་ནང་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ དེ་ནང་ ཡོངས་གྲགས་ཅན་གྱི་ རོ་ལེགསི་དང་ པ་ཊེག་ཕི་ལིཔ་བཟུམ་གྱི་ ཆུ་ཚོད་འཁོར་ལོ་ཚུ་ཡོདཔ་ཨིན་པས།

དཔལ་འབྱོར་འདི་ཡང་ ཕྱིར་ཚོང་ལུ་གཙོ་བོར་བརྟེན་དོ་ཡོདཔ་ལས་ རྫས་སྦྱོར། འཕྲུལ་ཆས། འཕྲུལ་རིག། བཟོ་གྲྭ་ཚུ་གིས་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན། དཔལ་འབྱོར་ལུ་ སོ་ནམ་གྱི་ལཱ་ལས་ ཕན་ཐོག་ཆུང་སུ་ཅིག་ར་ཨིན་རུང་ སུའིསི་གི་ཐོན་སྐྱེད་ དར་ཚིལ་དང་ ཅོག་ལེ་ཊི་ དེ་ལས་ ཆུ་མཐོ་རིམ་ཅན་གྱི་ཆུ་ཚོད་འཁོར་ལོ་ རྒྱལ་སྤྱིའི་གནས་ཚད་ནང་ མིང་གཏམ་དང་ངོས་འཛིན་ཡོདཔ་ཨིན་པས།

ཕྱི་འབྲེལ་མཐུན་ལམ།

སུའི་ཟར་ལེནཌ་གི་ཕྱི་འབྲེལ་སྲིད་བྱུས་འདི་ བར་གནས་སྦེ་སྡོད་ནི་དང་ མི་སྡེ་ལུ་ཕན་པའི་ལྟ་བ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ རྒྱལ་སྤྱིའི་ཚོགས་པ་ཡིག་ཚང་ཚུ་ ཡོདཔ་དང་ དེའི་གྲངས་སུ་ ཉེན་སྒྲོལ་སྡེ་ཚོགས་དང་ ཇི་ནི་ཝ་ལུ་ཡོད་པའི་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་ཚུ་ཨིན་པས། སུའི་ཟར་ལེནཌ་འདི་ འཛམ་གླིང་ཚོང་འབྲེལ་ཚོགས་པ་དང་ ཤེན་ཇེན་ས་ཁོངས་ཀྱི་འཐུས་མི་ཡང་ཨིན་པས།

ལྟ་བཤལ།

ལྟ་བཤལ་འདི་ སུའིསི་གི་དཔལ་འབྱོར་གྱི་ གལ་ཆེ་བའི་ཆ་ཤས་ཅིག་ཨིནམ་ལས་ ལོ་བསྟར་བཞིན་དུ་ མི་ས་ཡ་ལས་བཅད་དེ་ སུའིསི་ཨཱལཔསི་དང་ འཁྱེག་བཤུད་རྩེདམ་གི་སྐྱིད་གནས་ཁང་ དེ་ལས་ ཟུ་རིཆ་དང་ ཇི་ནི་ཝ་ དེ་ལས་ ལུ་སཱར་ན་བཟུམ་གྱི་ཁྲོམ་ཚོགས་ཚུ་ནང་ བཤལ་བལྟ་བར་འོང་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ ལམ་སྲོལ་དུས་སྟོན་དང་ འགྲེམས་སྟོན་ཁང་ དེ་ལས་ རྒྱལ་རབ་ཀྱི་ ས་རྟགས་ཚུ་ཡང་ ཡོངས་གྲགས་ཡོདཔ་ཨིན་པས།

མཇུག་དོན།

སུའི་ཟར་ལེནཌ་འདི་ ལམ་སྲོལ་ལྡན་པ། དེང་སང་གོང་འཕེལ། བར་གནས། ཡོངས་གྲགས་ཅན་ཡོད་པ་ལས་བརྟེན་ ས་ཆ་མཛེས་ཏོག་ཏོ་དང་ ལམ་སྲོལ་ཕྱུགཔོ་ དེ་ལས་ སྲིད་སྐྱོང་བརྟན་ཏོག་ཏོ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་པས། འདི་འབདཝ་ལས་ སུའི་ཟར་ལེནཌ་འདི་ ཡུ་རོབ་ཀྱི་ རྒྱལ་ཁབ་ཚུ་གི་གྲས་ལས་ གུས་ཞབས་དང་ བརྩི་མཐོང་ཆེ་ཤོས་ཅིག་སྦེ་ ཆ་བཞགཔ་ཨིན་པས།

རྒྱབ་རྟེན།

https://en.wikipedia.org/wiki/Switzerland

འབྲུག་གི་དགོན་སྡེ་དང་ལྷ་ཁང།
བེ་ལ་རུ་སུ་ | གིརིསི་ | ཇཱར་མ་ནི་ | ཡུ་ནའི་ཊེཊ་ཀིང་ཌམ་ | ཨྀཊ་ལི་ | ཕརཱནསི་ | སིཔཱེན་ | པོར་ཅུ་གལ་ | སུའི་ཌན་ | ནོ་ཝེ་ | ནེ་དར་ལེནཌསི་ | བེལ་ཇིཡམ་ | ཌེན་མཱཀ་ | ཕིན་ལེནཌ་ | ཨའིསི་ལེནཌ་ | ཀོ་སོ་བྷོ། | ཨས་ཊི་ཡ་ | ཨའིརི་ལེནཌ | ཨིསི་ཊོ་ནི་ཡ་ | ཨཱལ་བེ་ནི་ཡ། | སུའིཊ་ཛར་ལེན་ | ལིཀ་ཏནས་ཏ་ཡིན། | ཅེཀ་རི་པབ་ལིཀ་ | སི་ལོ་པ་ཀེ་ | ལི་ཐུ་ནི་ཡ། | ཀུརོ་ཤི་ཡ | བ་ཊི་ཀཱན་ | ལེཊི་བི་ཡ | སི་ལོ་ཝེ་ཉི་ཡ | ཨའིརི་ལེནཌ་ | ཨས་ཊི་ཡ | བཱུལ་གཱ་རི་ཡ། | བྷོས་ནི་ཡ་ ཧར་ཛི་གྷོ་བི་ན།
ཕཱ་རོ་གླིང་ཕྲན།


"https://dz.wikipedia.org/w/index.php?title=སུའིཊ་ཛར་ལེན་&oldid=38911" ལས་ སླར་འདྲེན་འབད་ཡོདཔ།