འབྲུག་གི་གནས།
གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་།
རྡོ་གནམ་གྱི་ཀ་བ། རྡོ་མཆོད་རྟེན་དགོན་པ།
གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།
སྦས་གླང་བྲག།
སྦས་གླང་བྲག་གནས་འདི་ དབང་འདུས་རྫོང་ཁག་ཀ་བཞི་རྒེད་འོག་ ནང་ལུ་ཆགས་ཏེ་ཡོདཔ་ཨིན། སྦས་གླང་བྲག་འདི་བྱག་གཟར་དྲགས་ཀྱི་ས་གནས་ཅིག་ནང་ལུ་ཆགས་ཡོདཔ་དང་ གནས་འདི་ གུ་རི་རིན་པོ་ཆེ་མཆོག་དགུང་ཞག་བདུན་ཏིང་ངེ་འཛིན་ལུ་བཞུགས་པའི་གནས་རྩ་ཅན་ཅིག་ཨིནཔས། གནས་དེ་ཁར་འགྱོ་དགོ་པ་ཅིན་ དབང་འདུས་ཆུ་འཛོམས་ས་ལས་ཟངས་སྟེང་ཁ་ཚུན་ ཀི་ལོ་མི་ཊར་ ༢༤ འགྱོ་དགོཔ་དང་། དེ་ཁ་ལས་ རྐང་སྟོང་སྦེ་ཆུ་ཚོད་ ༢ དེ་ཅིག་འགྱོ་དགོཔ་ཨིན་པས། (དད་པའི་ས་བོན། ༢༠༡༠) ས་གནས་འདི་ རྒྱ་མཚོ་ཁ་ལས་མཐོ་ཚད་མི་ཊར ༢༦༣༦.༡༤༧ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་དང་ ས་གནས་དེ་་ཁར་འགྱོ་བའི་ལམ་ཁར་ནགས་ཚལ་ཚུ་ག་ནི་བ་མཛེས་ཆ་དང་ལྡནམ་སྦེ་ཡོདཔ་ཨིན།
སྦས་གླང་བྲག་གི་གནས་འདི་ གནས་ཡིག་ཀུན་ཕན་ལམ་སྟོན་ (གནམ་ལོ་མེད་ ༢༠༡༧ ཤོགས་གྲངས་ ༡༢༠) ནང་དང་འཁྲིལ་བ་་ཅིན་ “སློབ་དཔོན་ཆེན་པོ་གནས་དེ་ཁར་སྒྲུབ་པ་གནང་ཞུགས་པའི་སྐབས་ དེ་ཁའི་གནས་ཀྱི་བདག་པོ་ལྷ་བཙན་གླང་བྲགཔ་འདི་གིས་ གླང་དམར་ནག་ཅིག་ལུ་སྤྲུལ་སྟེ་ གནོད་པ་བཀལ་བར་འོང་བའི་སྐབས་ སློབ་དཔོན་གྱིས་ པད་བྱུང་རྡོ་རྗེ་གུར་ལྡན་གྱི་སྐུར་བཞེངས་ཞིནམ་ལས་བཏུལ་གནངམ་མ་ཚད་མིང་ཡང་ དགེ་བསྙེན་གླང་བྲག་པ་ཟེར་བཏགས་གནང་ནུག།” ཟེར་ཨིན་པས། དེ་མ་ཚད་ སློབ་དཔོན་ཆེན་པོ་གིས་གནས་དེ་ཁར་ མ་འོངས་ལས་ཅན་གྱི་གདུལ་བྱ་གི་དོན་ལུ་ གསང་བའི་གཏེར་ལྔ་བཅུ་ཐམ་པ་ཡང་སྦ་གནང་སྟེ་ཡོདཔ་ཨིན་པསསྦས་གླང་བྲག་གི་གཡུས་ཚན་ལས་མཚངས་པ་དབང་རྒྱལ་གྱིས་ ཁོ་རའི་ཕ་མེས་ཀྱི་བསྒང་ལས་ར་གནས་འདི་གི་གདོང་ཁར་ ལྷ་ཁང་ཅིག་བཞེངས་ཏེ་ཕ་རྒྱུད་བུ་རྒྱུད་སྦེ་བདག་འཛིན་འཐབ་སྟེ་སྡོད་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ལུང་བསྟན་སྤྲུལ་སྐུ་གིས་ འགོ་འདྲེན་མཛད་ཐོག་ལས་ཧེ་མ་གི་ལྷ་ཁང་འདི་ བཤིག་སྟེ་ད་ལྟོ་ཡོད་མི་ཐོག་གཉིས་འབད་མི་ལྷ་ཁང་འདི་གསར་བཞེངས་གནང་སྟེ་དར་རྒྱས་སུ་མཛད་གནང་བཞིན་པ་ཡོདཔ་ཨིན་པས། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༡༧)
གྲག་བྲག་གནས་དེ་ བར་སྐབས་ཅིག་ལུ་ཉམས་ཏེ་མིང་ཚམ་ཅིག་ལུ་གྱུར་ཡོད་རུང་ གྲུབ་དབང་རྟོགས་ལྡན་ཤཱཀྱ་ཤྲཱི་གིས་ བླ་མ་བསོད་ནམས་བཟང་པོ་ལུ་འཚོལ་དགོ་པའི་བཀའ་གནང་མི་དང་འཁྲིལ་ཏེ་ བླ་མ་མཆོག་གིས་ཡང་ ལུང་བསྟན་སྤྲུལ་སྐུ་གིས་འཚོལ་དགོ་སྦེ་གསུངས་གནང་ནུག། སྤྲུལ་སྐུ་མཆོག་གིས་ ཞིབ་འཛོལ་མཛད་དེ་བླམ་ལུ་ཞུ་རུང་ ག་ནི་ཡང་འབད་མ་ཚུགས་པར་ལུས་ནུག། ཨིན་རུང་ སྤྲུལ་སྐུ་མཆོག་གིས་ སྤྱི་ལོ་ ༡༩༩༠ ལུ་ བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་གདན་འདྲེན་ཞུ་སྟེ་ སྒྲུབ་ཁང་ནང་བཞུགས་ཏེ་ག་རུ་རིན་པོ་ཆེ་གི་གནས་གླང་བྲག་འཁྲུལ་མེད་ཨིན་པའི་ངོས་འཛིན་མཛད་གནང་ནུག། (དད་པའི་ས་བོན། ༢༠༡༠)གནས་དེ་ཁའི་ལྷ་ཁང་ནང་དང་ ལྷ་ཁང་གི་ཉེ་འདབས་ལུ་ཡོད་པའི་གནས་ཚུ་ཡང་ ལྷ་ཁང་ནང་གི་བྱག་གི་འོག་ལུ་གུ་རུའི་ཕྱག་ཐམ་དང་ སྒོ་སྲུང་སྡིག་པ་རཱ་ཛ་ དེ་ལས་ མཐོ་རིས་ཀྱི་ལམ་ཨིན་ཟེར་མི་ཚུ་མཇལ་ནི་ཡོདཔ་དང་། ལྷ་ཁང་གི་གསེར་ཏོག་གི་ལྟག་ལུ་ཡོད་པའི་བྱག་གི་ལོག་ལུ་གུ་རུའི་ཞབས་རྗེས་དང་དེ་གི་གཡོན་ཧོངས་ལུ་རལ་གྲི་གཅིག་ཡང་མཇལ་ནི་ཡོདཔ་ཨིན། ད་རུང་ དེ་གིས་ཡོན་ཧོངས་ལུ་ རྡོའི་འཆི་མེད་ཚེའི་བུམ་པ་དང་འོག་ལུ་རྡོའི་དུང་དཀར་ཆ་གཅིག། དེའི་འོག་ལུ་ཚེ་བུམ་ལས་བྱོན་པའི་ཚེ་ལོ་བརྒྱ་ཐུབ་པའི་ཚེ་ཡི་ཆུ་རྒྱུན་དང་ གླང་གི་ལྕེ་ཚུ་མཇལ་ནི་ཡོདཔ་ཨིན་པས། གནས་ཡིག་ཀུན་ཕན་ལམ་སྟོན་(གནམ་ལོ་མེད་ ༢༠༡༧ ཤོག་གྲངས་ ༡༢༡) ནང་བཀོད་མི་ལྟར་དུ་འབད་བ་ཅིན “གནས་འདི་ཁར་གྲུབ་ཆུ་ཕོ་མོ་ཟེར་སྦས་གླང་བྲག་གནས་ཀྱི་མགུ་ལས་ཡར་རྐང་ཐང་སྦེ་ཉིན་ཕྱེད་དེ་ཅིག་འགྱོཝ་ད་ དར་འཕྱར་ལ་ཟེར་ས་ལྷོདཔ་ཨིན་མས། དེ་ལས་ དུམ་གྲ་ཅིག་ལས་མར་བབས་འགྱོཝ་ད་ གྲུབ་ཆུ་ཕོ་མོ་གཉིས་མཇལ་ནི་འདུག། ཨཔ་རྒྱན་མཚན་ (༢༠༡༧ ལོ་༥༤) གྱིས་བཤད་མི་ནང་ ཧེ་མ་ས་གནས་དེ་ཁར་སྒྲུབ་པ་གནང་ཞུགས་མི་བླམ་དཔལ་སྒྲོན་གྱིས་བཏོན་གནངམ་ཨིན་པའི་ཁར་དེ་གི་ཉེ་འདབས་ལུ་ཆུ་གཞན་རྩ་ལས་ར་མེད་ཟེར་བཤདཔ་ཨིན་པས། གྲུབ་ཆུ་ཡོད་ས་ལས་ཕར་དུམ་གྲ་ཅིག་འགྱོདཝ་ད་ ཁྱིམ་གྱི་རྩིག་ཤུལ་ཅིག་ཡོད་མི་འདི་བླམ་དཔལ་སྒྲོན་གྱི་བཞུགས་ས་ཨིན་ཟེར་བཤདཔ་ཨིན་པས།” TheBhutanese (གནམ་ལོ་མེད ༢༠༡༨) འབད་བ་ཅིན་སྦས་གླང་གྲག་གནས་འདི་ཚུ་བྱིན་རླབས་ཅན་ཡོད་ནི་འདི་གིས་ ལོ་ཨ་རྟགས་ར་དད་པ་ཅན་གྱིས་མི་བརྒྱ་ལྷག་གཅི་གནས་འཇལ་བར་འོང་ཨིན་པས།
རྒྱབ་རྟེན་དཔེ་དེབ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༠) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང།
ཚེ་རིང་བཀྲ་ཤིས (གནམ་ལོ་མེད། ༢༠༡༧) གནས་ཡིག་ཀུན་ཕན་ལམ་སྟོན། ཐིམ་ཕུག། སྲོལ་འཛིན་ལས་ཁུངས།
ཀྲི་ཨེན་དཔར་སྐྲུན་ཁང་།
ཇོ་བོ་དུར་ཤིང།
༉ འབྲུག་རྒྱལ་ཁབ་ནང་་ གངས་རི་ལེ་ཤ་ཡོད་པའི་གྲས་ལས་ གཅིག་འདི་ཇོ་བོ་དུར་ཤིང་འདི་ཨིན་པས། ཇོ་བོ་དུར་ཤིང་འདི་ དབུས་ཕྱོགས་ཁ་ཐུག་ལུ་ཀྲོང་གསར་རྫོང་ཁག་ནང་ རྒྱ་མཚོའི་ཁ་ལས་ ཐོ་ཚད་མི་ཊར་ ༡༥༠༠ ལས་ ༢༧༠༠ གི་ས་ཁར་ཆགས་སྟེ་ཡོདཔ་ཨིན་། ཇོ་བོ་དུར་ཤིང་ལུ་མིང་གཞན་ རི་གནག་པོ་དང་ དུང་ཤིང་གང་ཟེར་ཡང་སླབ་ནི་ཡོདཔ་ཨིན་པས། ཇོ་བོ་དུར་ཤིང་ལས་ཆུ་ཡང་ལེ་ཤ་འབབ་ནི་ཡོདཔ་དང་ རི་དེ་ནང་མཚོ་དགུ་ཡོད་མི་ཚུ་ཡང་ དགེ་ས་མཚོ། མཚོ་གནམ་མཚོ། བྲོག་ས་མཚོ། མེན་ད་མཚོ། པེབ་ཏ་མཚོ། བེ་ཁོ་མཚོ། མཚོ་འབོབ་ཞལཝ། གསེར་མཚོ་དང་ གཡུ་མཚོ་ཚུ་ཨིན་པས།
རི་འདི་ལུ་ ཇོ་བོ་དུར་ཤིང་ཟེར་སླབ་དགོ་མི་ཡང་ ཇོ་བོ་དུར་ཤིང་འདི་ དུར་ཤིང་སྒང་གཡུས་ཚན་གྱི་གནས་བདག་ཨིནམ་ལས་བརྟེན་ཏེ་ཨིན་པས། ཇོ་བོ་དུར་ཤིང་འདི་ ཧི་མ་ལ་ཡའིགངས་རི་ཚུ་ལས་ ཚ་དྲོད་དམའ་ཤོས་ལས་མཐོ་ཤོས་ཀྱི་ སྐྱེ་ལྡན་རིགས་སྣ་ཚུ་ག་ར་ཡོད་པའི་དཔེ་དྲག་ཤོས་ཅིག་ཨིན་པས། འཇིགས་མེད་སེང་གེ་དབང་ཕྱུག་རྒྱལ་ཡོངས་གླིང་ཀ་ཡང་ མང་ཆེ་ཤོས་ར་ཇོ་བོ་དུར་ཤིང་གི་ས་གོ་ནང་ཚུདཔ་ཨིན་པས། འཇིགས་མེད་སེང་གེ་དབང་ཕྱུག་རྒྱལ་ཡོངས་གླིང་ཀ་འདི་སྤྱི་ལོ་ ༡༩༩༥ ལུ་ གཞི་བཙུགས་འབད་ཡོདཔ་དང་ གླིང་ཀ་འདི་དབུས་ཕྱོགས་རྫོང་ཁག་ནང་ ས་གོ་གྲུ་བཞི་ཀི་ལོ་མི་ཊར་ ༡༧༣༠ གི་ནང་ལུ་ ཆགས་ཏེ་ཡོདཔ་ཨིན། རྒྱལ་ཡོངས་གླིང་ཀ་གི་ཡིག་ཚང་ལྟེ་བ་འདི་ ཀྲོང་གསར་རྫོང་ཁག་སྟང་སི་སྦྱིས་རྒེད་འོག་ནང་ ཚང་ཁ་སློབ་གྲྭ་གི་འོག་ལུ་ཆགས་ཏེ་ཡོདཔ་ཨིན། འཇིགས་མེད་སེང་གེ་དབང་ཕྱུག་རྒྱལ་ཡོངས་གླིང་ཀ་འདི་ འབྲུག་ལུ་ཡོད་པའི་གླིང་ཀ་ཚུ་གི་གྲས་ལས་ སྟོང་ཕུག་ཤིང་སྐྱེས་སའི་ས་གནས་ཅིག་ཨིནཔས། གླིང་ཀ་འདི་ནང་ ནམ་དུས་དང་འཁྲིལ་གནས་སྤོ་འགྱོ་མི་ སེམས་ཅན་གྱི་རིགས་ལེ་ཤ་ཡོདཔ་དང་ ས་གནས་འདི་ཚ་དྲོད་རན་ཏོག་ཏོ་ཡོདཔ་ལས་ བྱ་རིགས་ཡང་ལེ་ཤ་མཐོང་ཚུགསཔ་ཨིན་པས། འཛམ་གླིང་རི་དྭགས་མ་དངུལ་ཡིག་ཚང་དང་ འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་ནང་གི་གླིང་ཀ་གཞན་ཚུ་དང་ཕྱདཔ་ད་ འཇིགས་མེད་སེང་གེ་དབང་ཕྱུག་རྒྱལ་ཡོངས་གླིང་ཀ་ནང་ བྱ་རིགས་མ་འདྲཝ་ མཐོ་ཤོས་ ༣༩༡ དེ་ཅིག་ཡོདཔ་སྦེ་ཐོ་བཀོད་འབད་དེ་འདུག། དེ་མ་ཚད་ སེམས་ཅན་སྟག་ སྤྱ་དཀར་ ཨ་ཅོ་གདོང་དཀར་) བྱ་དགོ་བོ་ ཆུ་བྱ་ གླ་ཅུམ་དང་གཟིག་ཚུ་མཐོང་ཚུགསཔ་ཨིན་མས།
སྔོན་མ་རྒྱ་གར་རྒྱལ་པོའིསྲས་དྲི་མེད་ཀུན་ལྡན་མཆོག་ ཁོ་རའི་ཡབ་ཀྱིས་མཐར་བཤུད་བཏང་སྟེ་ ཁོ་རའི་གསང་ཡུམ་དང་སྲས་ཚུ་འཁྱིད་དེ་འབྱོན་པའི་སྐབས་ འབྲུག་གི་ས་གནས་མང་རབ་ཅིག་ནང་ཞབས་ཀྱི་བཅགས་གནང་ཡོདཔ་དང་ མཇུག་ལུ་དྲི་མེད་ཀུན་ལྡན་ཁོ་ར་ འདུད་རི་ཧ་ཤང་ལུ་བྱོན་ཡོདཔ་སྦེ་ཨིན་པས། ད་རེས་ནངས་པ་སྟག་རྩེ་རིག་མཐོ་རིམ་སློབ་གྲྭ་གི་གདོང་སྐོར་མཐོང་ནི་ཡོད་མི་རི་ཇོ་བོ་དུར་ཤིང་འདི་ ཧེ་མ་འདུད་རི་ཧ་ཤང་ཟེར་སླབ་ཨིན་པས།
ཧེ་མ་ ཕོབ་སྦྱིས་ཁ་ལུ་ མི་རིགས་དྲག་ཤོས་དང་ སྤྱིར་བཏང་གི་དཀྱུས་མ་ཟེར་དབྱེ་བ་གཉིས་ཡོདཔ་ཨིན་པས། ཕོབ་སྦྱིས་ཁ་གི་ཨང་རྒས་ལྷ་ལྕམ་དང་ དུར་ཤིང་སྒང་གི་གནས་བདག་དགའཝ་མཐུནམ་འགྱོ་སྟེ་ བར་ན་བུམམ་ཅིག་ཡང་སྐྱེས་ཏེ་ མི་རྒྱུད་དར་ཡོདཔ་སྦེ་བཤད་སྲོལ་ཡོདཔ་ཨིན་པས།
References
[ཞུན་དག]Black Mountains (Bhutan). (n.d.). Retrieved from wikipedia: https://en.wikipedia.org/wiki/Black_Mountains_(Bhutan)
Chophel, S. (n.d.). Phobjikha dialect in Gangteng. Retrieved from MANDALA Texts: https://texts.mandala.library.virginia.edu/text/phobjikha-dialect-gangteng
Jigme Singye Wangchhuk National Park . (n.d.). Retrieved from WWF: https://www.wwfbhutan.org.bt/projects_/bhutan_biological_conservation_complex/jigme_singye_wangchuck_national_park_/
Jigme Singye Wangchuck National Park. (n.d.). Retrieved from wikipedia: https://en.wikipedia.org/wiki/Jigme_Singye_Wangchuck_National_Park
Mandre Togchhung Lhakhang. (2016, April 7). Retrieved from Bhutan Cultural Atlast: https://web.archive.org/web/20221014061550/https://bhutanculturalatlas.clcs.edu.bt/2045/culture/sites-structures/monasteries-temples/mendre-togchhung-lhakhang-2/
ཕྱག་རྡོར་ལྷ་ཁང་གི་སྐོར།
འབྲུག་རྒྱལ་ཁབ་ནང་ ཡོངས་གྲགས་ཡོད་པའི་བར་མཚམས་ཕྱག་རྡོར་ལྷ་ཁང་འདི་ ཤར་ཕྱོགས་བཀྲིས་སྒང་རྫོང་ཁག་བར་མཚམས་རྒེད་འོག་ནང་ལུ་ཆགས་ཏེ་ཡོདཔ་ཨིན་པས། ཕྱག་རྡོར་ལྷ་ཁང་འདི་ ཤར་ཕྱོགས་ལུ་ཡོད་པའི་ལྷ་ཁང་ཚུ་གི་གྲས་ལས་ ལྷ་ཁང་རྙིང་ཤོས་དང་རྩ་ཅན་ཅིག་སྦེ་ཆ་བཞགཔ་ཨིན་པས། ལྷ་ཁང་འདི་གི་མཚན་ལུ་ ཧེ་མ་འབད་བ་ཅིན་དགོན་པ་རིང་བུ་ཟེར་སླབ་སྲོལ་ཡོད་རུང་ ཕྱག་ན་རྡོ་རྡོ་རྗེ་འདི་ལྷ་ཁང་འདི་ནང་གི་ནང་རྟེན་གཙོ་བོ་སྦེ་ཞུ་ཞིནམ་ལས་ ་ཕྱག་རྡོར་ལྷ་ཁང་ཟེར་བཏགས་ཡོདཔ་སྦེ་ཨིན་པས། ཕྱག་རྡོར་ལྷ་ཁང་ཟེར་ཞུ་དགོ་མི་འདི་ཡང་ ལྷ་ཁང་དེ་ནང་གི་ནང་རྟེན་གཙོ་བོ་སྦེ་ ཕྱག་ན་རྡོ་རྗེ་གི་སྐུ་འདྲ་ཡོདཔ་ལས་བརྟེན་ཏེ་ཨིན་པས། ཤུལ་ལས་ འཇམ་དབྱངས་མཁན་རྩེ་ཆོས་སྐྱིད་བློ་གྲོས་རིན་པོ་ཆེ་གི་སློབ་མ་དིལ་མགོ་མཁྱེནན་རྩེ་རིན་པོ་ཆེ་མཆོག་གིས་ ལྷ་ཁང་གི་མཚན་ལུ་ གསང་བདག་རྒྱས་པའི་གླིང་ཟེར་བཏགས་གནང་ནུག། ལྷ་ཁང་ངོ་མ་འདི་་དུས་རབས་ ༡༢ པའི་ནང་བཞེངས་བཞེངསམ་ཨིན་རུང་ ཕྱག་རྡོར་ལྷ་ཁང་འདི་ ཤུལ་ལས་བདུད་འཇོམས་རིན་པོ་ཆེའི་སློབ་མ་ བླ་མ་པདྨ་དབང་ཆེན་གྱིས་བཞེངས་གནང་ནུག། དེ་ཡང་ སྤྱི་ལོ་ ༡༩༧༧ ལས་འགོ་བཙུགས་ཏེ་ ༡༩༨༦ ཚུན་ ལོ་ངོ་ ༩ ལྷག་ཙམ་ནང་འཁོད་ལུ་བཞེངས་ཡོདཔ་སྦེ་ཨིན་པས།
ད་རེས་ལྷ་ཁང་ནང་ཡོད་པའི་གཏེར་མ་ཕྱག་ན་རྡོར་རྗེ་གི་སྐུ་འདྲ་འདི་ པདྨ་དགའ་ཚལ་གཡུ་མཚོ་ལས་ དུས་རབས་ ༡༥ པའི་ནང་གཏེར་སྟོན་པདྨ་གླིང་པ་གིས་བཞེས་ཡོད་མི་གཏེར་མ་འདི་ཨིནམ་སྦེ་བཤད་སྲོལ་ཡོདཔ་ཨིན། སྐུ་རྟེན་འདི་གི་བྱིན་རླབས་ཀྱིས་སྦེ་ ད་རེས་ནངས་པའི་བར་ན་ཡང་ བར་མཚམས་གཡུས་ཚན་ནང་ལུ་ སྦུལ་ཚུ་མིག་གིས་མཐོང་ས་ར་མེད་ཟེར་བཤད་སྲོལ་ཡོདཔ་ཨིན། ཧེ་མའི་ལྷ་ཁང་རྙིངམ་དེ་ཆུང་དྲག་ནི་དེ་གིས་ ཆོས་ཕྱོགས་ཀྱི་བྱ་བ་ག་ཅི་ར་མཛད་དགོ་རུང་ ག་ནི་ཡང་སྟབས་མ་བདེཝ་སྦེ་ཡོདཔ་ལས་བརྟེན་ཏེ་ ལྷ་ཁང་སྦོམ་བཞེངས་དགོཔ་སྦེ་བར་མཚམས་ཀྱི་མི་སེར་ཚུ་གིས་གསོལ་བ་བཏབ་བཞིན་དུ་ སྤྱི་ལོ་ ༢༠༠༦ འགོ་བཟུང་སྟེ་ ༢༠༡༥ ཚུན་ལོ་ངོ་ ༡༣ ལྷག་ཙམ་ལུ་བར་མཚམས་གྲྭ་ཚང་གི་བླམ་ཀུན་བཟང་དབང་འདུས་ཀྱིས་འགོ་འདྲེན་མཛད་གནང་སྟེ་ ད་རེས་གཟི་བརྗིན་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོད་མི་ལྷ་ཁང་འདི་བཞེངས་གནང་ནུག། དེ་ཡང་ འགོ་ཐོག་འཆར་གཞི་རྩམ་པའི་སྐབས་ལུ་ ལྷ་ཁང་འདི་ཐོག་གཉིས་སྦེ་བཞེངས་ནིའི་འཆར་གཞི་སྡོད་ཡོདཔ་ཨིན་རུང་ ཆོས་ཕྱོགས་ཀྱི་ལཱ་དང་ལས་རིམ་མཛད་པའི་སྐབས་ལུ་ མི་ཧ་ལམ་ཤོང་ནིའི་དོན་ལུ་དམིགས་ཏེ་ ཐོག་ལྔ་སྦེ་བཞེངས་ནིའི་གྲོས་ཐག་བཅད་གནང་སྟེ་ ཐོག་ཚད་ལྔ་སྦེ་བཞེངསཡོདཔ་ཨིན་པས། ལྷ་ཁང་འདི་བཞེངས་པའི་སྐབས་ལུ་ མ་དངུལ་གྱི་རྒྱབ་སྐྱོར་གནང་མི་གཙོ་བོ་འདི རྫོང་གསར་འཇམ་དབྱངས་མཁྱེན་རྩེ་ཐུབ་བསྟན་ཆོས་སྐྱིད་རྒྱ་མཚོ་མཆོག་དང་ རིག་གསར་བཟོ་སྐྲུན་སྒེར་སྡེ་ཚད་འཛིན། དེ་ལས་ བར་མཚམས་ཚོང་འབྲེལ་གྱི་མི་སྡེ་གིས་རྒྱབ་སྐྱོར་མཛད་དེ་གསར་བཞེངས་མཛད་གནང་སྟེ་ཡོདཔ་ཨིན། ལྷག་པར་དུ་ལྷ་ཁང་འདི་བཞེངས་པའི་སྐབས་ལུ་ ཤིང་ཆ་དང་འབྲེལ་བའི་རྒྱབ་སྐྱོར་ཚུ་ འབྲུག་གཞུང་གིས་སྐྱིད་སྡུག་སྦེ་གནང་སྟེ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་དེབ།
Authenticbhutantours.com. (n.d) Bartsham Chador Lhakhang. Retrieved from: https://authenticbhutantours.com/bartsham-chador-lhakhang/
Bhutantoday.bt. (n.d) New Chador Lhakhang on the Verge of Completion. Retrieved from: http://www.bhutantoday.bt/new-chador-lhakhang-on-the-verge-of-completion/
ལྕགས་རི་གཙུག་ལག་ཁང་།
འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་འདི་ རྫོང་གཞིས་དང་ལྷ་ཁང་ གནས་དང་དགོན་སྡེ་ཚུ་གིས་ཕྱུག་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ནང་ལུ་ སྔོན་བྱོན་དགེ་བ་གོངམ་ཚུ་གིས་ ལྷ་ཁང་དང་རྫོང་གཞིས་ཁ་མང་རབས་ཅིག་བཞེངས་ཡོད་པའི་ནང་ལས་ཅིག་ ལྕགས་རི་རྡོ་རྗེ་ལྡན་གྱི་ གཙུག་ལག་ལྷ་ཁང་འདི་ཨིན། ལྷ་ཁང་འདི་ ཐིམ་ཕུག་ཁྲོམ་ཁ་ལས་བྱང་ཕྱོགས་ཁ་ཐུག་ལུ་ཀི་ལོ་མི་ཊར་ ༡༥ དང་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༢༨༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། རྟ་མགོ་རྡོ་གདན་ནང་བཀྲ་ཤིས་ཐང་ལས་ རྐང་སྟོང་སྦེ་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་ ༡ དེ་ཅིག་འགོར་དོ་ཡོདཔ་ཨིན།ལྕགས་རི་དགོན་པ་འདི་ ཡེ་ཤེས་མགོན་པོའི་སྒྲུབ་གནས་རྩ་ཅན་ཅིག་ཨིནམ་མ་ཚད་ དུས་རབས་ ༨ པའི་ནང་ལུ་ ཨྱོན་རིན་པོ་ཆེ་གི་ཞབས་ཀྱིས་བཅགས་གནང་པའི་གནས་ཁྱད་པར་ཅན་ཅིག་ཡང་ཨིན། དེའི་ཤུལ་ལས་ དུས་རབས་ ༡༣ པའི་ནང་ ཕ་ཇོ་འབྲུག་སྒོམ་བྱོན་ཏེ་བཞུགས་ཡོདཔ་དང་ དུས་རབས་ ༡༧ པའི་ནི་ ཞབས་དྲུང་བདུད་འཇོམས་རྡོ་རྗེ་གིས་ཡང་ གདན་ས་འགོ་དང་པ་དེ་ཁར་བཅགས་གནང་སྟེ་ལོ་ངོ་མང་རབས་ཅིག་དེ་ཁར་བཞུགས་གནང་ནུག། དད་པའི་ས་བོན་ (གནམ་ལོ་མེད། ༢༠༠༨ ཤོག་གྲངས་ ༢༢༡) ལས་ “དེ་ཡང་ ཞབས་དྲུང་རིན་པོ་ཆེ་གིས་ དགུང་གྲངས་ ༢༧ རབ་བྱུང་ ༡༠ པའི་གནམ་ལོ་ལྕགས་སྤྲལ་ལོའམ་སྤྱི་ལོ་ ༡༦༢༠ ལུ་ གདན་ས་འགོ་དང་པ་ལྕགས་རི་ཆོས་ཀྱི་གཡེའི་དགོན་པ་རྡོ་རྗེ་གདན་གྱི་ ཆོས་སྡེ་ཆེན་པོའི་གདན་ས་བཏབ་གནང་ནུག། ལྕགས་རི་འདི་ ཞབས་དྲུང་རིན་པོ་ཆེ་ཐུགས་དམ་ལོ་གསུམ་གནང་སའི་ གནས་རྩ་ཅན་ཅིག་ཨིནམ་མ་ཚད་ ལྕགས་རི་གཙུག་ལག་ལྷ་ཁང་འདི་ནང་སྤྱི་ལོ་ ༡༦༢༣ ལུ་ གཞུང་དགེ་འདུན་གྲྭ་ཚང་འགོ་དང་པ་ཆགས་སའི་གནས་རྩ་ཅན་ཅིག་ཡང་ཨིན།” གཞན་ཡང་ གནས་དེ་ འབྲུག་པའི་དབུ་ལྷ་ཞབས་དྲུང་རིན་པོ་ཆེ་མཆོག་གི་བཞུགས་གནས་གཙོ་བོ་ཅིག་འབདཝ་ལས་ སྡེ་སྲིད་གོང་མ་རིམ་བྱོན་དང་བསྟན་འཛིན་སྐྱེས་བུ་ཚུ་གིས་ གཅེས་སྤྲས་གནང་སྟེ་བཞག་ཡོདཔ་དང་ རབ་བྱུང་ ༡༦ པའི་གནམ་ལོ་མེ་ལུག་ལོའམ་ སྤྱ་ལོ་ ༡༩༦༧ ལོ་ལུ་ འབྲུག་རྒྱལ་གསུམ་པའི་རྒྱལ་ཡུམ་སྐུ་བགྲེས་ཞིང་ཕེབས་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་གིས་བསྟན་པའི་སྦྱིན་བདག་མཛད་ཐོག་ལས་ རྗེ་མཁན་ཁྲི་རབས་ ༦༥ པ་རྗེ་ཡེ་ཤེས་སེངྒེ་མཆོག་གིས་སྒྲུབ་སྡེ་བཙུགས་གནང་སྟེ་ ད་རེས་སྔར་བ་ལྷག་སྟེ་པར་དར་ཞིང་རྒྱས་ཏེ་ཡོདཔ་ཨིན(གནས་ཡིག་ཀུན་ཕན་ལམ་སྟོན། གནམ་ལོ་མེད། ༢༠༡༧)
ལྕགས་རི་ལྷ་ཁང་འདི་ འབྲུག་རྒྱལ་ཁབ་ནང་ལུ་ཞི་བདེ་དང་དགའ་སྐྱིད་མ་བྱུང་པའི་སྔ་སྒོང་ལས་ར་ དགྲ་ཚུ་ལས་སྲུང་ཐབས་ལུ་ ཕྱི་ལས་གྱང་གིས་བསྐོར་ཏེ་ དབུ་རྩེ་ཡང་མཐོ་དྲགས་སྦེ་རིའི་ལོགས་ལུ་ བཞེངས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་གི་བཟོ་རྣམ་ཡང་ དབང་འདུས་རྫོང་ཁག་ནང་ལུ་ཡོད་པའི་ སྒང་སྟེང་དགོན་པའི་ལྷ་ཁང་ལས་ དཔེ་བླངས་ཏེ་བཞེངས་ཡོདཔ་དང་ ལྷ་ཁང་གི་གཡོན་ཧོངས་ཀྱི་བྱག་གི་ལོགས་ལུ་ མཁས་གྲུབ་ལྷ་དབང་བློ་གྲོས་ཀྱི་སྒྲུབ་ཁང་དང་ འོག་ལུ་ཇོ་བོའི་ལྷ་ཁང་དང་དགོན་ཁང་ དེ་གི་ལྟག་ལུ་བདུད་འདུལ་གཙུག་ལག་ཁང་(ཞབས་དྲུང་ཐུགས་དམ་གནང་ས) ཚུ་ཡོདཔ་ཨིན། གཙུག་ལག་ཁང་གི་ལྟག་ལུ་ རྗེ་མཁན་ཁྲི་རབས་ ༦༨ པ་ ཁྲི་ཟུར་བསྟན་འཛིན་དོན་གྲུབ་མཆོག་གིས་ སྒྲུབ་ཁང་ཚུ་མཇལ་ནི་ཡོདཔ་དང་ལྕགས་རིའི་རི་མགོ་ལུ་དཔལ་གྱི་རི་སྒྲུབ་སྡེའི་ལྷ་ཁང་ཚུ་ཡང་མཇལ་ནི་ཡོདཔ་ཨིན།
ད་རེས་ནང་པ་ལྕགས་རི་གཙུག་ལག་ཁང་དང་མཐའ་འཁོར་གྱི་ས་གནས་འདི་ གཞུང་གྲྭ་ཚང་གི་སྒྲུབ་སྡེ་ལྟེ་བ་ཅིག་ལུ་གྱུར་ཡོདཔ་ལས་ ལོ་བསྟར་བཞིན་དུ་ དེ་ཁར་ཕྱི་མཚམས་དང་ནང་མཚམས་ལུ་འཛུལ་མི་ དགེ་སློང་མང་རབས་ཅིག་འོངམ་ཨིན། གཞན་ཡང་ གནས་འདི་གནམ་མེད་ས་མེད་རྩ་ཅན་ཅིག་འབདཝ་ལས་ དུས་བཞི་ཨ་རྟག་ར་དད་ཅན་གྱི་འབྲུག་མི་དང་ ཕྱིའི་ལྟ་བཤལཔ་རྒྱུན་མ་ཆད་པར་འོངམ་ཨིན།
རྒྱབ་རྟེན།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༣) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
ཨ་བརྒྱཔ་བསོད་ནམས་སྟོབས་རྒྱས། (གནམ་ལོ་མེད། ༢༠༡༧) གནས་ཡིག་ཀུན་ཕན་ལམ་སྟོན། སྲོལ་འཛིན་ལས་ཁུངས། ཐིམ་ཕུག།
ཀྲི་ཨེན་དཔར་སྐྲུན་ཁང་།
Chagri (Cheri) Monastery. (n.d.). Retrieved from Asian Historical Architecture :
https://www.orientalarchitecture.com/sid/1573/bhutan/thimphu/chagri-cheri-monastery
Chagri Monastery. (2021, 01 03). Retrieved from Wikipedia:
https://en.m.wikipedia.org/wiki/Chagri_Monastery
ཆོས་རྗེ་བྲག།
བུམ་ཐང་ལུ་ དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་མཆོག་གིས་ འབྲུག་ཡུལ་ལུ་དངོས་སུ་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་གནང་བའི་ བྲག་ཆེན་བཞི་ཡོད་ས་ལས་ གཅིག་འདི་གནས་ཆོས་རྗེ་བྲག་འདི་ཨིན་མས། གནས་ཆེན་ཆོས་རྗེ་བྲག་འདི་ བུམ་ཐང་ཆུ་སྨད་རྒེད་འོག་ནང་ཆགས་ཏེ་ཡོདཔ་ཨིན་མས། ཆོས་བྲག་གནས་ཀྱི་བྱག་གི་བཀོད་པ་འདི་ ཕྱི་ལྟར་ན་ ཆོས་ཀྱི་པོ་ཏི་གླེགས་བམ་བརྩིགས་བཞག་བཞགཔ་བཟུམ་དང་ ནང་ལྟར་དུ་འབད་བ་ཅིན ཆོས་གོས་དཔྱངས་དཔྱངསམ་བཟུམ་ཡོདཔ་སྦེ་ཨིན་པས། གནས་འདི་ འགོ་དང་པ་ར་དུས་རབས་ ༡༣ པའི་ནང་ འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་གི་སློབ་མ་ ་ རྒྱལ་བ་ལོ་རས་པ་གྲགས་པ་དབང་ཕྱུག་མཆོག་གིས་གདན་ས་བཅགས་གནང་ནུག། བུམ་ཐང་ལྕམ་མཁར་ལས་ གནས་ཆེན་ཆོས་རྗེ་བྲག་ཚུན་ཚོད་ ཀི་ལོ་མི་ཊར་ ༣༥ དེ་ཅིག་ཡོདཔ་ཨིན་མས།
ཆོས་རྗེ་བྲག་གི་མཐའ་འཁོར་ལུ་ གནས་མ་འདྲཝ་ལེ་ཤ་ཅིག་ར་མཇལ་ནི་ཡོདཔ་ཨིན་པས། གནས་དེ་ཁར་ རྒྱལ་བ་རས་པ་མཆོག་འབྲུག་རྒྱལ་ཁབ་ནང་ ལོ་ ༢༠ བཞུགས་པའི་རིང་ལུ་ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་སའི་བྲག་ཕུག་ གནས་བརྟེན་བཅུ་དྲུག་མའི་ལྷ་ཁང་ ཆོས་རྗེ་བྲག་གི་གནས་སྒོ་ བཀའ་སྲུང་གཡུ་སྒྲོན་མའི་ཕོ་བྲང་ བྲག་དཀར་ཤེལ་མེ་ལོང་ བྷ་ག་རྒྱས་པའི་ཟེའུ་འབྲུའི་ནང་ལས་ཡན་ལག་བརྒྱད་ལྡན་གྱི་བདུད་རྩིའི་ཆུ་རྒྱུན་འབབ་མི་ རྡོ་རྗེ་གཡུ་སྒྲོན་མའི་གྲུབ་ཆུ་ སྐུ་རྗེས་ གུ་རུ་རིན་པོ་ཆེ་སྟག་ཚང་ལུ་འཕུར་བྱོན་པའི་སྐབས་ཀྱི་ཞབས་རྗེས་ མཁའ་འགྲོའི་གསང་ལམ་ གུ་རུ་རིན་པོ་ཆེའི་གསང་ལམ་ སྟག་གི་རྐང་རྗེས་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བཀའ་སྲུང་དྲང་སྲུང་གི་བླ་མཚོ་ཟེར་དྲང་སྲོང་གཟའ་བདུད་ཀྱི་བླ་མཚོ་ བྱ་ཁྱུང་གཤོག་མཐིལ་གཟུགས་བརྙན་རང་བྱོན་ བཀའ་བརྒྱུད་བླམ་ཚུ་ཚེ་དང་སྒྲུབ་པ་ཚུ་མཐར་ཕྱིན་པའི་སྒྲུབ་ཁང་གི་ཤུལ་ ཛམ་བྷ་ལ་བྱག་ སེང་གེ་མགོ་རང་བྱོན་ སྒྲུབ་ཁང་གི་ཤུལ་ རུས་སྦལ་གཟུགས་བརྙན་གྱི་བྲག་ཕུག་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཞུགས་པའི་བྲག་ཕུག་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བཞུགས་གདན་རྡོ་ལེབ་གྲུ་བཞི་གཉིས་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་རབ་མཛོད་བདུན་འགོ་ཐོག་དབུ་འཛུགས་གནང་བའི་ཀུན་མཁྱེན་གྱི་བཞུགས་ཁྲི་ཚུ་མཇལ་ནི་ཡོདཔ་དང་། གནས་དེ་ཁར་ མི་ངན་ཚུ་གིས་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལུ་གསོལ་དུག་དྲངསམ་ད་ ཀུན་མཁྱེན་རིན་པོ་ཆེ་གིས་མཁྱེན་ཏེ་ གསོལ་དུག་འདི་མ་བཞེས་པར་ རྡོ་གུར་བླུགས་གཏངམ་ད་ རྡོ་འདི་ཆ་ཤས་གསུམ་ལུ་གས་སོང་མི་ཀུན་མཁྱེན་ལུ་གསོལ་དུག་དྲངས་སའི་བཞུགས་ཁྲི་རྡོ་ལེབ་ ཟངས་ལ་རྩ་གི་ལབ་ཅུ་དང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཆིབས་ཀྱི་རྐངམ་གིས་བཏོན་གནང་བའི་ཨོམ་ཆུ་ཚུ་མཇལ་ནི་ཡོདཔ་ཨིན་མས།
དེ་ལས་ སེང་གེ་བྲག་ཟེར་མི་གནས་དེ་ཁར་ གཏེར་སྟོན་པདྨ་གླིང་པ་གིས་ ཆོས་སྐོར་དྲག་པོ་གསུམ་ཡོད་ས་ལས་ དྲག་པོ་ཆུང་བ་མེ་རླིང་འཁྱིལ་བའི་སྐོར་ བླ་མ་གུ་རུ་དྲག་པོའི་སྐུ་དང་ དེའི་སྒྲུབ་ཐབས་སྣ་ཚོགས་ཀྱི་ཤོག་དྲིལ་གསུམ་སྤྱན་དྲངས་པའི་གཏེར་གནས་དང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་བ་སོའི་ཌཱ་རུ་ཅིག་གཏེར་བཞེས་མི་བྱག་དེ་མཇལ་ཚུགསཔ་དང་ གཏེར་འདི་ད་རེས་བུམ་ཐང་ཆུ་སྨད་བསམ་བཏན་གླིང་ལྷ་ཁང་གི་ནང་རྟེན་སྦེ་ཡོདཔ་ཨིན་པས། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༡༢) གཞན་ཡང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཆོས་གོས་བལྟབས་ཏེ་གཏེར་སྦས་བཞག་པའི་གནས། སེང་གེ་བྲག་ལསགཏེར་བཞེས་པའི་ཤུལ། ཧྲཱི་རང་བྱོན་ སེང་གེ་བྲག་གི་རྩ་བའི་དགེས་བཤེས་བསྟན་པ་རིན་ཆེན་གྱིས་ བདེ་སྨོན་ཞིང་སྒྲུབ་ཀྱི་འགྲེལ་པ་མཛད་གནང་སའི་སྒྲུབ་ཕུག། གསང་ལམ་ ཕ་དམ་པའི་སྒྲུབ་ཕུག་བྱག་དཀར་པོ་ ཡབ་བསྟན་པའི་ཉི་མ་གྱི་བཞུགས་ཁྲི་ ཕ་དམ་པ་རྒྱ་གར་ལས་གླང་ཆེན་ལུ་སྤྲུལ་བྱོན་པའི་གླང་ཆེན་གྱི་མགོ་ ཕ་དམ་པའི་གྲུབ་ཆུ་ རྒྱལ་བ་རས་པའི་གྲུབ་ཆུ་ གུ་རུ་རིན་པོ་ཆེ་མཆོག་ ནུབ་སྲུན་ཡུལ་ལུ་འཕུར་བྱོན་པའི་སྐབས་ལུ་ བཞག་གནང་པའི་གུ་རུ་རིན་པོ་ཆེའིཞབས་གཡས་གཡོན་གྱི་ཞབས་རྗེས་ ཐར་པའི་ལམ་ཆོས་ཀྱི་པོ་ཏི་བརྩིགས་ཏེ་བཞག་ཡོད་པ་དང་འདྲ་བའི་མཐོང་སྣང་ ནོར་ལྷ་ཛམ་བྷ་ལའི་བསོད་ནམས་གླང་ཆེན་འཁོར་ལོ་ ཛམ་བྷ་ལའི་གནས་ ཛམ་བྷ་ལའི་དངོས་གྲུབ་ཞུ་ས་ རྗེ་བཙུན་སྒྲོལ་མའི་སྒྲུབ་ཕུག་ རྫོགས་ཆེན་མཁན་པོ་ཟླ་ཟེར་གྱི་བཞུགས་ཁྲི་ གུ་རུ་རིན་པོ་ཆེ་གི་ཀླུའི་ཁ་གནོན་ལུ་ རྡོ་བྱ་ཁྱུང་ལུ་བྱིན་གྱིས་བརླབས་གནང་བཞག་ཡོད་པའི་སྦུལ་གྱི་ཁ་གནོན་རྡོའི་བྱ་ཁྱུང་ གུ་རུ་རིན་པོ་ཆེའི་གྲུབ་ཆུ་ དུང་དཀར་རང་བྱོན་ དུང་དཀར་དབྱིབས་ཀྱི་གནས་རྡོ་ མཁའ་འགྲོའི་དབུ་ཐོད་རང་བྱོན་ བྲག་གི་སྐད་པར་གུ་རུ་རུན་པོ་ཆེའི་བཞུགས་ཁྲི་ གཟའ་ར་ཧུ་ལ་གི་གྲུབ་ཆུ་ལ་སོགས་པའིཡ་མཚན་ཅན་གྱི་གནས་མ་འདྲཝ་ཚུ་ལེ་ཤ་མཇལ་ནི་ཡོདཔ་ཨིན།
འབྲུག་རྒྱལ་ཁབ་ནང་ ཆོས་བྲག་གནས་འདི་རྩ་ཅན་ཅིག་སྦེ་བརྩི་དོ་ཡོདཔ་དང་ གནས་འདི་ ང་བཅས་ཀྱིས་དད་པ་དང་མོས་གུས་བསྐྱེད་དེ་ མཇལ་བ་ཅིན་ ང་བཅས་རའི་ལས་སྒྲིབ་ཚུ་དག་ཚུགས་པའི་ནུས་པ་་ཡོད་ཟེར་བཤད་དེ་འདུག།
རྒྱབ་བརྟེན་དཔེ་དེབ།
ཀུན་བཟང་ཕྲིན་ལས། (གནམ་ལོ་མེད། ༢༠༡༠) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
སངས་རྒྱས་དོན་གྲུབ། (གནམ་ལོ་མེད། ༢༠༡༢) གནས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།
ཆོས་འཁོར་རྩེ་ལྷ་ཁང་།
༉ ཆོས་འཁོར་རྩེ་ལྷ་ཁང་འདི་ ཐིམ་ཕུ་རྫོང་ཁག་ཀ་ཝང་རྒེད་འོག་ནང་ཆགས་ཏེའདི་ཡོདཔ་ཨིན། ཆོས་འཁོར་རྩེ་ལྷ་ཁང་གི་གདོང་འདི་བཀྲ་ཤིས་ཆོས་རྫོང་ཁ་ཐུག་ལུ་སྦེ་ སྤོ་ཏོ་ཅིག་གུར་བཞེངས་ཏེ་ཡོདཔ་ཨིན་པས། ལྷ་ཁང་དེ་ཁར་འགྱོ་དགོ་པ་ཅིན་ སངས་རྒྱས་སྒང་ལས་སྦེ་འགྱོ་བ་ཅིན་ ཆོས་འཁོར་རྩེ་ལྷ་ཁང་ཡོད་སར་ཚུན་ ཆུ་ཚོད་ ༡ དེ་ཅིག་ནང་་ལྷོད་ཚུགས་དོ་ཡོདཔ་ཨིནམ་དང་ ཕ་ཇོ་སྡིངས་ཀྱི་འོག་ལས་ ས་གནས་རྡོས་སྐོར་རྐྱབ་ས་ལས་འོངས་པ་ཅིན་ དུས་ཡུན་ཆུ་ཚོད་སྐར་མ་ ༣༠ དེ་ཅིག་གི་ནང་ལུ་ལྷོད་ཚུགསཔ་ཨིན་མས།
ཀུན་བཟང་ཕྲིན་ལས་ཀྱིས་འབད་བ་ཅིན་ “ཆོས་འཁོར་རྩེ་ལྷ་ཁང་འདི་ སྔོན་འཇམ་དབྱངས་ཀུན་དགའ་སེང་གེའི་སྒྲུབ་སྡེ་ཆགས་ཤུལ་ལུ་ ཤུལ་མ་ཆོས་རྗེ་པད་དཀར་དོན་ལྡན་གྱིས་ ས་པྲ་དང་རྟེན་འབྲེལ་དགེ་བར་དགོངས་ཏེ་ གཙུག་ལག་ཁང་གསར་སློང་མཛད་དེ་ མཚན་ཡང་ཆོས་འཁོར་རྩེ་ཟེར་གསོལ་གནང་ནུག།” (༢༠༠༨ ཤོག་གྲངས་ ༢༡༧) ཟེར་བཀོད་དེ་འདུག། ལྷ་ཁང་འདི་ དུས་རབས་ ༡༤ པའི་ནང་ འབྲུག་པ་བཀའ་བརྒྱུད་ཀྱི་སེང་གེ་མཚན་ཅན་དགུའི་ནང་ལས་ འཇམ་དབྱངས་ཀུན་དགའ་སེང་གེ་མཆོག་གིས་སྒྲུབ་སྡེ་གི་ས་ཁོངས་སྦེ་གཞི་བཙུགས་མཛད་གནང་ཡོདཔ་ཨིན་པས།
ཤུལ་ལས་ དུས་རབས་ ༡༧ པའི་ནང་ས་གནས་དེ་ཁར་ ཆོས་རྗེ་པད་དཀར་དོན་ལྡོན་གྱིས་ད་ལྟོ་ཡོད་པའི་ཆོས་འཁོར་རྩེ་ལྷ་ཁང་འདི་ ལོག་བཞེངས་གནང་ནུག། འཇམ་དབྱངས་ཀུན་དགའ་སེང་གེ་མཆོག་སྤྱི་ལོ་ ༡༣༡༤-༡༣༤༧ གྱི་རིང་ བོད་ར་ལུང་གི་གདན་འཛིན་ཨིན་པས།
ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཆིབས་རྟའི་ཞབས་རྗེས་ཅིག་ ཆོས་འཁོར་རྩེ་ལྷ་ཁང་དང་ དབང་འདུས་རྩེ་ལྷ་ཁང་གཉིས་ཀྱི་བར་ན་མཇལ་ཚུགས་ཟེར་སླབ་སྲོལ་ཡོད་རུང་ ས་ཁོངས་འདི་ནང་ཡོད་ཟེར་བརྟན་བརྟན་སྦེ་ཤེས་མི་ཚུགས་པས།
ད་རེས་ནངས་པ་ ཆོས་འཁོར་རྩེ་ལྷ་ཁང་དང་དབང་འདུས་རྩེ་ལྷ་ཁང་གཉིས་ ཀི་ལོ་མི་ཊར་ ༢.༥ དེམ་ཅིག་འབད་མི་མི་ལམ་གྱིས་སྦེ་མཐུད་དེ་ཡོདཔ་ཨིན་མས། དབང་འདུས་རྩེ་ལྷ་ཁང་འདི་ ཧེ་མ་ དུས་རབས་ ༡༨ པའི་ནང་ འབྲུག་གི་སྡེ་སྲིད་ཁྲི་རབས་བརྒྱད་པ་འབྲུག་རབ་རྒྱས་ཀྱི་བཞེངས་གནང་ཡོདཔ་ཨིན་པས།
རྒྱབ་རྟེན།
ཀུན་བཟང་ཕྲིན་ལས། (གནམ་ལོ་མེད། ༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
ཕན་བདེ་ལེགས་བཤད་དབང་ཕྱུག། (གནམ་ལོ་མེད། ༢༠༡༣) གནས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།
orientalarchitecture.com . (n.d). Chokhortse Lhakhang. Retrieved from: https://www.orientalarchitecture.com/sid/1563/bhutan/thimphu/chokhortse%C2%A0lhakhang
མཆོད་རྟེན་སྐོར་ར།
༉ ཤར་ཕྱོགས་བཀྲིས་གཡང་རྩེ་རྫོང་ཁག་ གཡང་རྩེ་རྒེད་འོག་ གཡང་རྩེ་ཁྲོམ་གྱི་མཇུག་ལུ་ཁོ་ལོང་ཆུའི་སྦོ་ལོགས་ཁར་ ཆགས་ཏེ་ཡོད་པའི་ ཡོངས་གྲགས་ཅན་གྱི་གནས་བཟང་མཆོད་རྟེན་སྐོར་འདི་ རིགས་གསུམ་མགོན་པའི་བླ་རབས་གསུམ་པ་ ཞབས་དྲུང་གི་ཚ་བོ་བླམ་ངག་དབང་བལོ་གྲོས་ ཀྱིས་ དུས་རབས་ ༡༨ པའི་ནང་བཞེངས་གནང་ནུག། (སྐལ་བཟང་ཆོས་འཕེལ། 2022།) ཧེ་མ ད་ལྟོ་མཆོད་རྟེན་ཡོད་སའི་ས་གནས་དེ་ནང་བདུད་འཚུབས་ཅན་ཚུ་ཡོདཔ་ལས་ བཀྲིས་གཡང་རྩེའི་ལུང་ཕྱོགས་ཀྱི་མི་དང་སེམས་ཅན་ཚུ་ལུ་ ཉིན་ནུབ་མེད་པར་གནོད་པ་བཀལ་ཏེ་ སྡུག་བསྔལ་གྱིས་མནར་ཏེ་སྡོད་ནུག།དེ་འབདཝ་ལས་ གཡང་རྩེ་ཁོ་ལོང་སྟོད་སྨད་བར་གསུམ་གྱི་མི་སེར་ཚུ་གིས་སྐྱབས་ཞུ་སྟེ་ བླམ་ངག་དབང་བློ་གྲོས་ཀྱིས་ འདྲེ་སྲིན་ཁ་གནོན་འབད་ཞིནམ་ལས་སངས་རྒྱས་ཀྱི་སྟོན་པ་ཡུན་རིང་གནས་ཐབས་ལུ་དམིགས་ཏེ་ བལ་ཡུལ་བྱ་རུང་ཁ་ཤོར་ལས་དཔེ་ལེན་ཏེ་ རབ་བྱུང་ ༡༣ པ་སྤྱི་ལོ་ ༡༧༤༥ ལས་འགོ་བཙུགས་ཏེ་ལོ་ངོ་ ༡༢ ཀྱི་ནང་འཁོད་ནང་གི་རྟེན་དང་བཅས་པ་སྦེ་བཞེངས་གནང་ནུག། མཆོད་རྟེན་གྱི་རབ་གནས་དེ་ཡང་ རྗེ་མཁན་ཁྲི་རབས་ ༡༢ པ་རྗེ་ཡོན་ཏན་མཐའ་ཡས་ཀྱིས་མཛད་གནང་ཡི་ཟེར་ཨིན་པས། སངས་རྒྱས་དོན་གྲུབ་། (༢༠༡༣།)
མཆོད་རྟེན་འདི་བཞེངས་པའི་སྐབས་ རྒྱུ་དང་སྟོབས་ཀྱི་ཞབས་ཏོག་ཞུ་མི་གཡང་རྩེ་ བཀྲིས་སྒང་ ཀུར་སྟོད་ གཞོང་སྒར་ གདུང་བསམ་དང་ ཚོན་རྟ་ཝང་ལས་དྭགས་པ་ལ་འོག་མཚོ་གསུམ་གྱི་མི་སེར་ཚུ་ཨིན་པས མཆོད་རྟེན་འདི་ནང་ ཡེ་ཤེས་སེམས་དཔའ་འདི་མོན་རྟ་ཝང་ལས་ རྒྱལ་པོའི་སྲསམོ་ཨ་ཞེ་མཆོད་རྟེན་བཟང་མོ་ཟེར་མི་ འཇིག་རྟེན་གྱི་དྲི་མས་གོས་པ་མེད་མི་ཅིག་ གནས་དེ་ནང་གི་འདྲེ་སྲིན་གྱི་ཁ་གནོན་དང་ འགྲོ་བ་སེམས་ཅན་ཚུ་གི་དོན་མཛད་ནི་གི་དོན་ལུ་ ནང་རྟེན་སྦེ་བཙུགས་པའི་ལོ་རྒྱུས་འདུག། (ཚེ་རིང་དྲེན་དཀར། ༢༠༢༠།) ད་རེས་ནང་པ་ མཆོད་རྟེན་གྱི་ལྟག་ལུ་སྤང་ཐང་ནང་ཡོད་མི་མཆོད་རྟེན་གྱི་ཏོག་འདི་ རིགས་གསུམ་དགོན་པའི་བླ་རབས་དྲུག་པ་ཤཱཀྱ་རྒྱལ་པོའི་སྐབས་ མཆོད་རྟེན་གུར་ད་ལྟོ་ཡོད་མི་ཆུ་ཟངས་ཀྱི་གསེར་ཏོག་འདི་བཀལ་ནི་འབདཝ་ད་ ཧེ་མའི་རྡོ་རང་བྱོན་གྱི་ཏོག་དེ་ཕབ་ནིའི་ཐབས་ཤེས་མ་མཐོང་པར་ཐུགས་དོག་སྟེ་བཞུགས་སྐབས་ ནུབ་གཅིག་འབདཝ་ད་ མཁའ་འགྲོམ་ཚུ་གིས་ས་ཁར་ཕབ་བཞག་བཞགཔ་ཨིན་ཟེར་རྒན་རབས་ཚུ་གིས་ལོ་རྒྱུས་བཤད་མི་འདི་ཨིན་པས།
མཆོད་རྟེན་གྱི་རིང་ཚད་དེ་ཡར་མར་གཞུ་དོམ་ ༢༢ དང་ ཕར་ཚུར་གྱི་རྒྱ་ཆེ་ཆུང་འདི་འབད་བ་ཅིན་གཞུ་དོམ་ ༡༡ ཡོདཔ་ཨིན་པས། མཆོད་རྟེན་གཙོ་བོ་གི་མཐའ་འཁོར་ལུ་བདེ་གཤེགས་མཆོད་རྟེན་བརྒྱད་དང་ མ་ཎི་ལག་འཁོར་ཚུ་བཙུགས་ཏེ་ག་ནི་བ་འཇའ་ཆི་ཆི་སྦེ་བཞེངས་ཏེ་འདུག།་ འགོ་དང་པ་ བླ་མ་ངག་དབང་བློ་གྲོས་ཀྱིས་བཀའ་གནངམ་བཞིན་དུ་ བཀྲ་ཤིས་གཡང་རྩེ་རྫོང་དཔོན་དགེ་འདུན་པ་ཟེར་མི་གིས་ ཁས་བླངས་མཛད་དེ་བཞེངས་པའི་ཤུལ་ལུ་ རིགས་དགོན་བླ་མ་གིས་འགོ་འདྲེན་ཐོག་ལུ་ གཞུང་དང་དད་པ་ཅན་གྱི་སྦྱིན་བདག་ཚུ་གིས་མཉམས་བཅོས་ཚུ་འབད་བཞིན་ཡོད་པའི་ཁར་ ལྷག་པར་དུ་ སྤྱི་ལོ་ ༡༩༩༨ ལུ་ རྫོང་ཁག་གིས་འཆར་དངུལ་ཐོག་ལས་གཞུང་གིས་ལེགས་བསྒྱུར་མཛད་གནང་ནུག། སངས་རྒྱས་དོན་གྲུབ། (༢༠༡༣ །)
ད་རེས་ནངས་པ་མཆོད་རྟེན་དེ་ཁར་ དུས་ཆེན་ཁག་གཉིས་བརྩི་སྲུང་ཞུ་སྲོལ་དང་། དེ་ཡང་ དང་པ་རང་ཟླ་ ༡ པའི་ཚེས་ ༡༥ ལུ་ཧེ་མ་རྟ་ཝང་ལས་ཨ་ཞེ་མཆོད་རྟེན་བཟང་མོ་ མཆོད་རྟེན་གྱི་བུམ་པར་ཐིམ་པའི་རྗེས་དྲན་ལུ་ ༡༥ བསྐོར་ར་ཟེར་མང་ཆེ་ཤོས་མོན་རྟ་ཝང་གི་མི་ཚུ་འཛོམས་ཏེ་ དུས་ཆེན་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་པས། གཉིས་པ་འདི་ རང་ཟླ་ ༡ པའི་ཚེས་ ༣༠ ལུ་ བླམ་ངག་དབང་བློ་གྲོས་དང་རྗེ་ཡོན་ཏན་མཐའ་ཡས་གཉིས་ཀྱིས་ མཆོད་རྟེན་བྱ་རུང་ཁ་ཤོར་གཉིས་པ་བཞེངས་ཏེ་ རབ་གནས་མཛད་པའི་ཉིནམ་རྗེས་སུ་དྲན་ནིའི་དོན་ལུ་ གཙོ་བོ་ང་བཅས་འབྲུགཔ་ཚུ་གིས་གནམ་སྒང་བསྐོར་ར་ཟེར་ དུས་ཆེན་ཁྱད་པར་ཅན་སྦེ་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་པས། གཞན་ཡང་ སྤྱི་ལོ་ ༢༠༠༣ ལས་འགོ་བཙུགསཏེ་ གཡང་རྩེ་རྫོང་ཁག་གི་གཞུང་གཡོགཔ་དང་ མི་སེར་ དེ་ལས་ཚོང་པ་ཚུ་བསྡོམས་ཏེ་ ལོ་བསྟར་རང་ཟླ་ ༡ པའི་ནང་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་དབུ་བཞུགས་ཐོག་ རབ་སྡེ་གྲ་ཚང་དང་རིགས་གསུམ་མགོན་པའི་དགོན་སྡེའི་གྲྭ་པ་རྣམས་ཀྱིས་ སྨོན་ལམ་ཆེན་མོ་གཞི་བཙུགས་འབད་དེ་ ལོ་ཨ་རྟ་ར་གནང་སྲོལ་འདུག།
མཆོད་རྟེན་འདི་ བལ་པོའི་མཆོད་རྟེན་བྱ་རུང་ཁ་ཤོར་དང་དབྱེ་བ་མེདཔ་ལས་ སྨོན་ལམ་གང་བཏབ་ཐེབས་ཟེར་རྒྱལ་བ་གོང་མ་ཚུ་གིས་གསུངས་ཡོདཔ་ལས་བརྟེན་ཏེ་ ད་རེས་ནངས་པ་ ས་གནས་མཐའ་དབུས་མེད་པའི་མི་སེར་ཚུ་གིས་ དད་པ་སྦོམ་བསྐྱེད་དེ་ ས་ཐག་རིང་ས་ག་དེམ་ཅིག་ལས་ཨིན་རུང་ མཐོང་གྲོལ་མཆོད་རྟེན་ཆེན་མོ་འདི་ མཇལ་ཏེ་སྐོར་ར་རྐྱབ་པར་འོང་མི་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཆ།
སངས་རྒྱས་དོན་གྲུབ། (༢༠༡༣) གནས་ཡིག་ཀུན་ཕན་ལམ་སྟོན། སྲོལ་འཛིན་ལས་ཁུངས། ཀྲི་ཨེན་དཔར་སྐུན་ཁང་། ཐིམ་ཕུག།
Chophel, K. (n.d). A Brief History of Rigsum Goenpo and Choeten Kora at Trashiyangtse.
Daily Bhutan. (2022). Dakpa Princess Entombed Inside Popular Stupa in Trashiyangtse.
[ཞུན་དག]ཆུ་སྦུག་ཚ་ཆུ།
༉ ང་བཅས་རའི་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་ སྔོན་བྱོན་རྒྱལ་བ་གོང་བ་ཚུ་གིས་བྱིན་གྱིས་བརླབས་པའི་ ཚ་ཆུ་དང་སྨན་ཆུ་ལེ་ཤ་ཅིག་ཡོད་པའི་གྲས་ལས་ ཆུ་སྦུག་ཚ་ཆུ་འདི་ སྤུ་ན་ཁ་རྫོང་ཁག་སྟོད་ཝང་རྒེད་འོག་ནང་ལུ་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༢༩༣༠ དེ་ཅིག་ཁར་ཆགས་ཏེ་ཡོདཔ་ཨིན་མས། དེ་ཁར་འགྱོ་དགོ་པ་ཅིན་ སྤུན་ཁ་ཁུ་རུ་ཐང་ཟམ་པ་ལས་འགྱོཝ་ད་ འོ་ལ་ཐང་ཚུན་ཀི་ལོ་མི་ཊར་ ༢༡ ཡོདཔ་དང་ སློབ་གྲྭདེ་ཁ་ལས་ རྐང་ཐང་སྦེ་ཆུ་ཚོད་གསུམ་དང་ཕྱེད་དེ་ཅིག་གི་ས་ཁར་ཆགས་ཏེ་འདུག།
ཆུ་སྦུག་ཚ་ཆུ་ལུ་ རྫིང་ཁག་གཉིས་ཡོདཔ་ཨིན་པས། ནང་པའི་གསོ་རིག་ལྟེ་བ་གིས་ཞིབ་འཚོལ་འབད་མི་ནང་ ཚ་ཆུ་འདི་གི་ཕན་ནུས་ཚུ་ཡང་ ཚ་ཆུ་རྫིང་གོང་མ་ དྲོད་ཚད་ ༤༣.༥༠ འབད་མི་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༢༩༣༠ གི་ས་ཁར་ཡོད་མི་འདི་གིས་ གྲང་བའི་ནད་གཞི་ལུ་ཕན་ནི་པའི་ཁར་ ལྷག་པར་དུ་ཡང་ པགས་པའི་ནད་དང་ཆུ་སེར་གྱི་ནད་ཚུ་ལུ་ཕན་ཐོགས་ཚུགས་པའི་ནུས་པ་ཡོདཔ་སྦེ་ཨིན་པས། རྫིང་འོག་མ་འདི་ དྲོད་ཚད་ ༤༥.༦༠ ཡོད་མི་འདི་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༢༩༢༠ གི་ས་ཁར་ཡོདཔ་དང་ འདི་གིས་ ཆུ་སེར་གྱི་ནད་རིགས་དང་ པགས་པའི་ནད་གཞི་ ཤ་བཀྲ་(པགས་ཀོ་དཀར་ཁྲ་ལུ་གྱུར་མི་ནད་གཞི་) བསེ་དུག་(བསེ་ཤིང་ལས་མཐོན་པའི་དུག་གིས་གནོད་མི) འབྲས་ ལྷོག་པ་གྲང་བའི་ནད་ ཚད་པའི་ནད་གཞི་དང་ མ་བཞུ་བའི་ནད་ཚུ་ལུ་ཕན་པའི་ནུས་པ་ཡོདཔ་ཨིན་པས། ཨིན་རུང་ ཡུན་རིངམ་འབད་སྦང་པ་ཅིན་ ནུས་པ་རྩུབ་དྲག་ཡོད་ནི་འདི་གིས་ རླུང་ལུ་གནོད་ནི་ཨིནམ་ལས་རླུང་ནད་ཡོད་མི་ཚུ་དུས་ཡུན་ཐུང་ཀུ་སྦེ་དགོཔ་སྦེ་ཨིན་པས། (དད་པའི་ས་བོན། ༢༠༡༠)
ཚ་ཆུ་ཡོད་ས་ལུ་ དུམ་གྲ་ཅིག་གིས་མ་ལྷོད་པའི་ཧེ་མ་རོང་ཆུ་བལྟ་སྟེ་སྐར་མ ༦ དེ་ཅིག་མར་བབས་འགྱོཝ་ད་ རོང་ཆུའི་ཕ་ཀི་ལོགས་རྡོ་ཕུག་གུ་ལས་ ཚ་ཆུ་འཐོན་སའི་ཤུལ་ཡོད་པའི་ས་ཁོངས་ཀྱི་མིང་ལུ་ རྡོ་རྗེ་ཕག་མོའི་གནས་ཟེར་སླབ་ཨིན་པས། ཞབས་དྲུང་རིན་པོ་ཆེ་ཚ་ཆུ་ལུ་བཞུགས་པའི་སྐབས་ཐུགས་དམ་འོད་གསལ་གྱི་ཉམས་སྣང་ལུ་ གུ་རུ་རིན་པོ་ཆེན་གྱི་བྲག་ཉི་ཟླ་ཁ་སྦྱོར་གྱི་བར་ན་ ཚེ་ཆུའི་སྐལ་བ་ཡོད་པའི་ལུང་བསྟན་ཐོབ་མི་ལྟར་དུ་ སློབ་མ་ཚུ་དང་གཅིག་ཁར་འཚོལ་བའི་སྐབས་ རྡོ་ཕུག་གི་ལོགས་ལུ་ ཕྱག་མཛུབ་ཀྱིས་ཀྲེག་པའི་རྗེས་ད་ལྟོའི་བར་ན་ཡང་མཇལ་ནི་ཡོདཔ་ཨིན་པས། གཞན་ཡང་ དྲག་ཤོས་སངས་རྒྱས་རྡོ་རྗེ་གིས་མཛད་མི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར་ནང་ལུ་ ཚེ་ཆུ་ གཞི་བདག་གིས་ཕུལ་ཡོདཔ་སྦེ་ཨིན་པས། གནས་དེ་ཁར་ རྡོའི་ཀོངམ་གཅིག་དང་རྡོ་རྗེ་ཕག་མོ་གིས་ཕག་ཅུང་ལུ་ཨོམ་བྱིན་ས་ཨིན་ཟེར་བའི་རྡོ་ཕུག་སྦོམ་ཅིག་ཡང་མཇལ་ནི་ཡོདཔ་ཨིན་པས། (ཀུན་བཟང་འཕྲིན་ལས། ༢༠༡༠)
ལོ་ཨ་རྟག་ར་ ཚ་ཆུ་དེ་ཁར་འོང་མི་ལེ་ཤ་ཡོདཔ་ལས་ ཚ་ཆུའི་་སྦོ་ལོག་ཁ་གི་གཡུས་ཚན་ནང་སྡོད་མི་ཚུ་ལུ་ འོང་འབབ་བཟོའི་དན་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས། དེ་ཁར་འོང་མི་ཚུ་གི་ཁུ་ཆ་བསྐྱལ་ནི་གི་དོན་ལུ་ ཇོ་བདག་ ༡༥ དེ་ཅིག་ལུ་ཉུང་མཐའ་རྟ་གཉིས་དེ་ཅིག་ཡོདཔ་ཨིན་པས། དོ་སྐྱེལ་བའི་གླ་ཆ་འདི རྟ་རེ་ལུ་དངུལ་ཀྲམ་ ༣༠༠ རེ་བྱིན་དགོཔ་ཨིནམ་དང་ དེ་ཁར་མི་མང་ཤོས་ར་ཚ་ཆུའི་མཐའ་སྐོར་ལུ་ གུར་སྤུབས་ཏེ་་སྡོདཔ་ཨིན་མས།
རྒྱབ་རྟེན་དཔེ་དེབ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༠) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
བསྟན་འཛིན་རྡོ་རྗེ། ཨོ་རྒྱན་བསྟན་འཛིན། (གནམ་ལོ་མེད། ༢༠༡༧) གནས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན།
སྲོལ་འཛིན་ལས་ཁུངས།
TheBhutanese (n.d) Chubu Tshachu Visitors Plead for electrification to ensure security. Retrieved from: https://thebhutanese.bt/chubu-tshachu-visitors-plead-for-electrification-to-ensure-security/
བདེ་ཆོན་ཕོ་བྲང་།
སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་ཡོད་པའི་ འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་འདི་ནང་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ ལྷ་ཁང་དང་རྫོང་གཞི་རྩ་ཅན་མང་རབས་ཅིག་བཞེངས་གནང་སྟེ་ཡོདཔ་ཨིན། ལྷ་ཁང་དང་རྫོང་གཞི་ཚུ་ཡང་ ས་གོ་གཅིག་ནང་མེན་པར་སོ་སོ་སྦེ་ཁ་གཏོར་ཏེ་ཡོདཔ་ཨིན། དེའི་ནང་ལས་གཅིག་འདི་ རྒྱལ་ས་ལྟེ་བ་ཐིམ་ཕུག་ཁྲོམ་ཁ་ལས་ བྱང་ཕྱོགས་ཁ་ཐུག་ལུ་འགྱོ་སའི་དགའ་ལྡན་ལམ་གྱི་མཇུག་ལུ་ ཆགས་ཡོད་པའི་བདེ་ཆེན་ཕོ་བྲང་ལྷ་ཁང་འདི་ཨིན། ལྷ་ཁང་འདི་ མཐའ་འཁོར་ལུ་ཤིང་དང་མེ་ཏོག་ཚུ་གིས་བསྐོར་ཏེ་ག་ནི་བ་མཛེས་ཆ་དང་ལྡནམ་སྦེ་ཡོདཔ་མ་ཚད་ འདི་ནང་ལུ་ ནང་པ་སངས་རྒྱས་པའི་སྲོག་ཤིང་དགེ་སློང་གི་སྡེ་ཡང་གཞི་བཙུགས་འབད་དེ་ཡོདཔ་ཨིན།
བདེ་ཆེན་ཕོ་བྲང་ལྷ་ཁང་འདི་ དུས་རབས་ ༡༢ པའི་ནང་ བླམ་རྒྱལ་བ་ལྷ་ནང་པ་གིས་ གདན་ས་བཅགས་གནང་ནུག། ཤུལ་ལས་ དུས་རབས་ ༡༧ པའི་ནང་ རྡོ་སྔོན་རྫོང་འདི་ ཞབས་དྲུང་རིན་པོ་ཆེའི་ཕྱག་ལུ་ཚུད་དེ་ མཚན་ཡང་ བཀྲ་ཤིས་ཆོས་རྫོང་ཟེར་སོར་གནང་ནུག། རྫོང་འདི་ སྤྱི་ལོ་ ༡༦༩༤ ལོ་ལུ་ བདེ་སྲིད་ ༤ པ་ བསྟན་འཛིན་རབ་རྒྱས་ཀྱིས་རྒྱ་སྐྱེད་མཛད་གནང་ཡོདཔ་ཨིན་རུང་ སྤྱི་ལོ་ ༡༦༩༨ ཀྱི་ལོ་ལུ་ མེ་མཆོད་བཞེས་ཡོདཔ་ཨིན་མས། དད་པའི་ས་བོན་ ( གནམ་ལོ་མེད། ༢༠༠༨ ཤོག་གྲངས་ ༡༩༠) ནང་ལུ་ "དེའི་ཤུལ་ལས་ མེ་མཆོད་བཞེས་ཏེ་ ད་ལྟོ་ཡོད་ས་ལུ་སྤོཝ་ད་ རྡོ་སྔོན་རྫོང་གི་རྫོང་མཇུག་ལྷ་ཁང་ ཧེ་མ་ཞབས་དྲུང་བཞུགས་སའི་གཟིམ་ཅུང་དེ་ མེ་མཆོད་མ་བཞེས་པ་ཡོད་མི་དེ་གི་མིང་ལུ་ བདེ་ཆེན་ཕོ་བྲང་ཟེར་གསོལ་ཏེ་ བདག་འཛིན་འཐབ་སྟེ་བཞག་མི་དེ་ནང་ སྤྱི་ལོ་ ༡༩༦༩ ལོ་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་སློབ་གྲྭ་བཙུགས་སྟེ་ཡོད།" ཟེར་བཀོད་དེ་འདུག། དགེ་འདུན་སློབ་གྲྭ་འདི་ནང་ སློབ་དཔོན་ ༡༥ གི་འོག་ལུ་ སློབ་ཕྲུག་ ༤༥༠ དེ་ཅིག་གིས་ དུས་རྒྱུན་ རང་སོའི་ཡོན་ཏན་ཡར་རྒྱས་གཏང་ནིའི་དོན་ལུ་ ཕྱི་ནང་གི་ཤེས་ཡོན་ཚུ་ལྷབ་བཞིན་པ་ཡོདཔ་ཨིན། བདེ་ཆེན་ཕོ་བྲང་ལྷ་ཁང་འདི་ ཐོག་གཉིས་སྦེ་བཞེངས་ཏེ་ཡོདཔ་དང་ འོག་ཐོག་བསྟན་པའི་ལྷ་ཁང་འདི་ནང་ལུ་ ནང་རྟེན་གཙོ་བོ་བྱིན་རླབས་ཅན་གྱི་སངས་རྒྱས་ཀྱི་སྐུ་འདྲ་དང་ དེའི་གཡས་དང་གཡོན་ལུ་ གནས་བརྟན་བཅུ་དྲུག་གི་སྐུ་འདྲ་ཚུ་ཡོདཔ་དང་ མགོན་ཁང་ཅིག་ཡང་ཡོདཔ་ཨིན་མས། སྟེང་ཐོག་ཞབས་དྲུང་ལྷ་ཁང་ནང་ལུ་ཨིན་པ་ཅིན་ གཟི་བརྗིད་ཅན་གྱི་ཞབས་དྲུང་གསུང་བྱོན་གྱི་སྐུ་འདྲ་དང་ བྱང་ཆུབ་ཆོས་རྟེན་ཚུ་ནང་རྟེན་གཙོ་བོ་སྦེ་ མཇལ་ནི་ཡོདཔ་ཨིན་མས།
ལྷ་ཁང་དང་དགོན་སྡེ་རྩ་ཅན་ཚུ་ནང་ འགྲོ་བ་རིགས་དྲུག་སེམས་ཅད་ཐམས་ཅད་དང་ ལྷག་པར་དུ་ས་གནས་དེ་ནང་གནས་པའི་གནས་བདག་གཞི་བདག་དང་ལྷ་ཆོས་སྐྱོང་སྲུང་མ་ཚུ་ལུ་ སྐྱབས་འཚོལ་ནིའི་དོན་ལུ་དུས་བཟང་ལ་སོགས་པའིཉིནམ་ཁྱད་པར་ཅན་ཚུ་ནང་ ཚེས་བཅུ་ལ་སོགས་པའི་སྐུ་རིམ་ཚུ་གནང་སྲོལ་ཡོདཔ་ཨིན། དེ་བཟུམ་སྦེ་ བདེ་ཆེན་ཕོ་བྲང་ལྷ་ཁང་ནང་ལུ་ཡང་ སློབ་གྲྭའི་དབུ་འཛིན་གྱིས་དབུ་བཞུགས་མཛད་ཐོག་ལས་ རང་ཟླ་ ༡ པའི་ཚེས་ ༡༥། རང་ཟླ་ ༤ པའི་ཚེས་ ༡༥། ལྔ་པ་སྤྲེལ་ཟླ། དྲུག་པ་ཚེས་བཞི། དགུ་པ་ལྷ་བབས་དུས་ཆེན། ཞབས་དྲུང་སྐུ་མཆོད་ལ་སོགས་པའི་དུས་ཆེན་དང་ ཡར་ངོ་མར་ངོའི་དུས་བཟང་ཚུ་གི་སྐབས་ལུ་ ཚེས་བཅུ་དང་སྐུ་རིམ་ཚུ་གནང་སྲོལ་ཡོདཔ་ཨིན་མས། དེ་མ་ཚད རང་ཟླ་ ༧ པའི་ནང་ལུ་ བདུན་ཕྲག་གཅིག་གི་རིང་ལུ་ མ་ཎི་དུང་སྒྲུབ་གནང་སྲོལ་ཡོདཔ་ཨིན་མས། ལྷ་ཁང་འདི་ འབྲུག་མི་དད་ཅན་ཚུ་གི་ཕྱག་མཆོད་ཀྱི་ཡུལ་ཨིནམ་མ་ཚད་ ཕྱིའི་རྒྱལ་ཁབ་ཀྱི་ལྟ་བཤལཔ་ཚུ་དགའ་ཉམས་སྐྱོང་སའི་ས་གནས་ཅིག་ཡང་ཨིན་པས།
རྒྱབ་རྟེན།
ཀུན་བཟང་འཕྲིན་ལས། (༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
orientalarchitecture.com .(n.d). Dechen Phodrang Monastery. Retrieved from:
https://www.orientalarchitecture.com/sid/1574/bhutan/thimphu/dechen-phodrang-monastery
དུར་ཚ་ཆུ།
དུར་ཚ་ཆུ་འདི་ བུམ་ཐང་རྫོང་ཁག་ཆོས་འཁོར་རྒེད་འོག་གི་དུར་གྱི་གཡུས་ཚན་ནང་ལུ་མང་སྡེ་ཆུ་དང་སྤྱ་རྩི་ནང་མཚོ་མཇུག་གི་ཆུ་གཉིས་ཀྱི་སྦུག་ལུ་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༣༣༩༠ དེ་ཅིག་ཆགས་ཏེ་ཡོདཔ་ཨིན་པས། ཚ་ཆུ་དེ་ཁང་འགྱོ་དགོ་པ་ཅིན་ ལྕམ་ཁར་ཁྲོམ་ཁར་ལས་ཡར་དུར་སྨན་ཆུ་སྒང་ཚུན་ སྣུམ་འཁོར་ཟུར་ལམ་ལས་ཀི་ལོ་མི་ར་ ༡༢ ་ཡོདཔ་དང་ འདི་ཁ་ལས་ དོ་ལམ་ཉིནམ་བཞི་གི་རྩིས་འགྱོ་དགོཔ་ཨིན་མས། (དད་པའི་ས་བོན། གནམ་ལོ་མེད། ༢༠༡༣)
དད་པའི་ས་བོན་ (གནམ་ལོ་མེད། ༢༠༡༠ ཤོག་གྲངས་ ༥༧) ནང་ “ཕན་ནུས་ཅན་གྱི་ཚ་ཆུ་འདི་ སྔོན་མ་ལས་ཡོད་དེ་འབད་རུང་ བར་སྐབས་ཅིག་མི་ག་གིས་ཡང་བཏོན་མ་ཚུགས་པར་ལུས་ཡོད་པའི་ཚོད་འདུག། སྨན་ལྗོངས་ཙན་དན་བཀོད་པའི་རྒྱལ་ཁབ་འདི་ནང་ དུས་ཕྱིས་ལྔ་རིག་སྨྲ་བ་ཡོངས་ཀྱི་གཙུག་རྒྱན་གྱུར་སྦེ་ གུ་རུ་རིན་པོ་ཆེ་གིས་རྫེས་སུ་བཟུང་ཞིན་ན་ གཞན་ཕན་གྱི་ལྷག་བསམ་མཆོག་ཏུ་རྒྱས་མི་དྲག་ཤོས་ཆུ་སྨད་དྲུང་པའམ་ བདེ་ཆེན་འོད་ཟེར་མཆོག་གིས་གཟུགས་ཁམས་ཀྱི་འབྱུང་བ་ ཆ་མ་སྙོམས་པའི་སེམས་ཅན་ སྡུག་བསྔལ་གྱིས་མནར་མི་ཚུ་ལུ་ ཐུགས་ཀྱི་བརྩེ་བ་བླ་ན་མེདཔ་དགོངས་ཏེ་ དཀའ་ཚེགས་ངལ་དུབ་ལུ་མ་གཟིགས་པར་ཚ་ཆུའི་རྫིང་དེ་ཚུ་སྔོན་མ་མི་ག་དང་ག་གིས་ཡང་ བཏོན་མ་ཚུགས་པར་ལུས་མི་འདི་ དྲག་ཤོག་མཆོག་གི་བཏོན་གནང་ཞིན་ན་ མིང་ཡང་ཚ་ཆུ་བདེ་བྱེད་སྙོམས་ལྡན་ཟེར་བཏགས་གནང་བའི་ལོ་རྒྱས་བཀོད་དེ་འདུག།” བཀོད་ཡོད་མི་དང་འཁྲིལ་བ་ཅིན་ ཚ་ཆུ་འདི་དད་ལྡན་ཡོངས་ཀྱིས་སྤྱོད་ཡུལ་དུ་ཡོད་མི་འདི་ དྲག་ཤོས་ཆུ་སྨདཔ་གི་བཀའ་དྲིན་ཨིན་པས།
ཚ་ཆུ་ཡོད་སའི་ས་གནས་ནང་ གནས་ལེ་ཤ་མཇལ་ནི་ཡོད་མི་ཚུ་ཡང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ གནས་དེ་ནང་གི་གཞི་བདག་གཡག་བདུད་གནག་པོ་དམ་ལུ་བཏགས་གནང་ཞིནམ་ལས་གནས་བདག་སྦེ་བསྐོས་གནང་མི་གི་ཕོ་བྲང་། གུ་རུ་རིན་པོ་ཆེ་དང་མཁའ་འགྲོའི་སྒྲུབ་ཁང་། གུ་རུ་རིན་པོ་ཆེ་མཆོག་གི་ཞབས་རྗེས། བྱག་གླང་པོ་ཆེའི་བཀོད་པ་ཡ་མཚན་ཅན་ཅིག་དང་ སྤྱན་རས་གཟིགས་གི་ཚ་ཆུའི་གཡས་དང་གཡོན་ལུ་ སྟག་དང་གཟིག་གི་པགས་ཀོ་རྡོ་ལུ་བྱིན་གྱིས་བརླབས་བཞག་མི། དེ་ལས་ ཐོད་པ་ཉི་ཟླ་ཁ་སྦྱོརཚུ་མཇལ་ནི་ཡོདཔ་ཨིན་པས།
ནང་པའི་དྲུང་འཚོ་གཙོ་འཛིན་དཀུན་བཟང་དབང་ཕྱུག་གིངག་རྒྱུན་དང་འཁྲིལ་བ་ཅིན་ ཚ་ཆུའི་རྫིང་བཅུ་བཞི་དེ་ཅིག་ཡོདཔ་དང་ དེའི་ནང་ལས་ ནང་པའི་གསོ་རིག་འཛིན་སྐྱང་ལྟེ་བ་གིས་ ཚ་ཆུའི་རྫིང་བདུན་བརྟག་ཞིབ་འབད་ཡོདཔ་སྦེ་ཨིན་པས། རྫིང་དང་པ་ གུ་རུའི་ཚ་ཆུ་དྲོད་ཚད་ ༥༢.༠ ། རྫིང་གཉིས་པ་གྲང་བ་མོ་ཆུ་དྲོད་ཚད་ ༤༢.༠༠། རྫིང་གསུམ་པ་གྲང་བ་ཕོ་ཆུ་ དྲོད་ཚད་ ༤༣.༠། རྫིང་བཞི་པ་གཟེར་ཁམས་ཚ་ཆུ དྲོད་ཚད་ ༣༨.༠༠། རྫིང་ལྔ་པ་མགུ་ནད་ཚ་ཆུ་ དྲོད་ཚད་ ༤༣.༠༠། རྫིང་དྲུག་པ་མཁའ་འགྲོའི་ཚ་ཆུ་ དྲོད་ཚད་ ༤༣.༠ དང་ རྫིང་བདུན་པ་ སྤྱན་རས་གཟིགས་ཀྱི་ཚ་ཆུ་ དྲོད་ཚད་ ༤༠.༢ ཡོདཔ་སྦེ་ཨིན་པས། (ཀུན་བཟང་འཕྲིན་ལས། གནམ་ལོ་མེད། ༢༠༡༣)
རྫིང་དང་པ་གུ་རུའི་ཚ་ཆུ་དང་ རྫིང་དྲུག་པ་མཁའ་འགྲོའི་ཚ་ཆུ་གཉིས་ལས་ རིང་བསྲེལ་ཡང་བྱོན་དོ་ཡོདཔ་ལས་ རིང་བསྲེལ་འདི་སྲུངམ་སྦེ་བཏགས་པ་ཅིན་ འདྲེ་དང་གདོན་ བདུན་ཚུ་གིས་གནོད་ནི་ལས་བཀག་ཚུགསཔ་ཨིན་པས། དུར་ཚ་ཆུ་འདི་ གོང་འོག་སྦེ་གཉིས་ཡོདཔ་དང་ ཚ་ཆུ་གོང་མ་ལུ་འགྱོ་དགོ་པ་ཅིན་ ཚ་ཆུ་འོག་མ་ལས་ཡར་ རྐང་ཐང་སྦེ་དུས་ཡུན་ཆུ་ཚོད་བཞི་འགྱོ་དགོ་པའི་ས་ཁར་ཨིན་པས།
རྒྱབ་རྟེན་དཔེ་དེབ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༣) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
Bhutan.com.au. (n.d). Dur Hot Springs Trek. Retrieved from:
https://bhutan.com.au/dur-hot-springs-trek-9d-8n/
རྡོ་གནམ་གྱི་ཀ་བ།
༉ འབྲུག་རྒྱལ་ཁབ་ཀྱི་ས་གནས་ག་ཏེ་ལུ་ཡང་ བྱིན་རླབས་ཅན་དང་ཡ་མཚན་ཅན་གྱི་གནས་མང་རབས་ཅིག་ཡོདཔ་ཨིན། དེ་ཚུ་གི་གྲས་ལས་ དར་དཀར་ན་རྗོང་ཁག་ དཀར་ནག་རྒེད་འོག་གི་མངའ་འོག་ལུ་ཡོད་པའི་ ཡོངས་གྲགས་ཅན་དང་རྩ་ཅན་གྱི་རྡོ་གནམ་གྱི་ཀ་བ་ཟེར་མི་འདི་ དར་དཀར་ན་གློག་མེ་ཁང་ལས་ ཀི་ལོ་མི་ཊར་ ༡༦ གི་ས་ཁར་ཆགས་ཏེ་ཡོདཔ་དང་ རྐང་ཐང་སྦེ་འགྱོ་བ་ཅིན་ ཆུ་ཚོད་གཉིས་དེ་ཅིག་འགྱོ་དགོ་པའི་ས་ཁར་ཨིན། རྒྱ་མཚོའི་མཐའ་མ་ལས་མཐོ་ཚད་མི་ཊར་ ༡༦༠༠ ལུ་ཆགས་ཏེ་ཡོད་པའི་རྡོ་འདི་ རིང་ཚད་གཞུ་འདོམ་དགུ་དང་བརྐྱངས་ཁྲུ་གང་དང་ རྒྱའི་སྦོམ་ཚད་འདི་ གཞུ་འདོམ་གང་དང་ བརྐྱངས་ཁྲུ་གང་དང་མཐོ་གང་ཡོདཔ་ཨིན། (དད་པའི་ས་བོན། གནམ་ལོ་མེད། ༢༠༡༥ ཤོག་གྲངས་ ༢༥༠ །) རྡོ་གནམ་གྱི་ཀཝ་གི་ཚད་མི་ཊར་ནང་འབད་ཅ་ཅིན་ མཐོ་ཚད་མི་ཊར་ ༢༠ དང་ རྩཝ་གི་རྒྱ་ཚད་མི་ཊར་ ༡༥ ཡོདཔ་དང་ མཐའ་འཁོར་ག་ར་ཤིང་སྣ་གིས་སྤུར་ཏེ་ཡོདཔ་ཨིན།
རྡོ་འདི་ རྒྱ་གར་ལས་ ད་ལྟོ་ཡོད་སའི་ས་ཁོངས་ནང་ཕུར་བྱོན་པའི་སྐབས་ལུ་ མཐའ་འཁོར་ལས་ཕར་ཡོད་པའི་ ལྗོན་ཤིང་དང་རྡོའི་རིགས་ཚུ་ཡང་ གུས་ཞབས་ཀྱི་ཚུལ་ལུ་ རྡོའི་ཀ་བ་འདི་ལུ་ བསྒུར་བའི་ལོ་རྒྱུས་འདུག། གཏམ་རྒྱུད་གཅིག་ལས་འབད་བ་ཅིན་ ཧེ་མ་དར་དཀར་ན་རྫོང་བཞེངས་པའི་སྐབས་ལུ་ རྡོ་དེ་གིས་ གལ་སྲིད་རྫོང་འདི་རྡོ་འདི་ལས་མཐོཝ་སྦེ་བཞེངས་པ་ཅིན་ རྫོང་འདི་དུས་ཡུན་རིངམོ་སྦེ་གནས་མ་ཚུགས་པར་ཉམས་ཆགས་ཤོར་འོང་ཟེར་ གསུང་བྱོན་པའི་ལོ་རྒྱུས་འདུག། དེ་གིས་སྦེ་ ད་རེས་ནངས་པ་རྫོང་གི་དབུ་རྩེ་དང་ ཀ་བ་གཉིས་ མཐོ་ཚད་འདྲན་འདྲ་ཡོདཔ་ཨིན། (Dorji Penjore, 2003)
རྡོ་རྣམ་གྱི་ཀ་བའི་ནང་ན་ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ནང་རྟེན་སྦེ་བཞུགས་ཏེ་ཡོད་ནི་དེ་གིས་ རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་དང་བྱིན་རླབས་དབྱེ་བ་ག་ནི་ཡང་མེད་པའི་རྡོ་རང་བྱུང་གི་མཆོད་རྟེན་ཅིག་ཨིན་པས། དེ་འབད་ནི་དེ་གིས་ དད་པ་ཅན་དང་ལས་འཕྲོ་ཅན་གྱི་གང་ཟག་ཚུ་གིས་ ཚེས་བརྒྱད་དང་བཅུ་ཐམ་ ཉེར་ལྔ་ གནམ་གང་ལ་སོགས་པའི་དུས་བཟང་ཚུ་གི་སྐབས་ལུ་ དམ་པའི་ཆོས་ཀྱི་སྒྲ་དང་མཆོད་པའི་སྒྲ་ཚུ་ དངོས་སུ་སྦེ་གོ་དོ་ཡོདཔ་ཨིན་པས། (དད་པའི་ས་བོན། གནམ་ལོ་མེད་ ༢༠༡༥ )
ཆོས་སྐྱིད་དབང་མོ་གྱིས་ (གནམ་ལོ་མེད་ ༢༠༢༢) ཧེ་མ་འབད་བ་ཅིན་ གནས་ཆེན་འདི་གི་མཐའ་འཁོར་ལས་ཕར་ དགེ་སློང་ཚུ་སྐུ་མཚམས་བཅད་དེ་བཞུགས་ཡོདཔ་དང་ ད་རེས་ནངས་པ་འབད་བ་ཅིན་ ནགས་ཚལ་གྱི་གང་སྟེཡོདཔ་ཨིན་པས། རྡོ་འདི་གི་བྱིན་རླབས་ལུ་བརྟེན་ དར་དཀར་ན་གྲྭ་ཚང་ཡང་དར་ཞིང་རྒྱས་པའི་ཁར་ གྲྭ་ཚང་དེ་ནང་གི་དགེ་སློང་ཡང་མང་ཤོས་ར་གྲུབ་པ་ཐོབ་ཡོད་པའི་ལོ་རྒྱུས་ཡོདཔ་ཨིན། གཞན་ཡང་ ཉི་གདུགས་ཁ་གཡུས་ཚན་ནང་ལུ་ ཆར་ཆུ་དུས་སུ་མ་བབས་ ལོ་ཕྱུགས་རྟག་ཏུ་མ་ལེགས་པའི་དུས་ངན་རེ་འབྱུང་པའི་སྐབས་ལུ་ གནས་དེ་ཁར་ཚོགས་འཁོར་བསྐོར་ཏེ་ རང་གི་དད་དམ་ལྷོད་མེད་ཀྱི་སྒོ་ལས་ གསོལ་བ་བཏབ་པ་ཅིན་ རང་གི་འདོད་པ་ལྟར་དུ་ ཆརཔ་གི་དངོས་གྲུབ་ཚུ་ཡང་གནང་ནི་ཡོདཔ་ཨིན་ཟེར་ཨིན་པས། (དད་པའི་ས་བོན། གནམ་ལོ་མེད་ ༢༠༡༥)
རྒྱབ་རྟེན་དཔེ་ཐོ།
དད་པའི་ས་བོན། (གནམ་ལེ་མེད་ ༢༠༠༨) འབྲུག་རྒྱལ་ཁབ་ཀྱི་གནས་བཤད་དགོན་གཙུག་ལག་ཁང་གི་ཆགས་རབས་གསལ་བའི་ལམ་སྟོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་བསྐྲུན་ཁང་།
Bhutan, H. (2009). Do namkhai kaw. Retrieved from https://www.heavenlybhutan.com/sightseeing-places-of-bhutan/places-to-visit-in-dagana/do-namkhai-kaw/
Penjore, D. (2003). On the Mule Track to Dagana. Thimphu: The Centre for Bhutan studies.
Wangmo, C. (2022). Three-sister pillars of Dagana. Retrieved from Kuensel: https://kuenselonline.com/three-sister-pillars-of-dagana/
རྡོ་མཆོད་རྟེན་དགོན་པ།
རྡོ་མཆོད་རྟེན་དགོན་པ་འདི་ སྤ་རོ་རྫོང་ཁག་གི་ཤར་པ་རྒེད་འོག་ནང་ཆགས་ཏེ་ཡོདཔ་ཨིན། གནས་དེ་ཁར་ སྤ་རོ་ཁྲོམ་ཚོང་འདུས་ལས་གདོང་དཀར་ལ་ཚུན་སྣུམ་འཁོར་ནང་འགྱོ་སྦེ་ དེ་ཁར་ལས་རྐང་སྟོང་སྦེ་ཆུ་ཚོད་ ༣ དེམ་ཅིག་འགྱོ་དགོ་དོ་ཡོདཔ་ཨིན་མས། གུ་རུ་རིན་པོ་ཆེ་གིས་ སྐུ་ཡི་འོད་ཟེར་ ཐུགས་ཀྱི་འོད་ཟེར་ གསུང་གི་འོད་ཟེར་ ཡོན་ཏན་གྱི་འོད་ཟེར་ བཞི་ཡོད་ས་ལས་ཐུགས་ཀྱི་འོད་ཟེར་འདི་རྡོ་མཆོད་རྟེན་དགོན་པ་ཨིནམ་སྦེ་ཨིན་མས། ཧེ་མ་རྒྱལ་དབང་རྗེ་མཆོག་གིས་ ལྷ་ཁང་ལས་ཆུ་ཚོད་ཕྱེད་ཀྱི་ས་ཁར་ གཡོན་ཁ་ཐུག་ལུ་དག་པའི་སྣང་ངོར་རྡོ་རང་བྱུང་གི་བདེ་ཤེགས་མཆོད་རྟེན་བརྒྱད་གཟིགས་ཡོདཔ་ལས་བརྟེན་ཏེ་ གནས་འདི་ལུ་མཚན་ཡང་རྡོ་མཆོད་རྟེན་དགོན་པ་ཟེར་བཏགས་ནུག་ཟེར་ཨིན་པས། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༡༥ ) རྡོ་མཆོད་རྟེན་གནས་འདི་འགོ་དང་པ་ སྐྱེས་མཆོག་འབའ་ར་བ་དངོས་སུ་བྱོན་ཏེ་ ཞབས་ཀྱིས་བཅགས་ཞིནམ་ལས་བྱིན་གྱིས་བརླབས་གནང་བའི་ཁར་ བཀའ་གདམས་པའི་དགེ་བའི་བཤེས་གཉེན་ལེ་ཤ་བྱོན་པའི་ལོ་རྒྱུས་ཚུ་བཤད་སྲོལ་འདུག། དེ་ལས་ གནས་འདི་ཁྱབ་བདག་རྡོ་རྗེ་འཆང་དབང་མཆོག་དང་ འགྲོ་བའི་དགོན་པོ་གཙང་པ་རྒྱ་རས་ཀྱི་ཡང་སྲིད་ རྒྱལ་དབང་ཀུན་དགའ་དཔལ་འབྱོར་མཆོག་གིས་ཡང་ དངོས་སུ་ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་གནང་བའི་ གནས་རྩ་ཅན་ཅིག་ཨིན་མས། ཧེ་མ་ དུས་རབས་ ༡༥ པའི་ནང་ གནས་འདི་མཚུངས་མེད་དམ་པ་རྒྱལ་དབང་རྗེ་མཆོག་གིས་ ལུང་རྟོགས་བསྟན་པའི་འབྱུང་གནས་བཤད་སྒྲུབ་སྡེ་གཉིས་ཆ་ར་བཙུགས་གནང་ཡོད་རུང་ ལུང་བསྟན་དང་འཁྲིལ་གཙོ་བོ་སྒྲུབ་སྡེ་འདི་དར་ཞིང་རྒྱས་ཡོད་པའི་ལོ་རྒྱུས་འདུག། ལྷ་ཁང་ཡོད་སའི་ས་ཁོངས་ནང་སྣང་གྲགས་ནུབ་དང་ ལྷ་ཁང་གི་གཡོན་ཤར་ཕྱོགས་ལུ་ ད་ལྟོ་འབད་བ་ཅིན་སྣང་གྲགས་ཟེར་སླབ་སྲོལ་ཡོདཔ་ཨིན་མས། སྣང་གྲགས་ལྷ་ཁང་གི་ནང་རྟེན་གཙོ་བོ་ ཨྱོན་གུ་རུ་རིན་པོ་ཆེའི་སྐུ་འདྲ་དང་ གཡོན་ལུ་མཚུངས་མེད་རྒྱལ་དབང་རྗེའི་སྐུ་འདྲ་ཚུ་བཞུགས་ཏེ་ཡོདཔ་ཨིན་པས།
གནས་དེ་ཁར་ ལྷ་ཁང་དང་རྡོ་རང་བྱོན་མཆོད་རྟེན་གྱི་གནས་རི་རྩེ་སྐོར་ བར་སྐོར་ རོང་སྐོར་ སྦེ་མཇལ་ནི་ཡོདཔ་ཨིན་མས། གཞན་ཡང་ རྡོ་རང་བྱུང་གི་མཆོད་རྟེན་དང་གྲུབ་ཆུ་ ཆོས་རྗེ་འབྲུག་པ་ཀུན་ལེགས་སྒྲུབ་པ་གནང་སྟེ་བཞུགས་པའི་སྐབས་ཀྱི་མཚམས་ཁང་གི་ཤུལ། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་བཏོན་གནང་བའི་བྱིན་རླབས་ཅན་གྱི་གྲུབ་ཆུ། གསང་ཆབ་རིལ་བུ་དབོག་ས། རྡོ་གུར་བླ་མའི་ཞབས་རྗེས། ཆིབས་རྟའི་སོགས་པའི་ཞབས་རྗེས། མཚུངས་མེད་རྒྱལ་དབང་རྗེ་མཆོག་གིས་ གནས་ཕུ་གི་སྦོ་ལོགས་ཁར་ལྷ་ཁང་བཞེངས་ཡོད་པའི་ཤུལ། མཚུངས་མེད་རྒྱལ་དབང་རྗེ་མཆོག་སྒྲུབ་པ་གནང་བཞུགས་སའི་སྒྲུབ་ཁང་གི་བྱང་ཁོག་དང་ མུན་ཁྲི་སྒང་ཟེར་ས་ལུ་ མུན་ཁང་གི་ནུབ་ཕྱོགས་མཆོད་རྟེན་ཆུང་ཀུ་གཅིག་གི་གདོང་ཁར་འབྲུག་པའི་གདན་ས་བོད་ར་ལུང་ལུ་ མཚུངས་མེད་རྒྱལ་དབང་རྗེ་མཆོག་བྱ་བཟུམ་འཕུར་བྱོན་པའི་སྐབས་ཀྱི་བླམ་རྒྱལ་དབང་རྗེ་མཆོག་གིས་ཞབས་རྗེས། གསོལ་བམ་གྱི་རྐང་རྗེས། གཟིམ་ཁྱིའི་རྐང་རྗེས། ཆོས་གོས་ཀྱི་ཤུལ་དང་ བླམ་རྒྱལ་དབང་རྗེའི་དབུ་ཞྭ་ཚུ་མཇལ་ཚུགསཔ་ཡོདཔ་ཨིན་མས།
ཧེ་མ་ དུས་རབས་ ༡༥ པའི་ནང་ མཚུངས་མེད་རྒྱལ་དབང་རྗེ་མཆོག་གནས་ཕུ་པའི་གཡུས་ཚན་ནང་བཞུགས་པའི་སྐབས་ལུ་ བླ་མའི་སྐུ་བསོད་དབང་ཐང་ལས་བརྟེན་ཏེ་ དཔག་བསམ་ལྗོན་ཤིང་དང་འདོད་འཇོའི་མཚོ་བྱུང་སྟེ་ གནས་ཕུ་པའི་གཡུས་འདི་ནང་ ཆར་ཆུ་དུས་ལུ་འབབ་ ལོ་ཐོག་ཚུ་ཕུན་སུམ་ཚོགས་ནུག། དེ་ལས་ མི་ངན་ཚུ་གིས་དེ་སྦེ་ཕུན་སུམ་ཚོགས་མི་རྒྱུ་རྐྱེན་གཙོ་བོ་འདི་ བླ་མའི་སྐུ་བསོད་དབང་ཐང་ལས་འཁྲུངས་པའི་དཔག་བསམ་ལྗོན་ཤིང་ཨིནམ་ཤེས་ཏེ་ ཤིང་འདི་ག་དེ་ཅིག་བརྡབ་ནི་གི་རྩིས་རྐྱབ་རུང་ ཤིང་འདི་ལུ་གནོད་པ་བཀལ་མ་ཚུགས་པར་སྡོདཔ་ད་ བདུད་མོའི་རྫུ་འཕྲུལ་ཨམ་མོ་རེངསམོ་གཅིག་གིས་ཨམ་སྲུའི་ཆབ་གསང་བསྡུས་པ་ནང་གོ་ཐལ་བཏབ་སྟེ་བླུགས་ནུག། འདི་ལུ་བརྟེན་ཏེ་ དཔག་བསམ་ལྗོན་ཤིང་འདི་ལོག་སྐྱེས་མ་བཏུབ་པས། དེ་ལས་ འདོད་འཇོའི་མཚོ་ཡང་བསྟིམས་འགྱོ་ ད་རུང་ མི་ངན་ཚུ་གིས་ མཚུངས་མེད་རྒྱལ་དབང་རྗེ་བཀྲོངས་ནི་འཆར་ཞིག་རྩམ་ད་ འཆར་ཚུ་གིས་སྐོར་ལས་བླམ་གིས་མཁྱེན་ཏེ་ བླམ་ཐུགས་ཕམ་སྟེ་ ས་གནས་དེ་ཁར་ ལོ་གསུམ་གྱི་རིང་སྐུ་མཚམས་ནང་བཞུགས་ནུག།
དེ་ལས་ བླམ་སྐུ་མཚམས་ལས་ལོག་བཞེངམ་ད་ ཉེ་གནས་ཤ་འཚོལ་བར་བཏང་ཡོདཔ་ཨིན་པས། ཉེ་གནས་ཤ་འཚོལ་བར་གཏང་པའི་སྐབས་བླམ་གིས་ ཤ་གི་རིགས་འགོ་དང་པ་ག་འཐོབ་མི་འབག་ཤོག་ ཟེར་གསུངས་ནུག། ཉེ་གནས་ཤ་འཚོལ་བར་འགྱོ་སའི་ལམ་ཁར་ བུམོ་ལོ་བརྒྱད་འབད་མི་ བྲམ་ཟེ་སྐྱེས་བདུན་གྱི་རིགས་ཅིག་ཐོབ་སྟེ་ ཤ་འདི་བླམ་ལུ་འཕུལ་ནུག། དེ་ལས་ ཤ་འདི་བཙོ་ཟེར་བཀའ་གནང་སྟེ་ ཉེ་གནས་ཀྱིས་ཤ་འདི་བཙོ་སྦེ་ ཤ་འདི་དང་པ་བླམ་ལུ་དྲངས་ གཉིས་པ་ཤ་འདི་གཏུབ་སྟེ་གཟིམ་ཁྱི་ལུ་བྱིན་ ཤ་གཏུབ་མི་ཆུས་བཤལ་སྟེ་ གསོལ་བམ་གྱི་ལྟོ་བླུགས་བྱིནམ་ལས་བརྟེན་ཏེ་ བླམ་ གསོལ་བམ་དང་གཟིམ་ཁྱི་འཕུར་བྱོན་པའི་སྐབས་ ཉེ་གནས་འདི་འཕུར་ནི་རང་དབང་མ་བྱུངམ་ལས་ ཁོ་ཡང་འཁྱིད་གནང་ཟེར་གསོལཝ་བཏབ་ནུག། དེ་བསྒང་བླམ་གིས་ཁོ་ལུ་ ཁྱོད་ཤ་མ་ཟ་ག་ཟེར་འདྲིཝ་ད་ ཁོ་གི་ང་མ་ཟ་ཟེར་ཞུ་ནུག། ད་རུང་བླམ་གིས་ ཤ་གཏུབ་མི་ཚུ་ཀྲེག་ནི་དང་ཤ་གཏུབ་མི་ཚུ་ཆུ་བཤལ་རྐྱབ་ནི་མེད་ག་ཟེར་བའི་འདྲི་བའི་ལན་ལུ་ ཉེ་གནས་གིས་མེད་ཟེར་ཞུ་ནུག། དེ་ལས་ བླམ་གིས་གནམ་ཁ་ལས་ཆོས་གོས་གཅིག་གནང་སྟེ་ དེ་སྦེ་ཨིན་པ་ཅིན་ ངེའི་ཆོས་གོས་ལུ་བཤད་དེ་ཤོག་ཟེར་བཀའ་གནང་ནུག། དེ་སྦེ་ཆོས་གོས་ལུ་བརྟེན་ཏེ་འཕུར་བྱོནམ་ད་ ལ་སྟེང་ཁ་ལས་འཕྲོ་ཐུད་དེ་འཕུར་མ་ཚུགསཔ་ལས་ བླམ་གིས་གནས་དེའི་གཞིག་བདག་སྦེ་བཀོད་གནང་གནངམ་སྦེ་ཨིན་པས། གནས་འདི་ཁར་ འཁོར་ལམ་གྱི་ཞབས་ཏོག་མེད་པའི་དཀའ་ངལ་ལུ་བརྟེན་ཏེ་ ཕྱི་རྒྱལ་གྱི་ལྟ་བཤལཔ་དེ་ཅིག་འོང་ནི་མེད་རུང་ འབྲུག་མི་ཚུ་གིས་ ཕྱག་དང་མཆོད་པ་ཕུལ་སའི་གནས་དང་ འབྲུག་མི་ཚུ་གནས་སྐོར་ལུ་འགྱོ་སའི་གནས་རྩ་ཅན་ཅིག་ཨིན་མས།
རྒྱབ་རྟེན།
ཀུན་བཟང་ཕྲིན་ལས། (༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
ཕན་བདེ་ལེགས་བཤད་དབང་ཕྱུག། (༢༠༡༣) གནས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།
རྡོ་ཀྱོང་ལ།
༉ རྒྱ་མཚོ་ཁ་ལས་མཐོ་ཚད་མི་ཊར་ ༣༡༠༠ ལུ་ཆགས་ཏེ་ཡོད་པའི་རྡོ་ཀྱོང་ལ་འདི་ ཐིམ་ཕུག་ལས་སྤུ་ན་ཁ་ཁ་ཐུག་འགྱོ་སའི་ལམ་ཁར་ག་ནི་བ་མཛེས་ཏོག་ཏོ་སྦེེ་ཡོདཔ་ཨིན། རྡོ་ཀྱོང་ལ་འདི་ཐིམ་ཕུག་ལས་ཀི་ལོ་མི་ཊར་ ༢༠ གི་ས་ཁར་ཡོདཔ་དང་སྣུམ་འཁོར་ནང་འགྱོ་བ་ཅིན་ དུས་ཡུན་སྐར་མ་ ༥༠ དེམ་ཅིག་ནང་ལྷོད་ཚུགསཔ་ཨིན་པས། ལ་འདི་འབྱུང་བ་བཞི་གི་ཚོས་གཞི་གི་བརྡ་མཚན་པའི་དར་ཤིང་དང་རླུང་དར་གི་བརྒྱན་ཏེ་ཡོད་པའི་ཁར་ རྒྱལ་རབས་ནང་ཚུད་དེ་ཡོད་མི་ འབྲུག་དབང་རྒྱལ་ཁང་བཟང་མཆོདརྟེན་ ༡༠༨ གིས་སྦེ་མཛེས་ཉམས་ལྡན་ཏོག་ཏོ་སྦེ་མཇལཝ་ཨིན།
ས་གནས་དེ་ནང་ གནམ་གཤིས་གནས་སྟངས་ཧིང་སང་ས་སྦེ་ཡོདཔ་ད་ རྡོ་ཀྱོང་ལ་གི་ཤར་ཕྱོགས་ལུ་གངས་ཆེན་ཧི་མ་ལ་ཡའི་རྩེ་ཚུ་གུར་ཁཝ་སྤུབས་ཏེ་་མཐོང་སྣང་ཆེ་ཏོག་ཏོ་སྦེམཐོང་ཚུགས་པས། གཞན་ཡང་ ས་གནས་དེ་ཁ་ལས་ འབྲུག་རྒྱལ་ཁབ་ནང་ གངས་རི་ཚུ་ལས་མཐོ་ཤོས་ཨིན་མི་ མཐོ་ཚད་མི་ཊར་ ༧༡༥༨ སྦེ་མི་གངས་དཀར་སྤུན་གསུམ་ཡང་མཐོང་ཚུགསཔ་ཨིནཔས། དེ་ལས་ མཐོ་ཚད་མི་ཊར་ ༧༡༧༠ འབད་མི་ ཀང་ཕུག་གངས། མཐོ་ཚད་མི་ཊར་ ༦༩༦༠ འབད་མི་ བཙན་མདའ་གངས། མཐོ་ཚད་མི་ཊར་ ༧༡༥༨ འབད་མི་ཇི་ཇི་གང་ཕུག་གངས་དང་མཐོ་ཚད་མི་ཊར་ ༧༠༦༠ འབད་མི་ གཏེར་རི་གངས་ཚུ་མཐོང་ཚུགསཔ་ཨིན་པས།
རྡོ་ཀྱོང་ལ་ལུ་རྒྱལ་རབས་ཅན་གྱི་འབྲུག་དབང་རྒྱལ་ཁང་བཟང་མཆོད་རྟེན་ འབྲུག་དབང་རྒྱལ་ལྷ་ཁང་དང་རྒྱལ་གཞུང་སྐྱེད་ཚལ་གླིང་ག་གི་ཆ་ཤས་ཨིན་པའི་ཨེ་ཏོ་མེ་ཏོག་གི་ལྡུམ་ར་ཚུ་ཡང་ཡོདཔ་ཨིན། མཆོད་རྟེན་ ༡༠༨ པོ་ལུ་ཡུལ་ལྷ་རྣམ་པར་རྒྱལ་བའི་མཆོད་རྟེན་ཟེར་ཡང་སླབ་ཨིན་མས། མཆོད་རྟེན་འདི་མི་དབང་རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་མཆོག་གི་སྐྱབས་འཛིན་གྱི་འོག་ལུ བཞེངས་བཞེངསམ་ཨིན་མས། དེ་ཡང་ སྤྱི་ལོ་ ༢༠༠༣ ལུ་རྒྱལ་ཁབ་ཀྱི་དོན་ལུ་རང་སྲོག་ཡང་བློས་བཏང་སྟེ ངོ་ལོགཔ་གཡིབ་དམག་ཚུ་དང་དམག་རྐྱབ་པའི་སྐབས་དམག་མི་ ༡༡ ཚེ་ལས་འདས་མི་ཚུ་རྗེས་དྲན་དང་མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དགྲ་ལས་རྒྱལ་ཁ་འཐོབ་པའི་བརྡ་མཚན་ལུ་ མི་དབང་འབྲུག་རྒྱལ་བཞི་པ་ལོག་ཐིམ་ཕུག་ལུ་ཕེབས་པའི་ཤུལ་ལུ་བཞེངས་ནི་འགོ་བཙུགས་ཡོདཔ་ཨིན་པས།
མཆོད་རྟེན་བཞེངས་ཚར་བའི་ཤུལ་ལུ་ འབྲུག་དབང་རྒྱལ་ལྷ་ཁང་བཞེངས་ནིའི་ལཱ་འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༦ པའི་ནང་ལུ་བཞེངས་ཚར་ནུག། ལྷ་ཁང་དེ་ཁར་ སྤྱི་ལོ་ ༢༠༡༡ ལས་ལོ་ཨ་རྟག་ར་སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༣ ལུ་འབྲུག་དབང་རྒྱལ་ཚེས་བཅུ་འགོ་བཙུགས་གནང་ཡོད་མི་དེ་སྤྱི་ལོ་ ༢༠༠༣ ལུ་འབྲུག་རྒྱལ་བཞི་པ་མཆོག་དང་དམག་སྡེ་ཚུ་གིས་དགྲ་ལས་རྒྱལ་ཁ་འཐོབ་མི་འདི་རྗེས་དྲན་ཞུ་ནི་གི་དོན་ལུ་ཨིན་མས།
རྡོ་ཀྱོང་ལ་ལས་ག་ནི་བ་ཡིད་འཕྲོ་པའི་གངས་ཅན་ཧི་མ་ལ་ཡ་དང་མཐོང་སྣང་ཆེ་བའི་ས་ཁོངས་ཚུ་མཐོང་ཚུགསཔ་ལས་ལྟ་བཤལཔ་ཚུ་ལུ་གནམ་མེད་ས་མེད་ཡོངས་གྲགས་ཡོདཔ་ལས་ལྟ་བཤལཔ་ལེ་ཤ་འོང་སའི་ས་ཁོངས་ཅིག་ཨིན་པས། དེ་མ་ཚད་ འབྲུག་མི་ཚུ་ཡང་ངལ་གསོ་དང་ལོ་གསར་ཚུ་གི་སྐབས་ལུ་རང་སོའི་ཕམ་སྤུན་ཆ་དང་ཆ་རོགས་ཚུ་དང་མཉམ་མཛར་ཅུམ་ཟ་བར་དང་དགའ་སྤྲོ་སྟོན་ནི་དོན་ལུ་འོང་སའི་ས་གནས་གཙོ་བོ་ཅིག་ཨིན་མས།
རྡོ་ཀྱོང་ལ་འདི་བྱཱར་དགུན་མེད་པར་དུས་ཨ་རྟག་རང་མཛེས་ཏོག་ཏོ་མཐོངམ་ཨིན་རུང་ དེ་ཁར་འགྱོ་ནི་གི་དུས་ཚོད་དགའ་ཤོས་འདི་སྤྱི་ཟླ་ ༢ པ་ལས་ ༡༠ པ་ཚུན་ཨིནམ་སྦེ་ཨིན་པས། དུས་ཚོད་གཞན་ཁར་འགྱོ་བ་ཅིན་ ཁཝ་རྐྱབ་སྟེ་བསིལ་ཀྲག་ཀྲ་ ས་སྨུག་སྤུར་སྡོདཔ་ལས་ གངས་ཆེན་ཧི་མ་ལ་ཡ་ལ་སོགས་པའི་ས་གནས་ཚུ་གསལ་ཏོག་ཏོ་སྦེ་མཐོང་མི་ཚུགསཔ་ཨིན་པས།
རྒྱབ་རྟེན་དཔེ་ཆ།
Druk Asia, Bhutan Travel and Tour. (2021) Dochula Pass. Retrieved from: https://www.drukasia.com/bhutan/thimphu/dochula-pass/
En. Wikipedia.org. (n.d) Dochula Pass. Retrieved from:
https://en.wikipedia.org/wiki/Dochula_Pass
Holidify.com (n.d) Dochula pass, Bhutan overview. Retrieved from: https://www.holidify.com/country/bhutan/dochula-pass-sightseeing-125333.html
Travel Triangle.com. (n.d) Dochula Pass, Bhutan: 3 Reasons you must visit it. Retrieved from: https://traveltriangle.com/blog/dochula-pass-bhutan/
གནས་ཆེན་གདོང་དཀར་ལ།
༉ གནས་ཆེན་གདོང་དཀར་ལ་འདི་ སྤ་རོ་རྫོང་ཁག་གི་མངའ་འོག་ལུ་ཆགས་ཏེ་ཡོདཔ་ཨིན་པས།གདོང་དཀར་ལ་འོད་གསལ་རྩེ་མོའི་ལྷ་ཁང་ལུ་འགྱོ་དགོ་པ་ཅིན་ སྤརོ་ཤར་པ་ལས་བྲག་དཀར་པོ་འགྱོ་སའི་ལམ་བདའ་སྟེ་ སྣུམ་འཁོར་ནང་ དུས་ཡུན་སྐར་མ་ ༤༠ དེ་ཅིག་གི་རིང་འགྱོ་དགོཔ་ཨིན་པས། གནས་དེ་ རྒྱ་མཚོའི་ཁ་ལས་མཐོ་ཚད་ད་མི་ཊར་ ༣༦༥༠ དེ་ཅིག་ཁར་ཡོདཔ་ཨིན་པས། དེ་བཟུམ་སྦེ་ བེམ་རི་ལས་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་ ༡ དང་སྐར་མ་ ༤༥ དེ་ཅིག་ལུ་ལྷོདཔ་ཨིནམ་དང་ མཁར་སྦྱས་དང་བྱག་ཝང་རྩེ་ཕུག་ལས་འགྱོ་བ་ཅིན་ཆུ་ཚོད་ ༤ དང་སྐར་མ་ ༣༠ དེ་ཅིག་ལུ་ལྷོདཔ་ཨིན་པས། (དད་པའི་ས་བོན། ༢༠༠༨) ལྷ་ཁང་འདི་ དུས་རབས་ ༡༦ པའི་ནང་ ལོ་ཆེན་བཻ་རོ་ཙཱ་ནའི་རྣམ་སྤྲུལ་གཏེར་སྟོན་ཚེ་རིང་རྡོ་རྗེ་གིས་ ཁོ་རའི་རྩ་བའི་བླ་མ་ དྲུང་དྲུང་རིན་ཆེན་ཆོས་རྡོར་གྱི་ལུང་བསྟན་དང་འཁྲིལ་ཏེ་ གདན་ས་བཅགས་གནང་ནུག། གདན་ས་གཅག་པའི་སྐབས་ལུ་ པད་མ་གླིང་པའི་གཏེར་བྱོན་ ཡི་དམ་མཐོང་བ་དོན་ལྡན་འཕུར་ཏེ་བྱོན་མི་འདི་ གནས་དེ་ནང་གི་ཀླུ་མོ་ཕྲིན་ལས་དབང་མོ་གིས་བསྲུངས་ཏེ་ཡོད་མི་དེ་ གཏེར་སྟོན་ལུ་ཕུལཝ་ལས་ ཀླུའི་ཕོ་བྲང་དེ་ ད་རེས་ནངས་པ་ཡང་བརྩི་ཁུངས་སྦོམ་སྦེ་བསྐྱེད་དེ་ཡོདཔ་ཨིན། ད་རེས་ནངས་པ་ཡང་ ཀླུ་མོ་འདི་ལུ་གསོལ་ཁ་ཚུ་ཕུལ་བ་ཅིན་ ཧེ་མ་ཀླུ་མོ་འདི་གིས་ གདོང་དཀར་ལའི་གནས་ཀྱི་ཕྲིན་ལས་དང་ སྐྱབས་མཛད་ནིའི་དོན་ལུ་དམ་བཅའ་ཕུལ་ཡོདཔ་ལས་ སྐྱབས་དང་སྡོང་གྲོགས་མཛདཔ་ཨིན་ཟེར་ཡིད་ཆེས་བསྐྱེད་ནི་འདུག།
གདོང་དཀོར་བཙན་གྱི་གནས་ཁང་ཡང་དེ་ནང་ཡོདཔ་ལས་ ལྷ་ཁང་དེ་ནང་ལས་ ཅ་ལ་ག་གིས་ཡང་ཨརཝ་བརྐུ་མི་ཚུགས་ཟེར་སླབ་སྲོལ་ཡང་འདུག། དེ་ཡང་ ལོ་རྒྱུས་གཅིག་དང་འཁྲིལཝ་ད་ ཧེ་མ་མི་གཅིག་གིས་ལྷ་ཁང་ནང་གི་ཁྲོ་གཅིག་ཨརཝ་བརྐུ་འབག་འགྱོཝ་ད་ ག་དེ་ཅིག་ལམ་འགྱོ་རུང་ ལྷ་ཁང་སྐོ་ར་རྐྱབ་སྟེ་ར་སྡོདཔ་ལས་ ལམ་འཚོལ་མ་ཐོབ་པར་ མཐའ་མཇུག་ལུ་ ཁྲོ་འདི་བཀོ་བཞག་སྟེ་འགྱོ་ནི་འབདཝ་ད་ ལགཔ་འཐུ་མ་བཏུབ་ལས་ ལགཔ་ཡང་དེ་ཁར་ར་བཏོག་བཞག་དགོཔ་ཐོན་ཡོད་པའི་ལོ་རྒྱུས་ཡོདཔ་མ་ཚད་ ཁྲོ་དང་ལགཔ་འདི་ད་རེས་ནངས་པ་ཡང་མཇལ་ཚུགསཔ་ཨིན་པས།
གནས་འདི་ལ་མཐོ་སར་ཆགས་ཏེ་ཡོདཔ་ལས་ས་གནས་འདི་ཁ་ལས་ བུམ་ཐང་སྐྱིད་སྐྱིད་ལ། ཇོ་མོ་ལྷ་རི། སྐྱབས་ཁྲ། གཟེ་མ་ལ། དར་དཀར་ལ། སྐྱིད་ལི་ལ། ཧོ་ཤར་ལ། འབུམ་བྲག་གནམ་རྒོད་ལ། ཝང་རྡོ་ཀྱོང་ལ་དང་བཀྲ་ཤིས་སྒང༌། བེམ་རི། ཐོ་བྲག་དགོན་པ། གྱེར་གླིང་དགོན་པ། བརྩོན་འགྲུས་དགོན་པ། བྱག་ཝང་སྟེང་ཆེན་ཁ། ལྷ་རི་སྤང༌། སྒོ་རི་ནང༌། བལ་ཀྲམ་དགོན་པ། བྲག་སྐྱེས། རྡོ་མཆོད་རྟེན་དགོན་པ་ཚུ་མཐོང་ཚུགསཔ་ཨིན་པས། གནས་འདི་མཐོང་རྒྱ་ཆེ་ཤོས་ཡོད་པའི་ས་གོ་ཅིག་ཨིན་ནི་འདི་གིས་ དང་ཕུགས་ཀྱི་ཞབས་ཁྲ་ཚིག་ནང་ཡང༌། གནས་ཆེན་གདོང་དཀར་ལ་ལས།། སྤ་མཐོང་ཝང་མཐོང་མཐོངམ་མས།། ཟེར་ཡོངས་གྲགས་སླབ་སྲོལ་ཡང་ཡོདཔ་ཨིན།
ལྷཁང་འདི་གི་འོག་ལས་མར་དུས་ཡུན་ཆུ་ཚོད་སྐར་མ་ ༡༠ དེ་ཅིག་བབས་འགྱོཝ་ད་སྒྲུབ་ཆུ་ཅིག་ཡོདཔ་ཨིན་པས། སྒྲུབ་ཆུ་དེ་ ལྷ་ཁང་གི་ཟུར་ཁ་ཡོད་པའི་ཀླུ་མོ་ཕྲིན་ལས་དབང་མོ་ཟེར་མི་ཀླུའི་སྲསམོ་རྒས་ཤོས་ཀྱིས་ ལྷ་ཁང་ནང་ལུ་ཡོན་ཆབ་དེ་མོ་གིས་སྦེ་ཁས་བླངས་ཡོད་ནི་འདི་གས་མོ་གིས་བཏོན་བཏོནམ་ཨིན་ཟེར་བཤད་ནི་འདུག།
ལོ་རྒྱུས་གཞན་ཡང་ ཧེ་མ་ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ཡར་རྒྱས་མ་འགྱོ་བའི་བསྒང་ སྣུམ་འཁོར་ལམ་མེདཔ་ལས་འགྲོ་འགྲུལ་འབད་ནི་ལུ་དཀའ་ངལ་སྦོམ་ཡོད་ནི་འདི་གིས་ སྤ་རོ་དཔོན་སློབ་སྐུ་ཞོགས་ཚེ་རིང་དཔལ་འབྱོར་གྱི་ཡུམ་བུམ་ཐང་ལུ་བཞུགས་པའི་སྐབས་ སྤ་རོ་ལས་བུམ་ཐང་ཁོ་རའི་ཡུམ་བཞུགས་སར་མི་བཏང་སྟེ་ ཞག་དུས་བཟོ་ཞིནམ་ལས་ དཔོན་སློབ་ཁོ་ར་གདོང་དཀར་ལ་དང་ ཁོ་རའི་ཡུམ་སྐྱིད་སྐྱིད་ལ་ལུ་བྱོན་སྦེ་ བསང་བཏང་ཞིན་ན་དུ་པའི་བརྡ་ཐོག་ལས་མཇལ་འཕྲད་གནང་ས་ཅིག་ཡང་ཨིན་ཟེར་བཤད་ནི་འདུག།
ལྷ་ཁང་ནང་གི་ནང་རྟེན་གཙོ་བོ་ལུ་ཡིད་དམ་མཐོང་བ་དོན་ལྡན་ཞུཝ་ཨིན་པས། དེ་སྦེ་ཞུ་དགོ་མི་འདི་ཡང་ རྟེན་དེ་རང་གིས་མཇལ་བ་ཙམ་གྱིས་ བསམ་དོན་ཡིད་བཞིན་དུ་འགྲུབ་ཚུགས་ཟེར་སླབ་སྲོལ་ཡོདཔ་ཨིན་པས། ཡིད་དམ་མཐོང་བ་དོན་ལྡན་དེ་ གཏེར་སྟོན་པདྨ་གླིང་པ་མཆོག་གིས་ བུམ་ཐང་སྟང་མེ་འབར་མཚོ་ལས་གཏེར་སྦེ་བཞེས་ཡོད་མི་འདི་ ཕུར་བྱོན་བྱོནམ་ཅིག་ཨིན་པས། དེ་ཁར་ཤར་ཝང་སྤ་གསུམ་གྱི་མི་སེར་ཚུ་ ལོ་ལྟར་དཀོན་མཆོག་མཆོད་པར་འོང་དོ་ཡོདཔ་ལས་ གཞུང་གིས་ཕྱག་ཐམ་མ་གནང་པར་ ཡིད་དམ་འདི་མཇལ་ཁ་གནངམ་གནང་ས་ར་ཡོདཔ་ཨིན། ད་རུང་ནང་རྟེན་གཞན་ཡང་ ཕུརཔ་རྒྱ་དང་བརྒྱད་སྟབས་གཅིག་གུ་མཇལ་ནི་ཡོདཔ་དང་འདི་ཚུ་ཡང་ ཧེ་མ་གཏེར་སྟོན་ཚེ་རིང་རྡོ་རྗེ་མཆོག་གིས་ གངས་ཆེན་མཛོད་ལྔ་ལས་གཏེར་སྦེ་བཞེས་བཞེསཔ་ཨིན་ཟེར་ཨིན་པས། ད་རུང་ སྟོན་པའི་སྐུ་འདྲ་སྦོམ་ཅིག་ཡོད་མི་དེ་ སྔོན་མ་གཏེར་སྟོན་ཚེ་རིང་རྡོ་རྗེ་མཆོག་གིས་ ལྷ་ཁང་འདི་བཞེངས་ཚར་བའི་ཤུལ་ལུ་ ལྷ་ཁང་དེ་ལུ་སྐུ་འདྲ་ཅིག་དགོ་པས་ཟེར་ཐུགས་བསམ་བཞེད་དེ་ འབྲུག་གི་མི་སེར་ཉམས་ཆུང་རྒྱ་གར་རྡོ་རྗེ་གདན་ལུ་འགྱོ་མ་ཚུགས་མི་ཚུ་གི་དོན་ལུ་ བྱིན་རླབས་འཐུས་པའི་ཐབས་ལུ་ རྒྱ་གར་རྡོ་རྗེ་གདན་གྱི་སྟོན་པའི་སྐུའདྲ་དེ་དང་ཅོག་ར་འཐདཔ་སྦེ་བཞེངས་ཡོདཔ་སྦེ་བཤདཔ་ཨིན་པས།
ད་རེས་ གནས་ཆེན་དེ་ཁར་ ཚེ་ད་རེས་ཀྱི་རྐྱེན་ངན་བར་ཆད་བསལ་ནི་དང་ཚེ་ཕྱི་མ་བདེ་བ་འཐོབ་ནི་གི་དོན་ལུ་ཚོགས་བསག་སྒྲིབ་བྱང་ལུ་བརྩོན་མི་ དད་ཅན་གྱི་འབྲུག་མི་ལེ་ཤ་ཅིག་གིས་ར་གནས་སྐོར་ལུ་འོངམ་མ་ཚད་ ས་ཆ་འདི་མཐོང་གསལ་ཆེ་ཏོག་ཏོ་ཡོདཔ་ལས་ ཕྱི་རྒྱལ་གྱི་ལྟ་བཤལཔ་ཡང་རེ་རེ་གཉིས་འོང་ནི་ཡོདཔ་ཨིན་པས།
རྒྱབ་རྟེན་དཔེ་དེབ།
ཀུན་བཟང་འཕྲིན་ལས། (༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྤྲུན་ཁང་།
འབྲུག་རྒྱང་སྒྲགས། (2022). གདོང་སྐོར་དགོན་པའི་ཆགས་རབ། འབྲུག། ཐིམ་ཕུག།
བྲག་དཀར་པོ།
༉ བྱིན་རླབས་ཅན་གྱི་གནས་བྲག་དཀར་པོ་འདི་ སྤ་རོ་ལྷོ་ཕྱོགས་ཁ་ཐུག་ མཐོ་ཚད་མི་ཊར་ ༢༦༥༠ དེ་ཅིག་ས་ཁར་ ཤར་པ་རྒེད་འོག་ནང་ཆགས་ཏེ་འདུག། གནས་དེ་ཁར་འགྱོ་ནི་གི་དོན་ལུ་ སྤ་རོ་ཁྲོམ་ཁ་ལས་ སྣུམ་འཁོར་ནང་ཆུ་ཚོད་ ༡ དང་སྐར་མ་ ༣༠ དེ་ཅིག་འགྱོ་ཞིནམ་ལས་ རྐང་སྟོང་སྦེ་སྐར་མ་ ༡༠ དང་ ༡༥ དེ་ཅིག་འགྱོ་དགོ་དོ་ཡོདཔ་ཨིན། དེ་ཡང་ སྤ་རོ་ཁྲོམ་གྱི་སྣུམ་འཁོར་འཛོམས་ལམ་ལས་འགྱོ་བ་ཅིན་ ཀི་ལོ་མི་ཊར་ ༧ དེ་ཅིག་ འགྱོ་དགོ་དོ་ཡོདཔ་ཨིན། དེ་ཁར་ བྱག་སྦོམ་གཅིག་གི་བཀོད་པ་ལུ་ལྷ་ཁང་བཞེངས་ཏེ་ཡོད་མི་འདི་ ཧེ་མ་ དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་དངོས་སུ་སྦེ་སྒོམ་ཉམས་ལེན་གནང་སྟེ་བཞུགས་པའི་ས་གནས་ཅིག་ཨིན་མས། གུ་རུ་རིན་པེ་ཆེ་གི་སྐུ་ཡི་འོད་ཟེར་ གསུང་གི་འོད་ཟེར་ ཐུགས་ཀྱི་འོད་ཟེར་དང་ ཡོན་ཏན་གྱི་འོད་ཟེར་ ཟེར་གནས་ཁག་བཞི་ཡོད་ས་ལས་ སྐུ་ཡི་འོད་ཟེར་འདི་ བྲག་དཀར་པོ་འདི་ཨིན་མས།(གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༡༥) གནས་འདི་ མཁའ་འགྲོ་ཡི་ཤེས་མཚོ་རྒྱལ་དང་གུ་རུ་རིན་པོ་ཆེ་གི་སྐུ་ཡི་གནས་སྦེ་བྱིན་གྱི་རླབས་གནངམ་ལས་བརྟེན་ཏེ་ གནས་འདི་ སྐུ་ཡི་གནས་རྩ་ཅན་ཅིག་སྦེ་རྩིཝ་ཨིན་པས།
གནས་འདི་ གནས་ཡིག་ཀུན་ཕན་ལམ་སྟོན་ (གནམ་ལོ་མེད། ༢༠༡༣ ཤོག་གྲངས་ ༢༣༥) ལས་ “མདུན་ནས་བལྟས་ན་ཞི་བ་འདྲ། །རྒྱབ་ནས་བལྟས་ན་ཁྲོ་བོ་འདྲ། །གཡོན་ནས་བལྟས་ན་ཞི་མ་ཁྲོ། །གཡས་ནས་བལྟས་ན་དཀྱིལ་འཁོར་འདྲ།། གནས་མཆོག་དམ་པ་འདི་ ཕྱི་ལྟར་ཙིཏྟའི་དབྱིབས་དང་འདྲ་བ་ ནང་ལྟར་པད་མ་འོད་ཀྱི་ཕོ་བྲང་དང་ གསང་བ་ལྟར་ན་མངོན་པར་དགའི་ཞིང་ཁམས་སྦེ་བརྩི་བའི་ཁར་ རིགས་གསུམ་མགོན་པའི་བཞུགས་གནས་སྦེ་ཡང་རྩིཝ་ཨིན་པས།” ཟེར་གསུང་བཞག་ནུག། བྱག་དེའི་དབྱིབས་འདི་ གཏེར་གྱི་སྒྲོམ་བཟུམ་ཡོད་པའི་ཁར་ གནས་དེའི་གཡས་གཡོན་ལས་ཕར་ གུ་རུ་རུ་རིན་པོ་ཆེ་མཆོག་གིས་ ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་རླབས་གནང་བའི་གནས་མ་འདྲཝ་ཚུ་གིས་བསྐོར་ཏེ་ཡོདཔ་ཨིན།
གནས་ཀྱི་ལྷ་ཁང་ནང་ལུ་ གུ་རུ་སྒྲུབ་པ་གནང་སའི་སྒྲུབ་ཕུག་མཇལ་ཚུགསཔ་དང་ སྒྲུབ་ཕུག་འདི་ གུ་རུ་རིན་པོ་ཆེ་གིས་བྱག་གི་རྡོ་འདི་གཉིས་བཀག་རྐྱབ་ཏེ་བཀག་བཏང་བཏངམ་བཟུམ་ཡོདཔ་ཨིན། རྡོ་འདི་གུར་གུ་རུ་རིན་པོ་ཆེ་གི་ ཕྱག་རྗེས་དང་ དཀྱིལ་འཁོར་གྱི་ལྷ་ཚོགས་ཚུ་ཡང་མཇལ་ཚུགས། གཞན་ཡང་ ལྷ་ཁང་དེ་ནང་ གུ་རུའི་ཞབས་ལྷམ་ རྗེ་བཙན་སྒྲོལ་མའི་བྷ་ག་ རྗེ་བཙུན་འཇམ་དཔལ་དབྱངས་ མཁའ་འགྲོ་རྡོ་རྗེ་ཕག་མོའི་བརླ་གཡས་གཡོན་ དཔག་བསམ་ལྗོན་ཤིང་གི་སྤྱི་ཏོག་ཚུ་མཇལ་ཚུགས་པའི་ཁར་ ཡོན་ཏན་འོད་ཟེར་གྱི་རྡོའི་མེ་ལོང་། ལྷ་ཁང་གི་ཤར་ལྷོ་ནུབ་བྱང་ལུ་ཁྲུས་ཀྱི་རྫིང་བུ། གཡས་ལུ་གསེར་གྱི་མཎྜལ་བརྒྱ་དང་རྩ་བརྒྱད། རང་གིས་སྡིག་པ་བསགས་པའི་ལས་ཚུ་དག་ནི་གྱི་ལས་སྒྲིབ་ཕྱེ་ས་ རྡོ་འོག་ལས་འཛུལ་སའི་དོང་ཚུ་ཡང་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ཚུགས། དེ་གིས་ཡང་མ་ཚད་ བྱག་དུང་དཀར་ ཚེ་བུམ་ རྡོའི་མཎྜལ་ གུ་རུའི་ཞབས་རྗེས་ གུ་རུའི་བཞུགས་ཁྲི་ རྡོ་རྗེ་ཕག་མོའི་དབུ་ ཐུག་སྲས་ཟླ་བ་གིས་གཏེར་བཞེས་སའི་ཤུལ་ མཁའ་འགྲོ་མའི་བཞུགས་ཁྲི་ རྡོའི་གླང་ཆེན་ གུ་རུའི་ཕྱག་ཕྲེང་དང་ བླ་མ་ནམ་མཁའི་སྙིང་པོ་སྐུ་ཕྲེང་དང་པའི་ཞབས་རྗེས་ སྒྲུབ་ཕུག་དང་ སྐུ་གཟུགས་རང་བྱོན་ཚུ་མཇལ་ཚུགས་པས།
ས་གོ་དེ་ནང་གནས་གཞན་ཡང་ འདོད་འཇོ་བའི་དབུ་ མཁའ་འགྲོ་མའི་གསོལ་ཐབ་ བླམ་འབྲུག་པ་ཀུན་ལེགས་ཀྱི་ཞབས་རྗེས་ རྒྱལ་དབང་རྗེའི་ཞབས་རྗེས་ ཐང་སྟོང་རྒྱལ་པོའི་ཞབས་རྗེས་ གུ་རུ་རྫོང་བྲག་ལུ་འཕུར་བྱོན་པའི་ཞབས་རྟིང་གི་ཤུལ་ གུ་རུ་རིན་པོ་ཆེ་གི་སྤ་འཁར་བཙུགས་པའི་ཤུལ་ མཁའ་འགྲོ་ཡི་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་ མཁས་པ་བེཻ་རོ་ཙཱ་ནའི་ཕྱག་རྗེས་ རྡོའི་གཏོརམ་དང་ ཀླུ་མོའི་རྡོ་ཚུ་ཡང་མཇལ་ཚུགས། བྱག་གུར་མཁའ་འགྲོ་མ་འབུམ་གྱིས་ ཚོགས་འབུམ་ཕུལ་ས་དང་ དེ་གི་རྩ་བར་ དུར་ཁྲོད་གཅིག་མཇལ་ཚུགས། དུར་ཁྲོད་འདི་ པདྨ་བརྩེགས་པ་བཟུམ་ཡོད་པའི་ཁར་ གལ་སྲིད་ རང་གིས་མནོ་བསམ་འདི་ “ད་རིས་ང་ཤི་སོང་ཡི་མས་” ཟེར་བཏང་སྟེ་ དུར་ཁྲོད་ནང་ན་འཛུལ་བ་ཅིན་ ལཱ་ངན་གྱིས་བསགས་པའི་ལས་སྒྲིབ་ཚུ་དག་པའི་ནུས་པ་ཡོད་པའི་ཁར་ རྫོགས་པའི་སངས་རྒྱས་ཀྱིི་གོ་འཕང་འཐོབ་པའི་ནུས་ཤུགས་ཡོདཔ་ཨིན་ཟེར་སླབ་སྲོལ་འདུག། དེ་ལས་ ལྷ་ལྕམ་མཎྜ་ར་བ་གིས་གླུ་གར་ཕུལ་སའི་ཤུལ་ ཀླུ་བདུད་ནག་པོ་སྡིག་པ་རཱ་ཛྲ་ལུ་སྤྲུལ་སྟེ་ བྱག་ནང་ཐིམ་སོང་བའི་རྡོ་ཡང་མཇལ་ཚུགས་པས། ང་བཅས་ཀྱིས་རྡོ་འདི་ལུ་སྨོན་ལམ་བཏབ་པ་ཅིན་ ཀླུ་དང་ཀླུ་བདུད་ཚུ་གི་གནོདཔ་མི་བཀལ་ཟེར་བའི་ལོ་རྒྱུས་ཡང་བཤད་སྲོལ་འདུག། དོ་རུང་ གུ་རུ་རིན་པོ་ཆེའི་ཆིབས་རང་བྱོན་དང་ གུ་རུ་རིན་པོ་ཆེའི་འི་ཕྱག་ཐམ་ཚུ་ ག་ནི་བ་བྱིན་རླབས་བྱིན་རླབས་ཅན་སྦེ་མཇལ་ཚུགསཔ་ཨིན། བྲག་དཀར་པོ་འདི་ གུ་རུའི་སྐུ་ གསུང་ ཐུགས་དང་ ཡོན་ཏན་གྱི་འོད་ཟེར་བཞི་ག་ར་ཚང་བའི་གནས་རྩ་ཅན་གཅིག་ཨིན་མས།
བྲག་དཀར་པོའི་གནས་འདི་ ལྟ་བཤལ་པ་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གཅིག་མེན་རུང་ འབྲུག་མི་ཚུ་གི་དོན་ལུ་ བྱིན་རླབས་ཅན་གྱི་གནས་རྩ་ཅན་ཅིག་སྦེ་རྩི་དོ་ཡོདཔ་ཨིན་མས། གནས་འདི་ གུ་རུ་རིན་པོ་ཆེ་གི་གནས་རྩ་ཅན་ཅིག་འབདཝ་ལས་ རྣལ་འབྱོར་པ་དང་ བླ་སློབ་བཁན་སྤྲུལ་མང་ཤོས་ར སྒོམ་ཉམས་ལེན་འབད་བར་བྱོན་དོ་ཡོདཔ་ཨིན། ང་བཅས་ཀྱིས་ གནས་འདི་ སྐོར་ར་ ༡༠༨ རྐྱབ་པ་ཅིན་ རང་གིས་ལས་སྒྲིབ་དག་ནི་དང་ རང་གིས་དད་པ་དང་མོས་གུས་སྦོམ་བསྐྱེད་དེ་ སྨོན་ལམ་བཏབ་ དེ་ལས་ ཕྱག་རེ་འཚལ་འབད་བ་ཅིན་ རང་གིས་མནོ་བའི་རེ་དོན་འགྲུབ་ཚུགས་ནི་དང་ བར་ཆད་ཚུ་བསལ་ཚུགས་པའི་ཕན་པ་ལེ་ཤ་ཡོད་ཟེར་གསུངས་ཏེ་འདུག།
རྒྱབ་རྟེན།
ཀུན་བཟང་ཕྲིན་ལས། (༢༠༡༠) དད་པའི་ས་བོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
ཕན་བདེ་ལེགས་བཤད་དབང་ཕྱུག། (༢༠༡༥) གདས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།
Denkar (2019) https://denkarsgetaway.com/drakarpo-the-popular-bhutanese-pilgrims-getaway/
བྲག་སྐྱེས་ཕང་མཚོ།
༉ བྲག་སྐྱེས་ཕང་མཚོ་འདི་ སྤ་རོ་རྫོང་ཁག་གི་བྱང་ཕྱོགས་ཁ་ཐུགས་ལུ་བཙན་ཏོག་རྒེད་འོག་ནང་རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༤༣༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན་པས། མཚོ་འདི་གི་མིང་བྲག་སྐྱེས་ཕང་མཚོ་ཟེར་སླབ་དགོ་མི་འདི་ཡང་ མཚོ་འདི་སྤ་རོ་གི་གནས་བདག་ཨཔ་ཇོ་བོ་བྲག་སྐྱེས་ཀྱི་ཕང་མར་བཞག་བཞགཔ་བཟུམ་སྦེ་ ལ་གི་མཐའ་སྐོར་བའི་སྦུག་ལུ་ཆགས་ཏེ་ཡོད་ནི་འདི་གིས་ཨིན་པས། ལ་ལུ་ཅིག་གིས་མཚོ་འདི་ བྲག་གི་ཕང་མ་བཞག་བཞགཔ་བཟུམ་ཡོད་ནི་འདི་གིས་བྲག་སྐྱེས་ཕང་མཚོ་ཟེར་སླབ་ཨིན་ཟེར་སླབ་ཨིན་མས།
མཚོ་འདི་ དོསསྟེང་རྒེད་འོག་ནང་ཡོད་པའི་ནོར་བུ་གླིང་རིག་གཏེར་མཐོ་རིམ་སློབ་གྲྭ་གི་ལྟག་ལས་ཡར་ ཤ་ལ་བྲག་མགོ་བརྒྱུད་དེ་འགྱོཝ་ད་ དུས་ཡུན་ཆུ་ཚོད་ ༥ དེ་ཅིག་ལུ་ལྷོད་ཚུགསཔ་ཨིན་པས། མཚོ་འདི་མཇལ་བ་འགྱོ་སའི་ལམ་ཁར་ལུ་ སྒོ་ར་མཚོ་དང་ཟིམ་དཔོན་མཚོ་ཟེར་མཚོ་ཆུང་ཀུ་གཉིས་དང་ ཤ་ལ་བྲག་མགོའི་ཆོས་རྗེ་ཀརྨ་དཔལ་འབར་སྒྲུབ་པ་གནང་སའི་བྱག་ཕུག་ཅིག་ཡང་མཇལ་ནི་ཡོདཔ་ཨིན་པས། ས་གནས་ ལབ་རྩ་ཁ་ཟེར་ས་ལྷོདཔ་ད་ ཡུམ་མཚོ་ཡང་མཇལ་ཚུགསཔ་ཨིན་པས། བྲག་སྐྱེས་ཕང་མཚོ་ལུ་ བྱ་ནག་དགོན་པ་ལས་ཡང་འགྱོ་ས་ཡོདཔ་དང་དགོན་པ་དེ་ཁ་ལས་འགྱོ་བ་ཅིན་ ལམ་མགྱོགས་དྲགས་སྦེ་འགྱོ་ཚུགས་མི་ཚུ་གིས་དུས་ཡུན་ཆུ་ཚོད་ ༤-༥ ནང་འཁོད་ལུ་ལྷོད་ཚུགས་ནི་དང་ ལམ་འགྲོས་ཀྱིས་སྦེ་འགྱོ་མི་ཨིན་པ་ཅིན་ཆུ་ཚོད་ 6-7 དེ་ཅིག་ནང་ལྷོད་ཚུགསཔ་ཨིན་པས།
མཚོ་འདི་དུས་རབས་ ༨ པ་ནང་ཨཔ་ཇོ་བོ་བྲག་སྐྱེས་ཀྱིས་གུ་རུ་རིན་པོ་ཆེ་ལུ་གཏེར་རྩ་ཅན་ཚུ་བཞག་ས་སྦེ་ཕུལཝ་ལས་ཆོས་དང་འབྲེལ་བའི་མཚོ་ཨིནམ་ལས་གུ་རུ་རིན་པོ་ཆེ་མཆོག་གིས་ མཚོ་དེ་ནང་གཏེར་ལེ་ཤ་སྦ་བཞག་ཡོད་པའི་གཏེར་མཚོ་ངོ་མཚར་ཅན་ཅིག་ཨིན་མས། ཤ་ལ་བྲག་མགོའི་ཆོས་རྗེ་ལྔ་པ་ཡོངས་གྲགས་རྒྱ་མཚོ་གྱིས་ཧེ་མ་ གཏེར་སྟོན་པད་མ་གླིང་པ་གིས་མེ་འབར་མཚོ་ནང་ལས་གཏེར་བཞེས་དོ་བཟུམ་སྦེ་ ཆོས་རྗེ་ཁོ་རའི་དབུ་ལུ་མར་མེ་བཞག་སྟེ་ནང་ན་འཛུལ་ཞིནམ་ལས་ ཞག་བདུན་མཚོའི་ནང་ལུ་བཞུགས་ཡོདཔ་དང་། ཞག་བདུན་གྱི་ཤུལ་ལས་ལོག་མཚོའི་ཕྱི་ཁར་བྱོན་པའི་སྐབས་ན་བཟའ་ལུ་རློན་གཤེར་ག་ནི་ཡང་མེད་པར་སྐམ་སྦེ་དང་མར་མེ་ལུ་ཡང་སྐྱོན་ག་ནི་ཡང་མེད་པར་ གཏེར་བཞེས་པའི་ལོ་རྒྱུས་ཚུ་ལྷོ་འབྲུག་ཆོས་འབྱུང་ནང་འཐོན་ནི་ཡོདཔ་སྦེ་ཨིན་པས། (དད་པའི་ས་བོན། གནམ་ལོ་མེད་ ༢༠༠༨ )
གཞན་ཡང་ ཤ་ལ་བྲག་མགོའི་ཆོས་རྗེ་ཅིག་གི་ས་ཐག་རིང་ས་ལས་ཕར་དབང་དང་ཆོས་གནང་པར་བྱོན་པའི་སྐབས་ལུ་ འབུལ་བ་འཕུལ་འཕུལཝ་ཚུ་འབུལ་བ་ག་ཏེ་ལས་བཞེསཔ་ཨིན་ན་དེའི་སྦོ་ལོག་ཁར་ཡོད་པའི་ཆུ་ནང་བསྐྱལ་བཏང་ཞིནམ་ལས་ ལོག་སྟེ་བྲག་སྐྱེས་ཕང་མཚོའི་ནང་ལས་བཏོན་ཏེ་བཞེས་པའི་ལོ་རྒྱུས་ཡང་བཤད་ནི་འདུག། ད་རེས་ནངས་པ་མི་རང་རང་ར་སོ་སོའི་ཡིད་མོས་དང་བསོད་ནམས་དང་འཁྲིལ་གཏེར་མ་འདྲཝ་དང་ཆོས་དང་འབྲེལ་བའི་སྒྲ་དབྱངས་ཚུ་ཡང་ལེ་ཤ་ར་གོ་ནི་ཡོད་པའི་ལོ་རྒྱུས་ཚུ་བཤད་ནི་འདུག།
མཚོ་འདི་གནས་སྐོར་དང་ལ་བཤལ་གྱི་དོན་ལུ་ཡོངས་གྲགས་ཡོདཔ་ལས་མི་མང་ཤོས་ཀྱིས་ར་མཇལ་བར་འགྱོ་དོ་ཡོདཔ་ཨིན་པས། མཚོ་འདི་མཇལ་བ་འགྱོ་ནི་གི་དུས་ཚོད་དགའ་ཤོས་འདི་སྤྱི་ཟླ་ ༣-༡༠ པ་ཚུན་ཨིནམ་དང་ མི་མཐུན་པའི་རྐྱེན་ངན་ཚུ་མི་འབྱུང་ནི་གི་དོན་ལུ་ མཚོའི་ཉེ་འདབས་ལུ་ལྷོདཔ་ད་ འུར་སྐད་རྐྱབ་ནི་དང་གཏམ་ཁུ་འཐུང་ནི་ཚུ་ལས་འཛེམ་དགོཔ་ཨིན་མས།
རྒྱབ་རྟེན་དཔེ་ཆ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད་ ༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན།
Bhutantraveladventures.com (n.d) A newly discovered beyond the Jomolhari Trek. Bhutan
Travel adventure. Retrieved from: https://web.archive.org/web/20221014102621/https://www.bhutantraveladventures.com/jumolhari-trek-new/
Tourism.gov.bt. (n.d). Drakey Pangtsho Trek, Paro-Adventure . Retrieved from:
https://www.tourism.gov.bt/drukkora/package/drakey-pangtsho-trek-paro
Tenzin’s vlog. (2020) Drakey Pangtsho: The mountain are calling. Retrieved from: https://www.facebook.com/TenzinsVlog/posts/drakey-pangtsho-the-mountains-are-
Yuzie’s Diary (2020) Drakey Pangtsho. Retrieved from: https://yugziediary.blogspot.com/2020/11/drakgay-phangtsho.html
འབྲུག་དབང་རྒྱལ་མཆོད་རྟེན།
འབྲུག་དབང་རྒྱལ་མཆོད་རྟེན་འདི་ སྤུ་ན་ཁ་དང་ཐིམ་ཕུག་གི་ས་མཚམས་ཁར་ཡོད་པའི་གཞུང་ལམ་ཁར་ ཐོག་ཚད་མི་ཊར་ ༣༢༠༠ གི་ས་ཁར་ ས་གནས་རྡོ་ཀྱོང་ལ་ཟེར་སར་ཆགས་ཏེ་ཡོདཔ་ཨིན། ས་གནས་འདིའི་མཐའ་འཁོར་ལུ་དར་ཤིང་ཚུ་གི་བསྐོར་ཏེ་ ག་ནི་ཉམས་དགའ་ཏོག་ཏོ་སྦེ་ཡོདཔ་པའི་ཁ་ལུ་ མཆོད་རྟེན་ ༡༠༨ འདི་ཡང་རིམ་པ་གསུམ་སྦེ་བཞེངས་ཏེ་ཡོད། དེ་ཡང་ མཆོད་རྟེན་གཙོ་བོ་སྦོམ་ཅིག་ཡོད་མི་གི་མཐའ་འཁོར་ལུ་ རིམ་པ་དང་པའི་ནང་ལུ་ མཆོད་རྟེན་ ༤༥ དང་ རིམ་པ་གཉིས་པའི་ནང་ ༣༦ དེ་ལས་ རིམ་པ་གསུམ་པའི་ནང་ལུ༌ ༢༧ སྦེ་ ག་ནི་བ་མཛེས་ཏོག་ཏོ་སྦེ་ བཞེངས་ཏེ་ཡོདཔ་ཨིན། ས་གནས་འདི་ ཧེ་མ་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་ རྡོ་ཀྱོང་ལའི་བདུདམོ་དང་ ཧིང་རི་ལའི་བདུད་མོ་ སྲིན་ཅུ་ལའི་བདུདམོ་བཅས་བདུདམོ་སྤུན་གསུམ་བཏུལ་ཏེ་ མི་མཐུན་པའི་དགྲའི་ཕྱོགས་ལས་རྣམ་པར་རྒྱལ་བའི་ས་གནས་ཅིག་ཡང་ཨིནདང་། ཤུལ་ལས་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་བླམ་ཞབས་དྲུང་རིན་པོ་ཆེ་མཆོག་གིས་ མི་ཕར་དང་ཚུར་འགྲོ་འགྲུལ་འབད་མི་ཚུ་གི་དད་པའི་རྟེན་ལུ་རྡོ་གུ་ལུ་ཞབས་རྗེས་བཞག་ཡོད་རུང་ ད་རེས་ནངས་པར་ ས་གནས་འདི་ཁར་ཡོད་ཟེར་གསལ་རི་རི་སྦེ་ངོ་སྦྲགས་ཚུགས་མི་ག་ཡང་མིན་འདུག་ཟེར་ཨིན་པས། (དད་པའི་ས་བོན། ༢༠༠༨ །) ལ་འདི་ཁར་ ངག་དབང་བསྟན་འཛིན་ཞིང་ཁམས་ལུ་བྱོན་ཡོདཔ་མ་ཚད་ གྲུབ་ཐོབ་ཆེན་པོ་སྦྱིན་པ་རྒྱལ་མཚན་ཡང་ འདི་ཁ་ལས་བྱོནམ་ད་སྐུ་བསྙུང་ཡོདཔ་ལས་ གྲུབ་ཐོབ་ཆེན་པོ་གིས་ ས་གནས་འདི་ཁར་ངེ་གི་ཡབ་མེས་དམ་པ་ཞིང་ཁམས་ལུ་བྱོན་ཡོདཔ་ལས་ ང་ཡང་ནཱ་ལས་ཞིང་ཁམས་ལུ་འགྱོ་ནི་ཟེར་གསུངས་ཞིན་ན་ ཞིང་ཁམས་གཞན་ནང་གཤེགས་པའི་ཡོད་པའི་ས་གནས་རྩ་ཆེ་ཤོས་ཅིག་ཡང་ཨིན་པས།
རྡོ་ཀྱོང་གསེར་གཞོང་ཐང་དང་ རྡོ་ཀྱོང་གསེར་གྱི་གཟར་ཆུ་ཟེར་ གཉིས་ཡོད་ས་ལས་ གསེར་གཞོང་ཐང་གི་གཡས་ཧོངས་ཀྱི་སྤོ་ཏོག་གུར་ མི་དབང་རྒྱལ་བཙུན་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ རབ་བྱུང་ ༡༧ པའི་གནམ་ལོ་ཤིང་ཕོ་སྤྲལ་ལོ་ སྤྱ་ལོ་ ༢༠༠༤ ལུ་མི་དབང་མངའ་བདག་རིན་པོ་ཆེ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་དབུ་ཁྲིད་མཛད་དེ་ དྲག་ཁག་གསུམ་གྱི་དམག་མི་ཚུ་གིས་ ང་བཅས་རའི་རྒྱལ་ཁབ་ཀྱི་རང་དབང་ལུ་ཉེན་ཁ་བཀལ་མི་ རྒྱ་གར་གྱི་གཡིབ་དམག་ཚུ་མིག་འཕྲུལ་བཟུམ་སྦེ་བཏོན་བཏང་སྟེ་ འབྲུག་རྒྱལ་ཁབ་འདི་སྔར་ལས་ལྷག་སྟེ་ ཞི་བདེ་ལུ་བཀོད་པའི་རྗེས་དྲན་གྱི་རྟེན་སྦེ་ མདོ་སྡེ་ས་པའི་དགོངས་དོན་དང་མཐུན་པར་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་བརྒྱ་དང་རྩ་བརྒྱད་བཞེངས་གནང་ཞིནམ་ལས་་ རྗེ་མཁན་ཁྲི་རབས་ ༧༠ པ་སྐྱབསརྗེ་སྤྲལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བཀྲ་ཤིས་རབ་གནས་མཛད་གནང་སྟེ་ མཚན་ཡང་འབྲུག་དབང་རྒྱལ་མཆོད་རྟེན་ཟེར་བཏགས་གནང་སྟེ་ཡོདཔ་ཨིན། (དད་པའི་ས་བོན། ༢༠༠༨ །)
མཆོད་རྟེན་འདི་རབ་གནས་མཛད་པའི་སྐབས་ རྗེ་མཁན་པོ་གིས་གཙོས་གཞུང་གྲྭ་ཚང་གི་སློབ་དཔོན་ལྷན་རྒྱས་བཞི་གིས་ མི་དབང་མངའ་བདག་འབྲུག་རྒྱལ་བཞི་པ་མཆོག་ལུ་ གུས་བཏུད་ཚུ་ཕུལ་ཡོདཔ་དང་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ བཀྲ་ཤིས་མཛད་བརྒྱད་ཡང་ཕུལ་གནང་སྟེ་ཡོདཔ་ཨིན། དེའི་སྐབས་ལུ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ འབྲུག་དབང་རྒྱལ་ མཆོད་རྟེན་འདི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གཡིབ་དམག་ཚུ་རྒྱལ་ཁབ་ནང་ལས་བཏོན་གཏང་སྟེ་ རྒྱལ་ཁ་འཐོབ་ཡོད་པའི་དགའ་སྟོན་རྟེན་འབྲེལ་བརྩི་བསྲུང་ཞུ་ནི་དང་ འབྲུག་རྒྱལ་ཁབ་ནང་ལུ་ཡར་རྒྱས་དང་འགྱུར་བ་ དེ་ལས་ དགའ་སྐྱིད་ལ་སོགས་པ་ཚུ་ འབག་འོང་མི་་རྟེན་འབྲེལ་ལུ་དམིགས་ཏེ་བཞེངས་ཡོདཔ་ཨིན་ཟེར་གསུངས་ནུག། མཆོད་རྟེན་གྱི་བཟོ་རྣམ་ཚུ་ཡང་ གཞན་དང་མ་འདྲཝ་སྦེ་ཡོད་པའི་ཁར་ ས་གནས་འདི་ནང་ལུ་ མཆོད་རྟེན་དེ་ཅིག་བཞེངས་ཚུགས་མི་འདི་ཡང་ འབྲུག་མི་སྤྱི་མཐུན་གྱི་བསོད་ནམས་ལས་བརྟེན་ཏེ་ཨིན་པས། དེ་འབདཝ་ལས་ ས་གནས་འདི་ ད་རེས་ནངས་པ་འབྲུག་གི་རྒྱལ་རབས་དང་ལྡན་པའི་ས་གནས་ཅིག་ལུ་གྱུར་ཡོདཔ་མ་ཚད་ འབྲུག་མི་དང་ཕྱིའི་ལྟ་བཤལ་པ་ག་ར་གིས་ དགའ་བའི་ས་གནས་ཡོངས༌གྲགས༌ཅན་ཅིག་ལུ་གྱུར་ཡོདཔ་ཨིན།
རྒྱབ་རྟེན༌དཔེ༌དེབ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༠༨) དད༌པའི༌ས༌བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན༌ཁང༌།
raonline.ch. (n.d). Druk Wangyal Khangzang. Retrieved from:
https://www.raonline.ch/pages/bt/visin/bt_country02b.html
ཟླུམ་བརྩེགས་ལྷ་ཁང་།
༉ ཡོངས་གྲགས་ཅན་གྱི་ཟླུམ་བརྩེགས་ལྷ་ཁང་འདི་ སྤ་རོ་རྫོང་ཁག་ དོལཔ་ཤར་རི་རྒེད་འོག་གི་འོག་ལུ་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༢༢༥༠ གི་ས་ཁར་ཆགས་ཏེ་འདུག། དད་པའི་ས་ བོན་ (ས་ཕོ་ཁྱི་ལོ་ ༢༠༠༨ ཤོག་གྲངས་ ༡༠༢) ལས་ “གྱང་ས་ཟླུམ་བརྩེགས་ལྷ་ཁང་འདི་ སྤ་རོ་ཚོང་འདུས་ཁྲོམ་ལས་ རྫོང་ནང་འགྱོ་ སའི་སྣུམ་འཁོར་ལམ་བདའ་སྟེ་ ཚོང་འདུས་ཟམ་ལས་དུམ་གྲ་ཅིག་འགྱོཝ་ཅིག་ སྣུམ་འཁོར་ལམ་གྱི་ལྟག་ལུ་ཡོད།” ཟེར་བཀོད་དེ་འདུག།
དེ་ཡང་ སྔོན་དུས་རབས་ ༡༥ པའི་ནང་ལུ་ ལྕགས་བཟོ་པ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཆོག་སྤ་རོ་ལུ་བྱོནམ་ད་ སྤ་རོ་ལུང་པའི་ས་གནས་ མང་ཤོས་ཅིག་ནང་ར་ ས་བདག་དང་ཀླུ་ཚུ་གི་གནོདཔ་སྦོམ་སྦེ་ར་བཀལ་ཏེ་སྡོད་ཡོདཔ་དང་། ལྷག་པར་དུ་ ས་དང་གནམ་གྲུ་གསུམ་ཕོག་པའི་གྱང་སར་གཡུས་ཚན་ནང་ལུ་ ས་བདག་དང་ཀླུ་ཚུ་གིས་གནོད་པ་སྦོམ་ར་བཀལ་ཏེ་ཡོདཔ་ཨིནམ་གཟིགས་ཏེ་ དེའི་ཁ་གནོན་གྱི་དོན་ལུ་ ད་ལྟོ་ ཡོད་པའི་ས་གོ་འདི་ནང་ མཆོད་རྟེན་དབྱིབས་ཟླུམ་བརྩེགས་ཀྱི་རྣམ་པ་སྦེ་ཡོད་མི་ཅིག་བཞེངས་གནང་ནུག། དེ་ཁར་བཞེངས་དགོ་མི་གི་གནད་དོན་གཅིག་འདི་ སྒང་གདུག་སྦྲུལ་ནག་པོ་ཁ་མར་བལྟ་རྒྱུགཔ་ཨིན་ཟེར་བའི་ རི་གི་མཇུག་སྦལཔ་གི་ཁ་དང་ལྷ་པའི་རྣམ་པ་སྦེ་ཡོདཔ་གཟིགས་ཏེ་ འདི་རྟགས་མཚན་ངན་པ་སྦེ་གཟིགས་ཏེ་ ས་བདག་འདི་གི་གནོད་པ་ལས་བཟློག་ཐབས་ཀྱི་དོན་ལུ་བཞེངས་གནང་ནུག། ལོ་རྒྱུས་སོ་སོ་ཅིག་ལས་འབད་བ་ཅིན་ གྲུབ་ཐོབ་མཆོག་གིས་ ས་བདག་སྦལཔ་གི་གཟུགས་ལུ་མགུ་ཏོག་དགུ་འབད་མི་ཅིག་དང་ཕྱད་དེ་ ས་བདག་འདི་གིས་མི་སྡེ་ནང་ ནད་ཡམས་དང་འཁྲུག་རྩོད་ཚུ་བྱུང་བཅུག་ནིའི་ནུས་པ་ཡོདཔ་གཟིགས་མི་ལུ་བརྟེན་ཏེ་ ས་བདག་འདི་དམ་ལུ་བཏགས་ཞིནམ་ལས་ད་ལྟོ་ཡོད་སའི་ཟླུམ་བརྩེགས་ལྷ་ཁང་གི་འོག་ལུ་ བཙུགས་ཏེ་བཞག་ཡོད་པའི་ལོ་རྒྱུས་ཡང་འདུག།
ལྷ་ཁང་འདི་གི་ཟུར་ཁར་ ད་རེས་ནངས་པ་ས་བདག་འདི་གི་ཁ་དང་ལྷ་པ་ངོ་མ་སྦེ་མཇལ་དོ་ཡོདཔ་དང་ མཆོད་རྟེན་འདི་ནང་ཡོད་པའི་ས་ བདག་གི་གནས་དེ་ འབྲུག་གི་རྗེ་མཁན་ ༢༥ པ་རྗེ་ཤེས་རབ་རྒྱལ་མཚན་གྱིས་སྤོ་བཤུད་གནང་སྟེ་ ཀླུའི་འབུམ་གཏེར་བཙུགས་ཡོད་པའི་ཀླུ་འབུམ་ཚུ་ཡང་མཇལ་ནི་འདུག། གཞན་ཡང་ ད་ལྟོ་ལྷ་ཁང་ཡོད་པའི་ཟུར་ཁར་ ཧེ་མ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་མཆོག་སྒོམ་གནང་སྟེ་བཞུགས་བཞུགསཔ་ཨིན་ཟེར་བའི་སྒྲུབ་ཕུག་གཅིག་ཡོདཔ་ཨིན་རུང་ ད་རེས་ནངས་པ་མི་ཚུ་གིས་ འདི་དཔལ་ལྡན་ལྷ་མོའི་གནས་ཁང་ཨིན་ཟེར་བའི་ཡིད་ཆེས་བསྐྱེད་ནི་འདུག་ཟེར་ཨིན་པས། གནས་ཡིག་ཀུན་ཕན་ལམ་སྟོན། (གནམ་ལོ་མེད། ༢༠༡༥།)
ཧེ་མ་གྲུབ་ཐོབ་རིན་པོ་ཆེ་མཆོག་སྤ་རོ་ལུ་བྱོནམ་ད་ དེ་ཁར་མ་འོངས་པ་ལུ་ མཛེ་ནད་དང་ ནད་གཞི་གདུག་དྲགས་ཚུ་བྱུང་སྟེ་ མི་ཚུ་གི་ཚེ་སྲོག་ལུ་བར་ཆད་སྦོམ་ར་བྱུང་ནི་ཨིནམ་མཁྱེན་ཏེ་ ད་ལྟོ་ཡོད་སའི་ལྷ་ཁང་གི་ས་འདི་གི་ཕྱོགས་ བཞི་ལུ་ ས་བསླང་བའི་ཚུལ་ལུ་ཕུར་པ་རེ་བརྡབས་ཏེ་ མཆོད་རྟེན་འདི་བླ་མའི་ཞལ་བཀོད་དང་འཁྲིལ་ བླ་མའི་སློབ་མ་ཚུ་གིས་བཞེངས་ཡོདཔ་སྦེ་ཨངན་པས། དེ་ལས་ རབ་གནས་འདི་ཡང་ རྡོ་མཆོད་རྟེན་དགོན་པའི་བླམ་རྒྱལ་དབང་རྗེ་གིས་ བྱ་རྒོད་གཅིག་ལུ་སྤྲུལ་ཏེ་ ཕྱག་འབྲུ་ཚུ་གནམ་ཁར་ལས་མར་གཏོར་གནངམ་ད་ དེ་ཁའི་མི་ཚུ་གིས་ཡང་མཐོང་ཡོད་པའི་ལོ་རྒྱུས་བཤད་ནི་འདུག།
ལྷ་ཁང་འདི་ཐོག་གསུམ་སྦེ་ཡོདཔ་དང་ དེ་ནང་རྡོ་རྗེ་འཆང་། རྗེ་བཙུན་མི་ལ་རས་པ། སངས་རྒྱས་བཅོམ་ལྡན་འདས་དང་ གཞན་ལྷ་ཚོགས་ སོ་སོ་ཚུ་གི་སྐུ་འདྲ་ཚུ་མཇལ་ནི་ཡོད་པའི་ཁར་ དུས་རབས་ ༡༩ གི་ནང་ལས་ར་ཡོད་པའི་ལྡེབས་རིས་ཚུ་ཡང་མཇལ་ནི་འདུག། དེ་ལས་ ལྷ་ཁང་གི་མཐའ་བསྐོར་ལུ་ མ་ཎི་ལག་འཁོར་ ༡༠༨ བཞེངས་ཏེ་ཡོདཔ་དང་ ས་གནས་དེ་ཁའི་རྒན་རྒས་ཚུ་ དུས་རྒྱུན་ཆད་མེད་པར་མཆོད་རྟེན་འདི་བསྐོར་ར་རྐྱབ་སྟེ་སྡོད་སར་མཐོངམ་ཨིན། མི་ཚུ་གིས་ ལྷ་ཁང་འདི་མང་ཆེ་བ་ཅིག་ ཚེ་འདས་ཀྱི་དོན་ལུ་དགེཝ་དགེ་རྩ་ཚུ་གཏང་སའི་ལྷ་ཁང་ཅིག་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་མས།
མདོར་བསྡུ་བ་ཅིན་ ལྷ་ཁང་འདི་གྲུབ་ཐོབ་ཐང་སྟོང་རྒྱལཔོ་མཆོག་གིས་ ས་བདག་དང་ཀླུ་ཚུ་གི་འཇིགས་པ་ལས་སྐྱོབ་ནིའི་དོན་ལུ་ བཞེངས་ གནང་གནངམ་ཨིནམ་དང་ དད་ཅན་གྱི་མི་སེར་ཡོངས་དང་ཕྱི་རྒྱལ་གྱི་ལྟ་བཤལཔ་ཚུ་གིས་ སྤ་རོ་ལུ་བྱོན་ད་ངེས་པར་དུ་མཇལ་མི་ལྷ་ཁང་རྩ་ཅན་ཅིག་ཨིན་པས།
རྒྱབ་རྟེན་དཔེ་ཐོ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་བསྐྲུན་ཁང་།
ཕན་བདེ་ལེགས་བཤད་དབང་ཕྱུག། (གནམ་ལོ་མེད། ༢༠༡༥) གནས་ཡིག་ཀུན་ཕན་ལམ་སྟོན། ཐིམ་ཕུག། ཅ་རྙིངང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།
Asian Historical Architecture. (2021). Jangsa Dumtseg Lhakhang. Retrieved from https://www.orientalarchitecture.com/sid/1548/bhutan/paro/jangtsa-dumtseg-lhakhang
Holidify. (n.d.). Jangtsa Dumtseg Lhakhang. Retrieved from https://www.holidify.com/places/paro/jangtsa-dumtseg-lhakhang-sightseeing-1257602.html
དུང་ཆེན་སྨན་ཆུ།
༉ དུང་ཆེན་སྨན་ཆུ་འདི་ དར་དཀར་ན་རྫོང་གི་གཡོན་ཁ་ཐུག་ལས་ ནགས་ཚལ་ནང་ལས་མར་བབས་ཏེ་འགྱོཝ་ད་ དུས་ཡུན་སྐར་མ་ ༤༠ དེ་ཅིག་གི་ས་ཁར་ཆགས་ཡོདཔ་དང་ དེ་ཡང་རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༡༣༠༠ དེ་ཅིག་ཁར་ཨིན་པས། (དད་པའི་ས་བོན། གནམ་ལོ་མེད། ༢༠༡༥) དུང་ཆེན་སྨན་ཆུ་ཟེར་སླབ་དགོ་མི་འདི་ཡང་ ཧེ་མ་གནས་འདི་ཁ་ལས་དུང་ཆེན་ཅིག་རང་གཏེར་སྦེ་བྱོན་ཏེ་ དུང་ཆེན་སྨན་ཆུའི་གདོང་གཏད་ལུ་ཡོད་པའི་བདེ་སྐྱིད་གླིང་ལྷ་ཁང་ལུ་བལྟ་སྟེ་འཕུར་བྱོན་ནུག། དུང་ཐོན་སའི་བྱག་གི་དོང་ནང་ ཆུ་སྦོམ་ཚད་རན་ཏོག་ཏོ་ཅིག་ཐོན་མི་དེ་གིས་ ཁ་ལུ་འཐུང་སྟེ་གཟུགས་འཁྱུཝ་ལ་སོགས་པ་འབདཝ་ད་ ནད་རིགས་མ་འདྲཝ་ཚུ་ལས་དྲག་ཚུགས་པའི་ནུས་པ་ཡོདཔ་ལས་ དུང་ཆེན་སྨན་ཆུ་ཟེར་ཡོངས་གྲགས་སོང་ཡོདཔ་སྦེ་ཨིན་པས། (གནས་ཡིག་ཀུན་ཕན་ལམ་སྟོན།གནམ་ལོ་མེད། ༢༠༡༣ །)
དུང་ཆེན་གཏེར་བྱོན་ས་འདི་ བྱག་གི་སྐེད་པ་ལས་ཨིནམ་དང་ དོང་འདི་རིང་ཚད་ཡང་མི་ཊར་ ༨ ལྷག་ཙམ་ཅིག་འོང་ནི་ཨིན་མས། དོང་གི་དབྱིབས་ཡང་ དུང་གི་བཟོ་དབྱིབས་བཟུམ་སྦེ་ཐད་སྒོར་སྒོར་ཡོདཔ་དང་ ད་རུང་ལོགས་ཅིག་ཁ་ལས་ དུང་ཆེན་ཡ་གཅིགཔོ་དེ་ཡང་ གཏེར་འབྱོན་ནི་འབདཝ་ད་གནམ་ལངས་ཏེ་ བྱོན་མ་ཚུགས་པར་ལུས་སོངཔ་ལས་ མ་འོངས་པའི་ནང་ལོག་སྟེ་གཏེར་བྱོན་འོང་ཟེར་བཤད་སྲོལ་འདུག།
དུང་ཆེན་འདི་ ལུང་བསྟན་དང་འཁྲིལ་ཏེ་ ཉི་གདུགས་ཁ་བདེ་སྐྱིད་གླིང་དགོན་པ་ལུ་འཕུར་བྱོན་ཡོད་མི་དེ་ཡང་ དགོན་པ་འདི་ནང་ དྲོ་པ་ཚར་གཅིག་དཀོན་གཉེར་ཡོན་ཆབ་ཕུལ་བར་འགྱོཝ་ད་ དགོན་པའི་སྒོ་ཅུང་གི་རྩ་བར་མཆོད་དྲིལ་ཡོད་སར་ དུང་ཡ་ཅིག་འབད་མི་ཅིག་ བཀལ་བཞག་ཡོདཔ་མཐོང་ཡོདཔ་སྦེ་ཨིན་པས། དཀོན་གཉེར་འདི་ ཡ་མཚན་ཆེ་སྟེ་དར་གྱིས་དྲིལ་སྦེ་ མཆོད་བཤམས་ནང་གདན་འདྲེན་ཞུ་ཞིན་ན་ ཕྱག་དང་མཆོད་པ་ཕུལ་སྦེ་བཞག་ཡོདཔ་སྦེ་ཨིན་པས། ཧེ་མ་འབད་བ་ཅིན་ལོ་བསྟར་བཞིན་དུ་གནང་སྲོལ་ཡོད་པའི་ཚེས་བཅུ་དུས་མཆོད་སྐབས་ ཉི་གདུགས་ཁའི་ཁྱིམ་གུང་རེ་རེ་བཞིན་གྱི་ནང་ལུ་ བསུ་བ་སེར་སྦྲེང་དང་བཅསཔ་སྦེ་དུང་ཆེན་འདི་གདན་འདྲེན་ཞུ་ཏེ་ རང་སོའི་ཁྱིམ་ནང་མར་ཆང་དང་གསེར་སྐྱེམས་ཕུལ་ཚར་བའི་ ཤུལ་ལས་དུང་ཆེན་ཚར་རེ་འཕུ་ནིའི་སྲོལ་སྡོད་ནུག། ཨིན་རུང་ ཤུལ་ལས་སྤྱི་ཞིང་དགོན་པའི་བླམ་གིས་དུང་ཆེན་དེ་ སྤྱི་ཞིང་དགོན་པ་ལུ་བསྣམས་བྱོན་ཡོདཔ་ལས་བརྟེན་དུང་ཆེན་འདི་གི་མཐུ་དང་ནུས་པ་གིས་སྦེ་ སྤྱི་ཞིང་དགོན་པའི་ཆོསཔ་ཚུ་ དུང་འཕུ་ནི་ལུ་མཁས་དྲགས་ཡོདཔ་སྦེ་ཨིན་པས། (དད་པའི་ས་བོན། གནམ་ལོ་མེད། ༢༠༡༥ །)
དུང་ཆེན་གཏེར་བྱོན་སའི་བྱག་དོང་ནང་ལས་ གནམ་བྱཱར་དགུན་མེད་པར་ འབབ་མི་གྲུབ་ཆུ་འདི་གིས་གཟུགས་འཁྱུཝ་ལ་སོགས་པ་ཚུ་འབད་བ་ཅིན་ ནད་རིགས་བཀག་ནིའི་ཕན་པ་ཡོདཔ་སྦེ་ཧ་གོ་མི་ཚུ་གིས་སྨན་ཆུ་སྦང་པར་འོང་ནི་ཡོདཔ་ལས་ ཧེ་མ་ཡོད་པའི་སྨན་ཆུ་སྦང་ས་ལུ་ སྤྱི་ལོ་ ༢༠༡༡ ལུ་སྲོལ་འཛིན་ལས་ཁུངས་སྔར་ཁྱུན་བཟོ་རིག་སྡེ་ཚན་གྱིས་ ཤིང་གི་ཝ་སྒྲོམ་ཅིག་ཡང་བསྒྲིགས་བཞག་སྟེ་ཡོདཔ་ཨིན། ཆོས་སྐྱིད་དབང་མོ་ (གནམ་ལོ་མེད། ༢༠༢༢) གིས་བསྡུ་སྒྲིག་འབད་དེ་ཡོད་མི་སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༠༨ ལུ་ གཟུགས་འཁྱུ་སའི་ཝ་དང་ གོ་ལ་སོར་ནིའི་ཁང་མིག་ ཆབ་གསང་གི་མཐུན་རྐྱེན་ཚུ་ག་ར་བཙུགས་ཡོདཔ་མ་ཚད་ སྣུམ་འཁོར་ལམ་ཡང་ལྷོད་ནི་དེ་གིས་ སྨན་ཆུ་སྦང་པར་འོང་མིའི་གྱངས་ཁ་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིནཔས།
རྒྱབ་རྟེན་དཔེ་ཐོ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༥) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་བསྐྲུན་ཁང་།
སངས་རྒྱས་དོན་གྲུབ། (གནམ་ལོ་མེད། ༢༠༡༤) གནས་ཡིག་ཀུན་ཕན་ལམ་སྟོན། སྲོལ་འཛིན་ལས་ཁུངས་ཅ་རྙིང་འཛིན་སྐྱོང་སྡེ་ཚན། ཐིམ་ཕུག།
Wangmo, C. (2022). Dungchen Menchu.. Retrieved from:: https://www.google.com/interstitial?url=https://kuenselonline.com/dungchen-menchhu/
དུང་མཚོ།
ཐིམ་ཕུག་རྫོང་ཁག་ནང་ཡོད་པའི་དུང་མཚོ་འདི་རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༤༢༨༦ ལུ་ཆགས་ཏེ་ཡོདཔ་ཨིན་པས། མཚོ་འདི་བྱག་ཅིག་གི་རྐེད་པར་བཀྱག་གཡུ་བཟུམ་ཧོ་དིང་དིང་སྦེ་ ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་ཡོདཔ་ཨིན། མཚོ་འདི་ཕ་ཇོ་སྡིངས་ལས་ཁ་ཡར་བལྟ་ཏེ་དུས་ཡུན་ཆུ་ཚོད་བཞི་དེམ་ཅིག་འགྱོཝ་ད་ལུ་ལྷོད་ཚུགསཔ་ཨིན། ལམ་འགྱོ་ཚུགས་མི་གིས་ཕ་ཇོ་སྡིངས་ལས་དྲོ་པ་ཧ་སག་སོང་ཞིན་ན་ཕྱི་རུ་མར་ལོག་ལྷོད་ཚུགས་པའི་ཉིནམ་གཅིག་གི་ས་ཁར་ཡོདཔ་དང་ ལམ་འགྱོ་མ་ཚུགས་མི་ཨིན་པ་ཅིན་ ཐུགས་རྗེས་བྲག་ལུ་ཞག་གཅིག་སྡོད་དེ་ དེ་གི་ནངས་པ་མཚོ་མཇལ་བར་འགྱོ་བ་ཅིན་ཉིནམ་གཉིས་འགོརཝ་ཨིན་པས།
མཚོ་དེ་ཁར་འགྱོ་དགོ་པ་ཅིན་ ཕ་ཇོ་སྡིངས་ལས་དུས་ཡུན་སྐར་མ་ ༤༥ དེ་ཅིག་འགྱོཝ་ད་ཐུགས་རྗེ་བྲག་ལུ་ལྷོདཔ་ཨིནམ་དང་ ཐུགས་རྗེ་བྲག་ལས་ཡར་དུས་ཡུན་ཆུ་ཚོད་ ༣-༤ དེམ་ཅིག་གི་རིང་ལུ་ ལ་དག་པ་ཅིག་བརྒལ་འགྱོཝ་ད་དུང་མཚོ་ལུ་ལྷོད་ཚུགསཔ་ཨིན་པས། དུང་མཚོ་ལུ་འགྱོ་སའི་ལམ་བདའ་སྟེ་མཚོ་ཆུང་ཀུ་ལེ་ཤ་རང་མཇལ་ནི་ཡོད་མི་ཚུ་ཡང་དང་པ་ར་ གཙིབ་མཚོ་འདི་མཇལཝ་ཨིན་མས། དེ་ལས་ཨེ་ཏོ་མེ་ཏོག་ཤིང་གི་སྦུག་ལས་ཡར་འགྱོཝ་ད་ སིམ་ཀོ་ཀྲི་མཚོ་དང་རྒྱ་ཉ་མཚོ་ཚུ་མཇལ་ཚུགས། རྒྱ་ཉ་མཚོ་ལས་ དུས་ཡུན་སྐར་མ་ ༣༠-༤༥ དེམ་ཅིག་འགྱོཝ་ད་ དུང་མཚོ་ཤ་མ་ཟེར་ས་ལྷོདཔ་ཨིནམ་དང་། དུང་མཚོ་ཤ་མ་ལས་ཨ་ཙི་ཅིག་ཡར་འགྱོཝ་ད་ ག་ནི་བ་གཞི་བརྙིད་ཆེ་བའི་དུང་མཚོ་ལུ་ལྷོདཔ་ཨིན་པས།
མཚོ་འདི་ནང་དུང་དཀར་ཕོ་མོ་གཉིས་ཡོདཔ་ལས་བརྟེན་ཏེ་ མཚོའི་མིང་ཡང་དུང་མཚོ་ཟེར་སླབ་པའི་ར་ཁུངས་བཤད་ནི་འདུག། ངག་རྒྱུན་ལུ་ ཧེ་མ་གངས་ཁྲོད་རི་ཁྲོད་འགྱིམས་ཏེ་བཞུགས་མི་གྲུབ་ཐོབ་གྲྭ་རྒས་ཤོང་མཚོ་འདི་གི་སྦོ་ལོགས་ཁར་སྒྲུབ་པ་གནང་སྟེ་བཞུགསཔ་ད་ ཁོ་གིས་མཚོ་འདི་ནང་དུང་དཀར་ཕོ་མོ་གཉིས་ཡོདཔ་མངོན་སུམ་དུ་མཐོང་པའི་ལོ་རྒྱུས་བཤད་ནི་འདུག། མཚོ་འདི་གི་སྦོ་ལོགས་ཁར་ གྲུབ་ཐོབ་ཀྱི་སྒྲུབ་ཁང་གི་རྩིག་ཤུལ་ཡོད་ཟེར་ཡང་བཤད་ནི་འདུག།
ཟླཝ་གཅིག་ནང་ཕྱིའི་ལྟ་བཤལཔ་དང་ནང་འཁོད་ཀྱི་ལྟ་བཤལཔ་མཚོ་མཇལ་མི་ ཡོངས་བསྡོམས་ཀྱི་ ༨༠-༡༢༠ གི་བར་ནང་འོང་དོ་ཡོདཔ་མས། དེ་གི་ནང་ལས་ཡང་ མང་ཤོས་ར་བདུན་ཕྲག་ངལ་གསོའི་སྐབས་ལུ་ན་གཞོན་ཕོ་མོ་ཚུ་འོང་དོ་ཡོདཔ་ཨིན་མས། མི་མང་ཤོས་ཀྱི་ར་མཚོ་འདི་ཞི་བདེ་དང་སྤྲོ་གསེང་གི་དོན་ལུ་མཇལ་བར་འགྱོ་དོ་ཡོདཔ་དང་། མཚོ་མཇལ་བར་འགྱོ་ནི་གི་དུས་ཚོད་དགའ་ཤོས་འདི་ གནམ་སེར་ཁ་དང་སོ་ཁ་ལུ་ཨིན་མས། གནམ་དགུན་ལུ་མཇལ་བ་འགྱོ་བ་ཅིན་ ས་ཁ་མཐོ་སར་འབད་ནི་འདི་གིས་ ཁཝ་གིས་སྦེ་གནམ་མེད་ས་མེད་གྱངས་ཏེ་ལཱ་ཁག་རྐྱབ་ཨིན་རུང་ མཚོ་དེ་ཁ་ར་ལྷོད་ཚུགས་པ་ཅིན་ མཚོ་འདི་ཁཝ་གི་སྦུག་ལུ་མཛེས་ཏོག་ཏོ་སྦེ་མཇལ་ཚུགསཔ་ཨིནཔས།
རྒྱབ་རྟེན་དཔེ་ཆ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད་ ༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན།
Bussiness Bhutan.bt. (2020) Dungtsho being polluted by Visitors. business Bhutan. Retrieved from: https://businessbhutan.bt/dungtsho-being-polluted-by-visitors/
Deki Tshomo. (2020) Trip to Phajodhing , Thimphu. Retrieved from: https://odysseywithtshomo.blogspot.com/2020/06/trip-to-dungtsho-phajoding-
Heavenly Bhutan Travel. (n.d). Dungtsho Lake, Phajodhing. Retrieved from: https://www.facebook.com/HeavenlyBhutan/posts/3033685080072868/
Tour travel world.com. (n.d) Dungtsho trek to Mythical landmark tour. Retrieved from: https://www.tourtravelworld.com/packages/dungtsho-trekto-mythical-landmark-tour-
Travel Madness. (n.d). To Dungtsho: the lake amidst clouds. Retrieved from: https://web.archive.org/web/20221014102618/https://travelmadness.travel/travel-blog/to-dungtsho-the-lake-amidst-clouds/
འདུན་མང་ཚ༌ཆུའི༌སྐོར།
ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་སྨན་ལྗོངས་འབྲུག་ཡུལ་འདི་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ རྟ་རྨིག་ཙམ་ཡང་མ་ལུས་པ་ཞབས་ཀྱིས་བཅགས་ཏེ་ སྦས་གནས་ཁྱད་འཕགས་ཅན་ཅིག་ལུ་ བྱིན་གྱིས་རླབས་གནང་ནུག། དེ་གིས་སྦེ་ ད་རེས་ནང་པ་ཡང་འབྲུག་རྒྱལ་ཁབ་ནང་ ཡ་མཚན་ཆེ་བའི་གནས་གྱངས་ཁ་མེདཔ་ཅིག་མཇལ་ནི་ཡོད། དེ་ཚུ་གི་གྲས་ལས་ ཅིག་འདི་ཁེེངས་འདུན་མང་ཚ་ཆུ་འདི་ ཨིནམ་དང་ དེ་ཡང་ རྒྱ་མཚོའི་མཐའ་མ་ལས་མཐོ་ཚད་མི་ཊར་ ༣༡༥ དེ་ཅིག་ལུ་ཆགསཏེ་ཡོདཔ་ཨིན། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༡༤) ངག་རྒྱུན་ལས་ ས་གནས་ཁེངས་རིགས་རྣམ་གསུམ་འདི་ དུས་རབས་བརྒྱད་པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་ལྷ་ལྕམ་ཡེ་ཤེས་མཚོ་རྒྱལ་གཉིས་ ཀྱིས་ཁེངས་མདུན་མང་ལུ་ཞབས་ཀྱིས་བཅགས་པའི་ཤུལ་ལས་ ཚ་ཆུ་འདི་ཕན་ཡོན་ཅན་ཅིག་སྦེབྱིན་གྱིས་རླབས་གནང་གནངམ་ཨིན་ཟེར་ བཤད་སྲོལ་འདུག།
སླབ་སྲོལ་སོ་སོ་ཅིག་ལས་འབད་བ་ཅིན་ དུས་རབས་བརྒྱད་པའི་ནང་ ཁེངས་འདུན་མང་ལས་ཤ་རོགཔ་ཅིག་ཀ་ཤ་བདའ་བར་འགྱོ་བའི་བསྒང་ ས་གནས་སྐྱིད་པ་ལུང་གསན་གྱི་ས་གོ་ནང་ལྷོདཔ་ད་ ཀ་ཤ་ཅིག་མཐོང་སྟེ་ དུག་མདའ་ཀ་ཤ་གུར་འཕངས་ཏེ་ ཀ་ཤ་ལུ་ཕོག་པའི་ཤུལ་ ཀ་ཤ་འདི་ཁ་སྨད་ལུ་ལྟ་སྟེ་མགྱོགས་འགྱོ་བའི་རྟིང་ཤུལ་བདའ་སྟེ་ཤ་རོགཔ་འདི་ཡང་འགྱོ་ནུག། དེ་བསྒང་ དུག་མདའ་ཕོག་ཡོད་པའི་ཀ་ཤ་འདི་ ད་ལྟོ་ཚ་ཆུ་ཆགས་ཡོད་པའི་ ས་གནས་འདི་ཁར་ཤི་ཡོདཔ་ལས་ ལྟ་བར་འགྱོ་བའི་བསྒང་དུ་པ་འཐོན་སར་མཐོང་སྟེ་ ག་ཅི་ཨིན་ན་ཟེར་རྣམ་རྟོག་ལངས་ཏེ་ལྟཝ་ད་ ཚ་ཆུ་འདི་ཡོདཔ་སྦེམཐོང་ནུག། ཨིན་རུང་ འདུན་མང་གི་མི་སེར་ཚུ་གི་བཤད་མི་ནང་ ཁོང་ཚུ་གི་ཁུངས་གཏུགས་འབད་ཚུགས་མི་འདི་ དུས་རབས་ ༨ པའི་ནང་ སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་བྱོན་མི་འདི་ར་ཨིན་ཟེར་ཨིན་མས། ས་གནས་འདི་ཁར་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་ལྷ་ལྕམ་ཡེ་ཤེས་ཚོགས་རྒྱལ་གྱི་བྷ་གདང་གུ་རུ་རིན་པོ་ཆེ་གི་དབུ་ཞྭ་ཚུ་ ད་ལྟོའི་བར་ན་ཡང་ མངོན་སུམ་དུ་མཇལ་ནི་ཡོདཔ་ཨིན།
ཚ་ཆུ་གིས་མ་དོ་བར་ བྱག་གི་རྐེད་པ་བྱག་ཕུག་སྒོ་མེད་མི་ནང་ གུ་རུ་རིན་པོ་ཆེ་སྒོམ་ཉམས་ལེན་གནང་སའི་བྱག་ཕུག་སྦོམ་གཅིག་དང་ བྱག་ཕུག་འདི་གི་གཡས་ཁ་ཐུག་ རིང་ཚད་མི་ཊར་ ༤༠ དེམ་ཅིག་གི་ས་ཁར་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཉམས་ལེན་གནང་སའི་བྱག་ཕུག་སྦོམ་ཅིག་ཡང་མཇལ་ནི་ཡོདཔ་ཨིན།
གནས་ཡིག་ཀུན་ཕན་ལམ་སྟོན (གནམ་ལོ་མེད། ༢༠༡༤ ཤོག་གྲངས་ ༡༥༢) ནང་ “གཡས་ཤར་ཕོ་ཆུ་དང་གཡོན་བྱང་མོ་ཆུ་ དེ་ལས་གྱིབ་ཀྱི་དུང་ཅུང་ནང་ལས་འཐེན་མི་རྩིཝ་ད་རྐ་གསུམ་ཡོདཔ་ཨིན་མས།” ཟེར་བཀོད་ཡོདཔ་ལས་ ཚ་ཆུ་འཐོན་སའི་རྐ་མ་འདྲཝ་ ཡོངས་སྡོམས་ཀྱིས་གསུམ་ཡོདཔ་ཨིན་པས། ཚ་ཆུ་སྦང་ནི་གི་དོན་ལུ་་རྩི་ས་དང་ཤིང་གིས་བཟོ་བའི་ ཆུ་རྫིང་བཞི་ཡོདཔ་ཨིན། རྫིང་དང་པ་གི་དྲོད་ཚད་འདི་ ཌིག་རི་སེལ་ཤི་ཡཱསི་ ༤༣ ཡོདཔ་དང་ འདི་གིས་ བད་ཀན་དང་གྲང་བའི་ནང་ཚུ་ལུ་ཕནམ་ཨིན་པས། རྫིང་གཉིས་པའི་དྲོད་ཚད་འདི་ ཌིག་རི་སེལ་ཤི་ཡཱསི་ ༤༨ ཨིནམ་དང་ འདི་གིས་ ཕོ་བ་སྨུག་པོའི་ནད་དང་ དུག་ནད་ཚུ་ལུ་ཕནམ་ཨིན་པས། དེ་ལས་ རྫིང་གསུམ་པ་དང་བཞིན་པའི་དྲོད་ཚད་འདི་ ཌིག་རི་སེལ་ཤི་ཡཱསི་ ༥༡ དང་ ༥༢ ཡོདཔ་ཨིནམ་དང་ འདི་གིས་འབད་བ་ཅིན་ མགུ་ནད་ མཁྲིས་པའི་ནད་ པགས་ནད་དང་རྩ་དཀར་ནད་ཚུ་ལུ་ཕནམ་ཨིན་པས། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༡༤)
འདུན་མང་ཚ་ཆུ་འདི་ ཏིང་ཏི་སྦིས་ལས་ རིན་དི་སྒང་འགྱོ་སའི་པཱར་གླིང་འཁོར་ལམ་ལས་ ཁ་མར་བལྟ་སྟེ་ ཆུ་ཚོད་ ༡ དང་སྐར་མ་ ༣༠ དེ་ཅིག་ས་ཁར་ཆགས་ཏེ་ཡོདཔ་དང་། ཚ་ཆུ་དེ་ཁར་ ལོ་ཨ་རྟག་ར་འབྲུག་པའི་མི་སེར་དང་ ཕྱི་རྒྱལ་ཁབ་ལས་བྱོན་མི་ལྟ་བཤལ་པ་ཚུ་ཚ་ཆུ་སྦང་པར་བྱོན་ནི་ཡོདཔ་ཨིན་པས། ཚ་ཆུ་སྦང་པ་བྱོན་པ་ཅིན་ དགའ་ཤོས་ར་འབྲུག་ཟླ་ ༡༠ ༡༡ ༡༢ དང་ ༡ པའི་ནང་ལུ་ཨིནམ་སྦེ་བཀོད་དེ་འདུག། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༡༤) ཚ་ཆུ་དེ་གིས་སྦེ་ འདུན་མང་གི་མི་སེར་དང་ཉེ་འདབས་ལུ་ཡོད་པའི་གཡུས་ཁའི་མི་སེར་ཚུ་ལུ་དངུལ་གི་ཁེ་ཕན་དང་ མི་སྡེ་གོང་འཕེལ་ལས་སྣ་ཚུ་ནང་ལུ་ཁེ་ཕན་སྦོམ་ར་བྱུང་སྟེ་འདུག།
རྒྱབ་རྟེན་དཔེ་ཆ།
སངས་རྒྱས་དོན་གྲུབ། (གནམ་ལོ་མེད། ༢༠༡༤) གནས་ཡིག་ཀུན་ཕད་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས། འོད་ཟེར་པར་སྐྲུན་ཁང་།
Sangay Thinley (2018) Duenmang Tshachu/Duenmang Hot spring.
Nima Wangdi (2016) Duemang Tshachu Gets Facelift https://kuenselonline.com/duenmang-tshachu-gets-facelift/
རྫོང་བྲག་ཁ་གནས།
༉ རྫོང་བྲག་ཁ་གནས་འདི་ སྤ་རོ་རྫོང་ཁག་ ཝང་ཅང་རྒེད་འོག་གི་མངའ་འོག་ལུ་ཆགས་ཏེ་ཡོད་པའི་ གུ་རུ་རིན་པོ་ཆེའི་གནས་རྩ་ཅན་ཅིག་ཨིན་པས། གནས་དེ་ཁར་འགྱོ་སའི་ལམ་ཡང་ འུ་ཆུ་སློབ་གྲྭ་ལས་ཡར་ཧཱ་ལུ་འགྱོ་སའི་སྣུམ་འཁོར་ལམ་བདའ་སྟེ་སོང་ཞིན་ན་ སྤོ་ཏོག་གུར་ལྷོདཔ་ཅིག་ ལམ་གཡོན་ཧོངས་ཀྱི་སྣུམ་འཁོར་གསེབ་ལམ་བདའ་སྟེ་འགྱོ་ནི་གཅིག་དང་ འབངས་སྡེ་ལྷ་ཁང་གི་རྒྱབ་ཁ་ལས་ཡར་དགྱེསཔ་བྱ་ནང་ཟེར་ས་ལས་བརྒྱུད་དེ་འགྱོ་ནི་གཅིག་སྦེ་ལམ་ཁག་གཉིས་ཡོདཔ་ཨིན་པས།(དད་པའི་ས་བོན། ༢༠༠༨) རྫོང་བྲག་ཁགནས་འདི་བྱག་གི་སྐེད་པར་ ཡ་མཚན་ཆེ་ཏོག་ཏོ་སྦེ་ཆགས་ཏེ་ཡོདཔ་ལས་ སྤ་རོ་སྟག་ཚང་གཉིས་པ་ཟེར་ཡང་སླབ་ནི་འདུག། གནས་འདི་ཁ་ལས་ གདོང་དཀར་ལ། བེམ་རི། ཆུ་བྱག་རྫོང་། ཨྱོན་བྲག། འཕུར་རྡོ་དགོན་པ། གནས་ཕུ་དགོན་པ། ལ་སྟེང་དགོན་པ་དང་ གཡུས་ལྟག་དགོན་པ་ཚུ་མཇལ་ནི་འདུག།
དེ་ཡང་ ཧེ་མ་དུས་རབས་ ༡༤ པའི་ནང་ལུ་ གནས་རྙིང་པའི་བླམ་ཀ་བཞི་རིན་ཆེན་བསམ་གཏན་དཔལ་བཟང་ལུ་ མཁའ་འགྲོམ་གཅིག་གིས་བླམ་མཆོག་ མོན་ཡུལ་ལུ་ཡོད་པའི་གཞུང་ཕུང་ཟེར་སའི་ས་གནས་འདི་ཁར་ ཨྱོན་གུ་རུ་རིན་པོ་ཆེའི་གཏེར་ཚུ་སྦ་བཞག་སྟེ་ཡོདཔ་ལས་ གཏེར་བཞེས་པར་བྱོན་དགོ་པའི་ལུང་བསྟན་གནངམ་ལས་ བླམ་ཁོ་རའི་ལུང་བསྟན་འདི་ དད་ཅན་གྱི་སློབ་མ་གྲུབ་ཐོབ་མགོན་པོ་རྡོ་རྗེ་ལུ་བཤད་གནང་སྟེ་ གྲུབ་ཐོབ་མཆོག་གཏེར་བཏོན་པར་བཏང་སྟེ་གནས་སྒོ་ཕྱེས་ཡོདཔ་སྦེ་ཨིན་པས། གཏེར་བཏོན་སའི་ས་གནས་འདི་ཁར་བྱོན་པའི་བྱོན་ལམ་ཁར་ ག་ཏེ་ལས་བྱོན་ནི་ཨིན་ན་མ་མཁྱེན་པར་སྡོད་པའི་སྐབས་ལུ་ འམོ་གཅིག་འོངས་ཏེ་འམ་འདི་གིས་ལམ་སྟོན་བྱིན་ཏེ་ ད་ལྟོ་ཆགས་ཏེ་ཡོད་སའི་ལྷ་ཁང་དེ་ཁར་ལྷོད་ཡོད་པའི་ལོ་རྒྱུས་འདུག། (སྤ་རོ་རྫོང་ཁག། ༢༠༠༨།)
གྲུབ་ཐོབ་མཆོག་ས་གནས་འདི་ཁར་ཕེབས་པའི་ཤུལ་ལུ་ རྫོང་བྲག་གནས་སྒོའི་དཀྱིལ་འཁོར་གྱི་ཞལ་ཕྱེ་ཞིནམ་ལས་ ཤེལ་གྱི་མཆོད་རྟེན་ དང་སངས་རྒྱས་ཀྱི་རིང་བསྲེལ་ཚུ་ཡང་གཏེར་བཞེས་ཏེ་ གནས་འདི་གི་རི་སེངྒེ་འགྱིང་སྟབས་བཏོན་ཏེ་སྡོད་ཡོདཔ་བཟུམ་ཡོད་མི་ནང་ལུ་ ས་སྤག་ཅུང་གི་མཆོད་རྟེན་གཅིག་ཡང་བཞེངས་ཏེ་ གདན་ས་བཅགས་གནང་ཞིནམ་ལས་ ཁོ་ར་སྐུ་ཚེ་ག་ར་རྫོང་བྲག་ཁ་ལུ་བཞུགས་པའི་ཤུལ་ལུ་ དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་ཡོདཔ་ཨིན་མས། ཤུལ་ལས་ ཁོ་རའི་སྤྲུལ་སྐུ་ཚུ་རིན་པར་བྱོན་ཏེ་ རྫོང་བྲག་ཆོས་རྗེ་ཟེར་མི་ཅིག་དར་ཏེ་ ཆོས་རྗེ་འདི་ཚུ་གིས་ ས་གནས་དེ་ཚུ་གི་སྦོ་ལོགས་ཁ་ལས་ཕར་ལྷ་ཁང་དང་དགོན་སྡེ་ཚུ་ཡང་བཞེངས་ཏེ་འདུག།
དགོན་པ་དེ་ཁར་ གྱང་གསར་ཆོས་རྗེ་ལྷ་ཁང་། ཚེ་རིང་མའི་ལྷ་ཁང་། གུ་རུ་ལྷ་ཁང་དང་ མཆོད་རྟེན་ལྷ་ཁང་བཅས་ ལྷ་ཁང་བཞི་མཇལ་ནི་འདུག། གུ་རུ་ལྷ་ཁང་འདི་ བླམ་གནས་བརྟན་བྱང་ཆུབ་བཟང་པོ་གིས་བཞེངས་ཡོདཔ་དང་། ཚེ་རིང་མ་ལྷ་ཁང་འདི་ བླམ་རབ་བརྟན་དང་བླམ་འཕང་མཚོ་གཉིས་ཀྱིས་བཞེངས་ཡོདཔ་ཨིན་མས། མཆོད་རྟེན་ལྷ་ཁང་འདི་ ལོ་བསྟར་བཞིན་དུ་ སྤ་རོ་ཚེས་བཅུ་དང་འབྲེལ་ཏེ་ ཟླཝ་གཉིས་པའི་ཚེས་བརྒྱད་དང་བཅུ་དྲུག་ལུ་རྐྱངམ་གཅིག་མཇལ་ཁ་གནང་དོ་ཡོདཔ་ཨིན་མས། དེ་ནང་ མཆོད་རྟེན་གཅིག་ཡོད་མི་དེ་ནང་ལུ་ གྲུབ་ཐོབ་མཆོག་གིས་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གཏེར་བཞེས་ཡོད་མི་འདི་ ནང་རྟེན་སྦེ་ཡོདཔ་དང་། དུས་བཟང་ཚུ་གི་སྐབས་ མཆོད་རྟེན་འདི་ལུ་སྨོན་ལམ་བཏབ་པའི་སྐབས་ ནང་རྟེན་འདི་སྤར་དོ་ཡོདཔ་ལས་ མཚན་ཡང་མཆོད་རྟེན་དཀར་མོ་འགུལ་ཤེས་ཟེར་སླབ་ཨིན་པས། གཞན་ཡང་ གུ་རུ་ལྷ་ཁང་ནང་ ནང་རྟེན་གུ་རུ་མཚན་བརྒྱད་དང་མཁའ་འགྲོ་མ་ཚུ་གི་སྐུ་འདྲ་དང་ ཚེ་རིང་མའི་ལྷ་ཁང་ནང་ལུ་ སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་འདྲ་ཚུ་ཡོདཔ་དང་ གྲུབ་ཐོབ་མགོན་པོ་རྡོ་རྗེ་མཆོག་གིས་གཏེར་བཞེས་ས་དང་གྲུབ་ཆུ་ཁག་གསུམ་ཡང་ མཇལ་ཚུགས་པས།
ད་རེས་ནངས་པ་ ལྷ་ཁང་འདི་གཞུང་གྲྭ་ཚང་གི་བདག་འཛིན་དང་འཛིན་སྐྱོང་འཐབ་སྟེ་ དེ་ནང་དགེ་འདུན་གྱི་སློབ་གྲྭ་ཅིག་ཡང་གཞི་བཙུགས་གནང་སྟེ་ཡོདཔ་ཨིན་པས། ལྟ་བཤལཔ་ཚུ་གིས་ ལྷ་ཁང་འདི་མཇལ་ནིའི་དང་འདོད་ཡོད་པ་ཅིན་ སྤྱི་་ཟླ་ ༤ པ་ལས་ ༦ པ་ ཚུན་གྱི་བར་ན་ ལམ་ཁར་ལས་ཕར་ ཨེ་ཏོ་མེ་ཏོག་ཚུ་ཤར་ཏེ་ གནམ་གཤིས་ཡང་ལེགས་ཤོམ་སྦེ་སྡོད་དོ་ཡོདཔ་ལས་ དུས་ཚོད་དགའ་ཤོས་ཨིནམ་སྦེ་བཀོད་དེ་འདུག། གཞན་ཡང་ སྤྱི་ ༡༠ པ་ལས་ ༣ པའི་བར་ན་བྱོན་པ་ཅིན་ ཆརཔ་མེད་པའི་ཁར་གངས་རི་གུར་ཁཝ་རྐྱབ་ཡོད་མི་ཚུ་གིས་སྦེ་དགའ་ཏོག་ཏོ་་མཐོང་དོ་ཡོདཔ་ལས་ ལྷ་ཁང་མཇལ་ནིའི་དུས་ཚོད་དགའ་ཤོས་ཨིནམ་སྦེ་བཀོད་དེ་འདུག། (North Bengal Tourism, 2022)
རྒྱབ་རྟེན་དཔེ་ཐོ།
དད་པའི་ས་བོན། (ས་ཕོ་ཁྱི་ལོ་ ༢༠༠༨) འབྲུག་རྒྱལ་ཁབ་ཀྱི་གནས་མགོན་གཙུག་ལག་ཁང་གི་ཆགས་རབས་གསལ་བའི་ལམ་སྟོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་བསྐྲུན་ཁང་།
སྤ་རོ་རྫོང་ཁག། (གནམ་ལོ་ལྕགས་མོ་གླང་ལོ་ ༢༠༢༡) རྫོང་བྲག་ཁ་དགོན་པ། http://www.paro.gov.bt/dz/node/305
North Bengal Tourism. (2022). Dzongdrakha Goempa. Retrieved from: https://northbengaltourism.com/dzongdrakha-goemba/
Wind Hourse Tour. (n.d.). Dzongdrakha Gompa. Retrieved from: https://web.archive.org/web/20221014102619/https://www.windhorsetours.com/sights/bhutan/Dzongdrakha%20Gompa.html
མགར་ས་ཚ་ཆུ།
ཡོངས་གྲགས་ཅན་གྱི་མགའ་ས་ཚ་ཆུ་དེ་ འབྲུག་གི་ནུབ་བྱང་ཁ་ཐུག་མོ་ཆུ་གི་མཐའ་མ་ལུ་ རྒྱ་མཚོའི་མཐའ་མ་ལས་མི་ཊར་ ༢༢༠༠ དེ་ཅིག་གི་ས་ཁར་ཆགས་དེ་ཡོདཔ་ཨིན། ས་གནས་དེ་ སྤུ་ན་ཁ་ལས་ཀི་ལོ་མི་ཊར་ ༤༧ དང་ཐིམ་ཕུག་ལས་ཨིན་པ་ཅིན་ ཀི་ལོ་མི་ཊར་ ༡༣༤ གི་ས་ཁར་ཡོདཔ་ཨིན། ད་རེས་ནངས་པ་རྒྱལ་ཁབ་གོང་པཕེལ་གྱི་འགྱུར་བ་དང་བསྟུན་ ཚ་ཆུ་ཚུན་ཚོད་ར་སྣུམ་འཁོར་ལམ་ལྷོད་དེ་ཡོདཔ་ཨིན།
ཚ་ཆུ་དེ་ནང་ལུ་ སྤྱིར་བཏང་གི་ཆུ་རྫིང་ ༥ དང་སྐུ་འཁོར་གྱི་ཆུ་རྫིང་ ༡ ཡོདཔ་ཨིན་པས། སྤྱིར་བཏང་གི་ཆུ་རྫིང་ ༥ ཡོད་པའི་ནང་ལས་ ༡ འདི་ཚ་ཆུ་སྦང་མི་རང་སོའི་བློ་འདོད་དང་འཁྲིལ་སྔོན་མ་ལས་བདག་སྲུང་འབད་དེ་ཏི་རུ་སྤྲོད་དེ་ལག་ལེན་འཐབ་ཨིན་མས། ཚ་ཆུ་གི་རྫིང་ག་ར་ཚ་དྲོད་མ་འདྲཝ་ཡོདཔ་ལས་ཚ་ཆུ་སྦང་མི་ཚུ་གིས་རང་སོའི་བློ་འདོད་དང་འཁྲིལ་ཏེ་རྫིང་གདམ་ཁ་རྐྱབ་ཆོགཔ་ཨིན་མས། ཚ་ཆུ་གི་རྫིང་ཚུ་ཁམས་ལོག་སི་སི་མི་འགྱོ་ནི་དང་གཙང་སྦྲ་ཅན་སྦེ་བཞག་ཐབས་ལུ་ ཚ་ཆུ་གི་རྫིང་ནང་མ་འཛུལ་བའི་ཧེ་མ་ གཟུགས་འཁྱུ་ནི་གི་ཁྲུས་ཁང་གི་མཐུན་རྐྱེན་ཚུ་ཡང་ཡོདཔ་ཨིནཔས། ཚ་ཆུ་སྦང་པར་འོང་མི་ཚུ་སྡོད་ནི་གི་དོན་ལུ་ རང་སོའི་རྒྱུ་སྟོབས་དང་འཁྲིལ་མགྱོན་ཁྱིམ་ཚུ་ཡང་ལེན་ནི་གི་མཐུན་རྐྱེན་ཚུ་ཡོདཔ་ཨིན་མས།
དད་པའི་ས་བོན། (གནམ་ལོ་མེད་ ༢༠༠༨ ཤོག་གྲངས་ ༣༠༣) ནང་ལུ་ “སྐྱེས་ལོ་ ༨༥ ལང་མི་ཨ་རྒས་རྡོ་རྗེ་རྒྱལ་མཚན་གྱིས་བཤད་མི་ནང་ གྲུབ་ཐོབ་གཏེར་ཁུངས་པ་གིས་མགར་ས་ལུ་སྨན་རིགས་བརྒྱ་དང་རྩ་བརྒྱད་གཏོར་གནང་མི་ལས་ ཚ་ཆུ་དང་སྨན་ཆུ་བསྡོམས་བརྒྱད་ཐོན་ཡོད་པའི་ཁར་ ཁོ་རའི་གསང་ཆབ་ཀྱིས་འདམ་བསྣས་ཞིན་ན་ ཚྭ་ཚྭ་བརྒྱ་དང་བརྒྱད་ པར་བཏབ་སྟེ་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་གནང་ནུག།” ཟེར་བཤད་ཡོདཔ་ལས་ །ཚ་ཆུ་དེ་ རྩ་ཅན་སྦེ་བརྩི་མཐོང་བསྐྱེད་མི་ཡང་ རྒྱུ་མཚན་འདི་ལུ་བརྟེན་ཏེ་ཨིན་པས། ཚ་ཆུ་འདི་གི་གནས་བདག་འདི་ དོན་གྲུབ་ནོར་བཟང་ཨིནམ་དང་ གྲུབ་ཐོབ་གཏེར་ཁུངས་པ་གིས་གནས་བདག་སྦེ་དབང་དུ་བ་བསྡུ་བའི་ཧེ་མ་འབད་བ་ཅིན་འདྲེ་གདུག་དྲགས་ཅིག་ཨིན་སྦེ་བཀོད་དེ་འདུག།
ཁ་རྒྱུན་ལས་ གྲུབ་ཐོབ་ཀྱིས་སྨན་ཁུག་འདི་ས་གནས་འདི་ཁར་བཀོཝ་ད་རྫིང་དང་པ་ཡོད་ས་ལུ་ཆགས་མི་ལུ་བརྟེན་ཏེ་ རྫིང་དང་པའི་ཚ་ཆུ་འདི་གིས་ ལྡན་འདུས་ཀྱི་ནད་ལས་དྲག་ཚུགས་པའི་ཁར་ནད་རིགས་བཅུ་གསུམ་ལུ་ཕནམ་ཨིན་ཟེར་ཨིན་པས། ཚ་ཆུ་རྫིང་གཉིས་པ་འདི་གིས་ ཆུ་སེར་གྱི་ནད་དང་ རྐང་ལག་གི་ཚིགས་ཏོ་སྦོ་མི་ལ་སོགས་པའི་ནད་རིགས་ལས་དྲག་ཚུགསཔ་དང་ ཁྲག་ཤུགས་ཡོད་མི་དང་ཚད་པའི་ནད་གཞི་ཡོད་མི་ དེ་ལས་མིག་སེར་གྱི་ནད་ཡོད་མི་ཚུ་གིས་ རྫིང་འདི་ནང་སྦང་མི་བཏུབ་ནི་ཨིན་པས། དེ་ལས་རྫིང་གསུམ་པ་འདི་གིས་ དུག་ནད་དང་ཆག་དཀྲུམ་གྱི་རིགས་ལས་དྲག་ཚུགསཔ་དང་ ཁྲག་ཤུགས་དང་རླུང་ནད་ཡོད་མི་ཚུ་གིས་ཆུ་རྫིང་འདི་ནང་སྦང་མི་བཏུབ་ཨིནམ་དང་ རྫིང་བཞི་པ་གིས་འབད་བ་ཅིན་ གཙོ་བོ་ར་གྲང་བའི་ནད་གཞི་དང་བསེ་མོ་ པགས་ནད་ཚུ་དྲག་ཚུགསཔ་དང་ འདི་ནང་ཁྲག་ཤུགས་ཡོད་མི་དང་ཨམ་སྲུ་ཨ་ལུ་སྐྱེ་ནི་ཡོད་མི་ཚུ་གིས་སྦང་མི་བཏུབ་ཨིན་པས། ཚ་ཆུ་སྦང་ནི་གི་དུས་ཚོད་དགའ་ཤོས་འདི་ཡང་ གནམ་སེར་ཁ་ཤིང་དང་ཧོན་ལྡུམ་གི་འདམ་མ་ས་ཁར་བུད་བའི་དུས་ཚོད་ རང་ཟླ་འབད་བ་ཅིན་ ༩ པ་ལས་ ༢ ཚུན་ལུ་ཨིནམ་སྦེ་བཀོད་དེ་འདུག། (དད་པའི་ས་བོན། ༢༠༠༨)
གནས་ཡིག་ཀུན་ཕན་ལམ་སྟོན། (༢༠༡༧) ནང་ལུ་འབད་བ་ཅིན་ ཚ་ཆུ་འདི་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་བྱིན་གྱིས་རླབས་ཏེ་གནང་ཡོདཔ་དང་ ནད་རིགས་སོ་སོ་ལུ་ཕན་པའི་ཚ་ཆུའི་རྐ་ཡང་ ཧེ་མ་འབད་བ་ཅིན་བདུན་ཡོདཔ་སྦེ་ཨིན་པས། ཨིན་རུང་ ཚ་ཆུ་འདི་སྤྱི་ལོ་ ༢༠༠༩ ལུ་ཆུ་རུད་ཀྱིས་འཕྱགས་འབག་ཞིནམ་ལས་ ད་རེས་ཚ་ཆུའི་རྐ་ གསུམ་རྐྱངམ་གཅིག་ཡོདཔ་སྦེ་ཨིན་པས། ཚ་ཆུ་དེ་ལུ་ མི་མཐུན་པའི་རྐྱེན་ངན་བྱུང་སྟེ་འབད་རུང་ གཞུང་གིས་ ལོ་ངོ་ ༣ གྱི་ནང་འཁོད་ཚ་ཆུ་མཐའ་འཁོར་ལུ་ཡོད་པའི་གཞི་རྟེན་མཁོ་ཆས་ཚུ་ ཨ་རྟག་ག་ཨིནམ་སྦེ་བསྒྲུབས་ཏེ་མི་དམངས་ལུ་སྒོ་ཕྱེས་གནང་ནུག། ད་རུང་སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༢༦ ལུ་ ཆུ་གིས་འཕྱགས་འབག་སྟེ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཆ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
བསྟན་འཛིན་རྡོ་རྗེ། ཨྱོན་བསྟན་འཛིན། (༢༠༡༧) གནས་ཡིག་ཀུན་ཕན་ལམ་སྟོན། སྲོལ་འཛིན་ལས་ཁུངས། ཀྲི་ཨེན་དཔར་སྐྲུན་ཁང་། ཐིམ་ཕུག།
Dzongkhag Administration, Gasa (n.d) Gasa tshachu Retrieved from:
http://www.gasa.gov.bt/tourism/gasa-tshachu#:~:text=This%20is%20one%20of%20the
Sonam Chophel (n.d) Gasa Tshachu: The Hot Spring of Gasa. Retrieved from: https://texts.mandala.library.virginia.edu/text/gasa-tsachu-hot-springs-gasa
དགེ་ལེགས་ཕུག་ཚ་ཆུ།
དགེ་ལེགས་ཕུག་ཚ་ཆུ་འདི་ འབྲུག་གི་ལྷོ་ཕྱོགས་རྫོང་ཁག་གསར་སྤང་རྫོང་ཁག་གི་གསེར་གཞོང་རྒེད་འོག་ནང་ལུ་ ཆགས་ཡོདཔ་ཨིན། ཚ་ཆུ་འདི་ དགེ་ལེགས་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་ ༡༥ གི་ས་ཁར་ར་ ཡོདཔ་ཨིན། ཚ་ཆུ་འདི་ ༡༩༦༢ ལུ་རྫོང་ཁག་བདག་སྐྱོང་གིས་ མི་དམངས་ལུ་སྒོ་ཕྱེས་ནུག། ཚ་ཆུ་ཚུན་ཚོན་ར་སྣུམ་འཁོར་ལམ་བཏོན་ཏེ་ཡོདཔ་མ་ཚད་ གཞལམ་སྒང་དང་ཀྲོང་གསར་གཞུང་ལམ་ལས་མར་ ཚ་ཆུ་ཚུན་འཁོར་ལམ་རྩི་ནག་བཏང་སྟེ་སྟབས་བདེ་ཏོག་ཏོ་བཟོ་ཡོད་རུང་ གནམ་བྱཱར་གྱི་དུས་ལུ་ ས་རུད་དང་རྡོ་ཚུ་བུད་འོང་ནི་གི་ཉེན་ཁ་སྦོམ་ཡོདཔ་ཨིན།
གནས་ཡིག་ཀུན་ཕན་སམ་སྟོན (གནམ་ལོ་མེད། ༢༠༡༣ ཤོག་གྲངས་ ༡༢༢) ནང་ལུ་ ”ནང་པའི་གསོ་རིག་འཛིན་སྐྱོང་ཞིབ་འཚོས་ལྟེ་བ་གིས་ཞིབ་འཚོལ་འབད་དེ་བཀོད་ཡོད་པའི་ འབྲུག་གི་ཚ་ཆུ་དང་སྨན་ཆུའི་རྣམ་བཤད་འཆི་མེད་བདུད་རྩིའི་རྫིང་བུའི་ནང་ དགེ་ལེགས་ཕུག་ལུ་ཡོད་པའི་ཚ་ཆུའི་རྫིང་གི་དྲོད་ཚད་འདི་ཡང་ རྫིང་དང་པ་གི་དྲོད་ཚད་ཨང་ ༣༤.༡ དང་། རྫིང་གཉིས་པ་གི་དྲོད་ཚད་ཨང་ ༣༦.༤ ། རྫིང་གསུམ་པ་གི་དྲོད་ཚད་ཨང་༣༨.༡། རྫིང་བཞི་པ་ལུ་དྲོད་ཚད་ཨང ༠༠ ཨིན་པའི་ཁུངས་བཀོད་དེ་འདུག།” ཟེར་བཀོད་ཡོདཔ་ལས་ ཚ་ཆུ་སྦང་སའི་རྫིང་བཞི་ཡོདཔ་ཨིན་པས། ཚ་ཆུ་སྦང་པར་འོང་མི་ མི་རྒན་རྒས་དང་དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ལྷན་ཐབས་ཀྱི་རྫིང་གཉིས་ གསང་སྤྱོད་དང་ རྐང་ལམ་ཚུ་ལོགས་སུ་སྦེ་བཟོ་ཡོདཔ་མ་ཚད་མ་ཚད་ དེ་ཁར་འོང་མི་ཚུ་གི་ཉེན་སྲུང་གི་དོན་ལུ་ ཆུ་རྫིང་ཚུ་གུར་རྩིས་ས་གིས་བཟོ་མི་སྲབ་ལེབ་ཚུ་བཀབ་སྟེ་ཡོདཔ་ཨིན་པས།
ཚ་ཆུ་དེ་གིས་གཟུགས་ཀྱི་པགས་ཀོའི་ནད་གཞི་ རྐང་ཚིགས་ལག་ཚིགས་ན་ནི་ ཕོ་བའི་ནད་གཞི གྲང་བ་ལས་གྱུར་པའི་ཆུ་སེར་ནད་ སྐྱ་རྦབ་ནད་ མཁལ་རྐེད་ན་མི དྲེག་དང་གྲུམ་བུ་ཚུ་ བསལ་ཚུགས་པའི་ཕན་ནུས་ཡོདཔ་ཨིན་པས། (དད་པའི་ས་བོན། ༢༠༡༥ །) དེ་འབདཝ་ལས་བརྟེན་ཏེ་ ལོ་བསྟར་བཞིན་དུ་ མི་གྲངས་ ༤༠༠༠༠ དེ་ཅིག་གིས་ཚ་ཆུ་སྦང་པར་འོང་དོ་ཡོདཔ་ཨིན།
ཚ་ཆུ་འདི་བྱཱར་དགུན་མེད་པར་མི་དམངས་ལུ་སྒོ་ཕྱེས་ཏེ་བཞགཔ་ཨིནམ་ལས་ ས་གནས་ནང་སྡོད་མི་ཚུ་གིས་འཕྲལ་འཕྲལ་ར་ཚ་ཆུ་སྦང་པར་འགྱོ་་དོ་ཡོདཔ་ཨིན། རྫོང་ཁག་གཞན་ཁ་གྱི་མི་ཚུ་ཨིན་པ་ཅིན་ གནམ་དགུན་ སྤྱི་ཟླ་ ༡༠ པ་ ༡༡ པ་དང་ ༡༢ པ་ཚུ་ནང་ལུ་མང་སུ་སྦེ་འོང་དོ་ཡོདཔ་ཨིན་མས། ཚ་ཆུ་སྦང་པར་འོང་མི་ཚུ་གི་དོན་ལུ་ མི་གྲངས་ ༤༠ ཤོང་པའི་མགྱོན་ཁྱིམ་ ༣ ཡོདཔ་དང་ མི་ལ་ལུ་ཅིག་གིས་ ཚ་ཆུ་གི་ཉེ་འདབས་ལུ་གུར་ཚུ་སྤུབས་ཏེ་ཡང་སྡོདཔ་ཨིན་མས།
རྒྱབ་རྟེན་དཔེ་ཆ།
ཀུན་བཟང་འཕྲིན་ལས། (གནམ་མོ་མེད། ༢༠༡༥) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
ཕན་བདེ་ལེགས་བཤད་དབང་ཕྱུག། (གནམ་ལོ་མེད། ༢༠༡༣) གནས་ཡིག་ཀུན་ཕན་ལམ་སྟོན ཅ་རྙིང་འཛངན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས། ཐིམ་ཕུག།
Heavenlybhutan.com. (n.d). Gelephu Tshachu.
སྒོམ་ཕུག་སྐོར་ར་ལྷ་ཁང་།
སྒོམ་ཕུག་སྐོར་ར་་ལྷ་ཁང་འདི་ བཀྲིས་གཡང་རྩེ་རྫོང་ཁག་སྟོང་ཞང་རྒེད་འོག་ནང་ བཀྲིས་སྒང་ལས་ཀི་ལོ་མི་ཊར་ ༢༡ གྱི་ས་ཁར་ཆགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་ལུ་ སྒོམ་ཕུག་སྐོར་ར་ཟེར་མཚན་བཏགས་དགོཔ་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་གིས་ ས་ཕྱོགས་དེ་ཁར་གནས་པའི་བདུད་སྙོན་ཁ་བཏུལ་ནིའི་དོན་ལུ་ བྱ་ཕུག་གཅིག་ནང་སྒོམ་གནང་བཞུགས་མི་ལུ་བརྟེན་སྒོམ་ཕུག་དང་ ཤུལ་ལས་དད་མོས་ཅན་གྱི་མི་ལེ་ཤ་ཅིག་གིས་སྐོར་ར་རྐྱབ་སའི་གནས་ ཁྱད་པར་ཅན་ཅིག་ལུ་གྱུར་ནི་དེ་གིས་ སྒོམ་ཕུག་སྐོར་ཟེར་དར་ཁྱབ་སོང་ཡོདཔ་ཨིན། བཤད་སྲོལ་ཅིག་ལས་ རྟ་ཝང་པ་ཚུ་གིས་སྒོམ་སྦས་ཟེར་ཡང་ཞུ་སྲོལ་ཡོད་ཟེར་ཨིན་པས། ད་རེས་ནང་པ་ཡང་ མོན་རྟ་ཝང་གི་མི་སེར་ཚུ་གིས་ རྩ་ཅན་གྱི་གནས་མཇལ་བར་འོང་དོ་ཡོདཔ་མ་ཚད་ ལོ་བསྟར་བཞིན་དུ་ ཟླཝ་ ༢ པའི་ནང་སྒོམ་ཕུག་སྐོར་རའི་ཚེས་བཅུ་གི་སྐབས་ལུ་ རྒྱལ་ཁབ་མཐའ་དབུས་ཀྱི་མི་སེར་ལེ་ཤ་སྤུངས་འཛོམས་འབད་དོ་ཡོདཔ་ཨིན་པས། གཡང་རྩེ་བྱང་ཕུག་རྩེ་ལས་ཨིན་མི་ དགེ་བཤེས་རྡོ་རྗེ་བཀྲིས་ཀྱིས སྒོམ་སྐོར་རའི་གནས་ཡིག་འདི་ རྟ་ཝང་གྲྭ་ཚང་ནང་ལུ་བཞག་ཡོདཔ་ལས་ གནས་ཡིག་འདི་ཤུལ་ལས་རྟ་ཝང་གྲྭ་ཚང་གིས་སྦེ་ པད་གླིང་གི་གདུང་རྒྱུད་བླམ་ངོས་ཀྱི་གྲྭ་ཚང་ནང་དང་ ཨྱོན་གླིང་ སྤང་ཆེན་བླའུ་མཚོ་ལ་སོགས་པའི་གྲྭ་ཚང་དགོན་སྡེ་ཚུ་ལུ་བཀྲམ་ཡོདཔ་ལས་ རྟ་ཝང་པ་ཚུ་གིས་སྒོམ་ཕུག་སྐོར་རའི་གནས་ཀྱི་རྩ་ཆེ་ཧིང་ཧ་གོ་སྟེ་ཡོདཔ་་ལས་ གནས་མཇལ་བར་འོང་མིའི་རྒྱུ་མཚན་ཡང་ དེ་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས། གནས་ཡིག་ཀུན་ཕན་ལམ་སྟོན། (ས་མོ་གླང་ལོ། ༢༠༠༩།) དུས་རབས་ ༩ པའི་མཇུག་ཙམ་ལུ་ བོད་ཀྱི་རྒྱལ་པོ་ཁྲི་སོང་ལྡེའུ་བཙན་གྱི་སྲས་ལྷ་སྲས་གཙང་མ་བོད་ལས་བྱོན་ཏེ་ འཇམ་མཁར་ལུ་ལྷོདཔ་ད་ འཇམ་ཁར་གྱི་མི་ཚུ་ལུ་སྒོམ་ཕུག་སྐོར་ར་འདི་ཨྱོན་རིན་པོ་ཆེའི་སྦས་གནས་ཨིནམ་ལས་ འདི་ཁར་ཐུན་བཏང་བཞུགས་ནིའི་དོན་ལུ་མཚམས་ཁང་ཅིག་ རྐྱབ་ཚུགས་ག་ཟེར་དྲིཝ་ད་ སྦྱིན་བདག་ཚུ་གིས་འཇམ་ལགས་ཟེར་ཞུཝ་ལས་ ས་གནས་ཀྱི་མིང་ཡང་འཇམ་མཁར་ཟེར་བཏགས་པའི་ལོ་རྒྱུས་ཡོདཔ་དང་།ཁོང་གིས་བཞེངས་མི་ལྷ་ཁང་འདི་ ད་ལྟོ་གནས་དེ་ཁར་ཡོད་པའི་ལྷ་ཁང་འདི་ཨིན་པས། ད་རེས་ནངས་པ་སྒོམ་ཕུག་སྐོར་རའི་ཚེས་བཅུའི་སྐབས་ལུ་ ཕྱོགས་སོ་སོ་ལས་འཛོམས་པའི་དད་ཅན་གྱི་མི་སེར་ཚུ་གིས་ གཙོ་བོ་ར་སྐོར་ར་རྐྱབ་ནི་ལུ་གཚོ་བོར་བཏོནམ་ལས་ ཚེས་བཅུ་འདི་གཞན་དང་མ་འདྲཝ་སྦེ་རྩིཝ་ཨིན་པས།
ཧེ་མ་དུས་རབས་བརྒྱད་པ་སྤྱི་ལོ་ ༧༧༩ དེ་ཅིག་ཁར་ཨོ་རྒྱན་གུ་རུ་་རིན་པོ་ཆེ་གིས་བོད་ལུ་ལྷ་ས་བསམ་ཡས་བཞེངས་གནང་པའི་སྐབས་ བོད་གངས་ཅན་གྱི་ལྗོངས་ནང་ཡོད་པའི་མ་རུངས་འདྲེ་བདུད་ལྷ་སྲིན་སྡེ་བརྒྱད་གདུག་པ་ཅན་ཚུ་ དམ་ལུ་བཏགས་པའི་སྐབས་ བདུད་པོ་སྙོན་ཁ་ཆེན་པོ་འདི་གིས་དམ་ལུ་གནས་མ་བཏུབ་པར་ ལྷོ་མོན་ཁ་ཐུག་བྱོག་འོངས་ནུག། དེ་གིས་ མ་འོངས་པར་འཇིག་རྟེན་གྱི་ཁམས་འདི་ནང་བསྟན་པ་དང་འགྲོ་བ་སེམས་ཅན་ཚུ་ལུ་གནོད་པ་སྦོམ་བཀལ་འོང་ཟེར་ཐུགས་བཞེད་གནང་སྟེ་ བསམ་ཡས་གཙུག་ལག་ཁང་བཞེངས་ཚར་བའི་ཤུལ་ལུ་ ལྷོ་མོན་ལུ་བདུད་ཀྱི་རྟིང་བདའ་སྟེ་བྱོན་ཞིམམ་ལས་ བདུད་དེ་དམ་ལུ་གནས་བཅུག་སྟེ་གནས་ཀྱི་སྲུང་མ་སྦེ་ར་བསྐོས་ཏེ་ ས་གནས་འདི་ཡང་སྦས་གནས་ཁྱད་པར་ཅན་ཅིག་ལུ་ བྱིན་གྱིས་རླབས་གནང་ནུག། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༠༧)
དུས་རབས་ ༩ པའི་སྨད་རྩམ་ལུ་ འཇམ་མཁར་པའི་མི་དང་སྦྱིན་བདག་དད་ཅན་ཚུ་གིས་ ལྷ་སྲས་གཙང་མའི་དོན་ལུ་ མཆོད་ཁང་ཆུང་ཀུ་ཅིག་བརྩིགས་ཏེ་གདན་ས་བཏབ་ཡོད་མི་ལས་ཚུར་གནས་དེ་ཕྱག་མཆོད་ཕུལ་སའི་ཡུལ་སྦེ་ངོས་འཛིན་འབད་གནང་སྟེ་ གནས་འདི་ཁར་སྐོར་ར་བ་བསྐོར་ནི་དང་དུས་ཆེན་བརྩི་སྲུང་ཞུ་ནིའི་ལམ་ལུགས་ཡང་ དུས་ཚོད་དེམ་ཅིག་ཁ་ལས་འགོ་བཙུགས་ཡོདཔ་ཨིན་པས།
གཏེར་ཆེན་པདྨ་གླིང་པ་ཙཱ་རི་ལས་ལོག་བྱོནམ་ད་ ད་ལྟོ་ཡོད་མི་རྒྱ་གར་ཤར་ལི་ལས་གྲུབ་པའི་སྟོན་པའི་སྐུ་འདྲ་བྱིན་ཅན་ཅིག་ཡོད་མི་འདི་ ནང་རྟེན་སྦེ་ གནང་ཡོདཔ་དང་གཏེར་སྟོན་གུ་རུ་ཆོས་དབང་ དང་ ཨ་ཎེ་མཆོད་རྟེན་བཟང་མོ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་རབས་ཅིག་གིས་ཞབས་ཀྱིས་བཅགས་ཏེ་ གནས་དང་ལྷ་ཁང་གཉིས་ཆ་ར་རྒྱ་བསྐྱེད་དང་གོང་འཕེལ་གྱི་ ཕྱག་ལཱ་ལེ་ཤ་མཛད་གནང་ནུག། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༠༩)
ཧེ་མའི་་ལྷ་ཁང་ཆུང་ཀུ་འདི་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་རྒྱ་བསྐྱེད་གནང་ཡོདཔ་དང་ ནང་རྟེན་ཡང་སྨན་འདམ་ལས་གྲུབ་པའི་གུ་རུ་པདྨ་འབྱུང་གནས་དང་ བཅུ་གཅིག་ཞལ་ལ་སོགས་པའི་སྨན་སྐུ་བྱིན་ལྡན་སྐུ་གྲངས་ ༡༡ ལྷག་ཙམ་དང་གྱང་གི་ལྡེབས་རིས་ཚུ་ཡང་ རྒྱས་ཤིང་རྒྱསཔ་སྦེ་བཞེངས་གནང་ནུག། ད་རེས་ནངས་པ་ལོ་ཨ་རྟག་ར་རང་ཟླ་ ༢ པའི་ཚེས་༨ ལས་ ༡༠ ཚུན་ བཀྲིས་སྒང་རབ་སྡེ་གི་དགེ་འདུན་ཚུ་བྱོན་ཏེ་ ཡོངས་གྲགས་ཅན་གྱི་ཚེས་བཅུ་གནང་སྲོལ་ཡོད་མི་འདི་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་འགོ་བཙུགས་གནང་བའི་མཛད་ཤུལ་གཅིག་ཨིན་མས། གཞན་ཡང་ འབྲུག་གི་སྡེ་སྲིད་ ༡༦ པ་འབྲུག་ཞི་དར་གྱིས་ཡང་ ལྷ་ཁང་གི་མཐའ་འཁོར་ལུ་ མ་ཎི་ལག་འཁོར་ཚུ་བཙུགས་ཏེ་ ལྷ་ཁང་དང་གནས་ལུ་ཞབས་ཏོག་ཞུ་བའི་ལོ་རྒྱུས་ཚུ་འདུག།
རྒྱབ་རྟེན་དཔེ་ཆ།
སངས་རྒྱས་དོན་གྲུབ།(གནམ་མོ་མེད། ༢༠༠༩) གནས་ཡིག་ཀུན་ཕན་ལམ་སྟོན། སྲོལ་འཛིན་ལས་ཁུངས་ཅ་རྙིང་འཛིན་སྐྱོང་སྡེ་ཚན། ཐིམ་ཕུག། ཀྲི་ཨིན་དཔར་སྐྲུན་ཁང་།
Buddhist Monastery in Trashigang. (n.d) Retrieved from: https://www.tourmyindia.com/international/bhutan/gom-kora/
Gom kora (n.d) Retrieved from: https://authenticbhutantours.com/gom-kora/
བྱ་དཀར་རྫོང་།
༉ འབྲུག་རྒྱལ་ཁབ་ནང་གི་རྫོང་གཞིས་མང་ཤོས་ར་ཞབས་དྲུང་རིན་པོ་ཆེ་མཆོག་གིས་བཞེང་ཡོདཔ་ཨིན་རུང་ བུམ་ཐང་རྫོང་བདག་སྐྱོང་གི་ཡིག་ཚང་ཨིན་མི་ བྱ་དཀར་གཡུལ་རྒྱལ་རྫོང་འདི་ བྱ་དཀར་གཡུས་ཚན་གྱི་ལྟག་ལུ་ སྤོ་ཏོ་གཅིག་གུར་གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལ་ཚུགསཔ་ཨིན། རྫོང་འདི་ བླམ་ངག་གི་དབང་ཕྱུག་མཆོག་སྒྲུབ་ཁང་ཅིག་དགོ་པའི་ཐུགས་བཞེད་གནང་སྟེ་བཞུགསཔ་ད་ བྱ་དཀརཔོ་གཅིག་ཕུར་འོངས་ཏེ་་ ད་ལྟོ་རྫོང་ཡོད་སའི་ས་ཆ་ཁར་གུ་ཆགསཔ་ལས་ ལུང་བསྟན་གྱི་ས་ཆ་ཨིནམ་ཐུགས་ལུ་ངེས་ཤེས་འདྲོངས་ཏེ་ རབ་བྱུང་ ༩ པ་དུས་རབས་ ༡༦ པའི་ནང་ བཞེངས་ཡོདཔ་སྦེ་ཨིན་པས། (འདད་པའི་ས་བོན། གནམ་ལོ་མེད། ༢༠༡༣) དེ་གི་ཤུལ་ལས་རབ་བྱུང་བ་ ༡༠ པ་སྤྱི་ལོ་ ༡༥༦༧-༡༦༢༦ པའི་ནང་ ཀྲོང་གསར་དཔོན་སློབ་དང་པ་ ཆོས་རྒྱལ་མི་འགྱུར་བརྟན་པ་གིས་སྒྲུབ་ཁང་འདི་ རྒྱ་སྐྱེད་གནང་སྟེ་རྫོང་གཞིས་སྦེ་བཞེངས་གནང་ནུག། རྫོང་དེ་ལུ་ བྱ་དཀར་གཡུལ་རྒྱལ་རྫོང་ཟེར་ཞུ་དགོ་མི་འདི་ཡང་ དུས་རབས་ ༡༧ པའི་ནང་ བདེ་སྲིད་གསུམ་པ་ཆོས་རྒྱལ་མི་འགྱུར་བརྟན་པ་གིས་སྐབས་ བོད་ལས་དམག་ཐེངས་གསུམ་པ་འོངམ་ད་ བླམ་ངག་དབང་རབ་བརྟན་ཟེར་མི་གིས་ རྒྱབ་སྐྱོར་མཛད་ཐོག་ལས་ བོད་དམག་ལས་རྒྱལ་ཁ་ཐོབ་ལས་བརྟེན་ཏེ་ དེ་ལས་འགོ་བཙུགས་ཏེ་ རྫོང་གིས་མཚན་ཡང་ བྱ་དཀར་གཡུལ་རྒྱལ་རྫོང་ཟེར་ཞུ་སྲོལ་བྱུང་ནུག།
ཧེ་མ་འབད་བ་ཅིན་རྫོང་ནང་ དགེ་སློང་ལོག་སུ་སྦེ་མེདཔ་ཨིན་པས། ན་འདུག དེ་ཡང་ གནམ་བྱཱར་ཟླཝ་ ༣ པའི་ནང་ ཀྲོང་གསར་རབ་སྡེ་གི་དགེ་སློང་ཚུ་ བུམ་ཐང་ལུ་གསོལ་ཐབ་ལུ་བྱོན་ཏེ་བཞུགསཔ་ཨིན་མས། ཨིན་རུང་ སྤྱི་ལོ་ ༡༩༩༧ ལུ་གསོན་གཤིན་གྱི་སྐྱབས་ཞུ་ནི་གི་དོན་ལུ་ བྱ་དཀར་གྲྭ་ཚང་གསར་བཙུགས་མཛད་གནང་གནང་ནུག། ད་རེས་ནངས་པ་ ལོ་བསྟར་བཞིན་དུ་ བྱ་དཀར་གྲྭ་ཚང་གིས་ རྫོང་འདི་ནང་རང་ཟླ་ ༩ པའི་ཚེས་ ༧ ལས་ ༡༡ ཚུན་ ཉིན་གྲངས་ལྔའི་རིང་ཚེས་བཅུ་འཆམ་དང་བཅསཔ་གནང་སྲོལ་ཡོདཔ་ཨིན།
རྫོང་འདི་གི་རྡོ་ཆལ་འདི་ ཆུང་སུ་ཅིག་ཡོདཔ་དང་དེའི་མཐའ་འཁོར་ལུ་རྫོང་ཁག་བདག་སྐྱོང་གི་ཡིག་ཚང་ཚུ་དང་ དགེ་སློང་ཚུ་གི་གཟིམ་ཁང་ཚུ་ཡོདཔ་ཨིན་པས། རྫོང་གི་དབུ་རྩེ་འདི་ རྡོ་ཆལ་གྱི་ཤར་ཁ་ཐུག་ལུ་ཡོདཔ་དང་ རྡོ་ཆལ་འདི་ནུབ་ཁ་ཐུག་ལུ་ཨ་ཙི་སྦོམ་སུ་ཅིག་ཡོདཔ་སྦེ་ཨིན་པས། (Lonely planet,2022) རྫོང་འདི་ནང་ནང་གི་དབུ་རྩེ་གི་ཐོག་གོང་མའི་ནང་ ནང་མགོན་ཁང་དང་ བར་ཐོག་ལུ་ཡི་དམ་ལྷ་ཁང་། འོག་ཐོག་ལུ་བྱམས་པ་ལྷ་ཁང་དང་ཀུན་ར་ལྷ་ཁང་བཅས་ལྷ་ཁང་བཞི་མཇལ་ནི་ཡོདཔ་ཨིན་པས།
བྱ་དཀར་རྫོང་གི་ཆ་ཤས་ཡ་མཚན་ཆེ་ཤོས་འདི་ར་ཆུ་རྫོང་དེ་ཨིན་པས། དེ་ཡང་ དུས་རབས་ ༡༧ པའི་ནང་སྡེ་སྲིད་ཁྲི་རབས་བཞི་པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་ ཀྲོང་གསར་དཔོན་སློབ་གཉིས་པ་ ནས་ལུང་པ་ཤེས་རབ་ལྷུན་གྲུབ་ལུ་བྱ་དཀར་རྫོང་རྒྱ་བསྐྱེད་འབད་དེ་བཞེངས་དགོ་པའི་བཀོད་ཁྱབ་གནངམ་ད་ ཆུ་ཐག་རིང་སར་ཡོདཔ་ལས་གཞན་ཁར་སྤོ་སྟེ་བཞེངས་པ་ཅིན་ཟེར་བའི་སྙན་ཞུ་ཕུལ་བའི་ལན་ལུ། རྒྱལ་སྲས་མཆོག་གིས་ རྫོང་འདི་ནང་ར་བཞེངས་པ་ཅིན་རྟེན་འབྲེལ་ལེགས་ཤོམ་ཡོདཔ་མ་ཚད་་ ཕུགས་ལུ་མཐའ་བཙན་ཏོག་ཏོ་འོང་ཟེར་གསུངས་ནུག། དེ་ལས་རྫོང་ལས་ཐག་མ་རིངམོ་ཅིག་གི་ས་ཁར་ སེམས་ལུ་ཐེ་ཚོམ་མེད་པར་བརྐོ་ཟེར་གསུངམ་བཞིན་དུ་ ཀྲོང་གསར་དཔོན་སློབ་ནས་ལུང་ཤེས་པ་ལྷུན་གྲུབ་དང་ སྐུ་དྲུང་ཕུན་ཚོགས་གཉིས་ཀྱིས་བརྐོ་བའི་བསྒང་ལས་ ཆུ་ཐོན་ཡོདཔ་ལས་ཏེ་ཆུ་རྫོང་རྐྱབ་ཡོདཔ་སྦེ་ཨིན་པས། ཆུ་དེ་ཁར་ལྷོད་ལྷོད་ཚུན་རྫོང་གི་ཆ་ཤས་སྦེ་རྩིགཔ་ཀྱི་སྐོར་ཏེ་མི་འགྱོ་ས་ཡོདཔ་མ་ཚད་ ཆུ་འདི་ད་ལྟོའི་བར་ན་ཡང་མ་སྐམ་པར་ཡོདཔ་ལས་དེ་ལུ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་གྲུབ་ཆུ་ཟེར་སླབ་སྲོལ་ཡོདཔ་ཨིན་པས། (དད་པའི་ས་བོན། གནམ་ལོ་མེད། ༢༠༡༣)
རྒྱལ་རབས་དང་ལྡན་པའི་བྱ་དཀར་རྫོང་འདི་ བུམ་ཐང་རྫོང་ཁག་གི་བདག་སྐྱོང་ཡིག་ཚང་དང་ བྱ་དཀར་གྲྭ་ཚང་གི་བཞུགས་གནསགཙོ་བོ་ཅིག་ཨིནམ་མ་ཚད་ རྫོང་འདི་འབྲུག་གི་ས་ཆ་མཛེས་ཆ་ལྡནམ་ཅིག་ཡང་ཨིན། དེ་མ་ཚད་ བུམ་ཐང་རྫོང་ཁག་གི་མི་ཚུ་གིཕྱག་མཆོད་ཕུལ་སའི་རྟེན་དང་ སྐྱིད་སྡུག་ཞུ་སའི་གནས་གཙོ་བོ་ཅིག་ཡང་ཨིན།
རྒྱབ་རྟེན་དཔེ་ཆ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༣) དད་པའི་ས་བོན། འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྤྲུན་ཁང་།
LonelyPlanet.com (2022). Jakar Dzong. Retrived from:
https://www.lonelyplanet.com/bhutan/central-bhutan/jakar/attractions/jakar dzong/a/poi-sig/485720/355822
བྱམས་པ་ལྷ་ཁང་།
བུམ་ཐང་རྫོང་ཁག་འདི་ སངས་རྒྱས་གཉིས་པ་ཨོ་རྒྱན་རིན་པོ་ཆེ་མཆོག་གིས་བྱིན་གྱིས་རླབས་གནང་བའི་སྦས་གནས་ཁྱད་པར་ཅན་ཅིག་ཨིན། དེ་ཁར་གནས་རྩ་ཅན་མང་རབས་ཅིག་ཡོད་པའི་ནང་ལས་ གཅིག་འདི་ཡོངས་གྲགས་ཅན་གྱི་བྱམས་པ་ལྷཁང་འདི་ཨིན། ལྷ་ཁང་དེ་ ཆོས་འཁོར་རྒེད་འོག་གི་མངའ་འོག་ལུ་ རྒེད་འོག་བདག་སྐྱོང་ཡིག་ཚང་གི་བྱང་ཕྱོགས་ལུ་ ཡོངས་གྲགས་ཅན་གྱི་སྐུ་རྗེ་ལྷ་ཁང་ལུ་ ཀི་ལོ་མི་ཊར་གཅིག་གིས་མ་ལྷོད་པའི་་ས་ཁར་ཆགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་དུས་རབ་བདུན་པའི་ནང་ ཆོས་རྒྱལ་བཙོང་བཙན་སྒམ་པོ་གིས་ ཧི་མ་ལ་ཡའི་ལུང་ཕྱོགས་ཚུ་ནང་མཐའ་འདུལ་ཡངས་འདུལ་གྱིས་གཙུག་ལག་ཁང་ཚུ་བཞེངས་གནང་པའི་སྐབས་ གཙུག་ལག་ཁང་ ༡༠༨ ཡོད་ས་ལས་གཉིས་འབྲུག་རྒྱལ་ཁབ་ནང་ཚུད་ཡོད་མི་ལས་གཅིག་ཨིན། དེ་ཡང་ (lonely planet, ༢༠༢༢) གིས་འབད་བ་ཅིན་ རྒྱལཔོ་མཆོག་གིས་ ལུངས་ཕྱོགས་དེ་ཁར་ཡོད་མི་བདུདམོ་དེ་གིས་པུས་མོ་གཉིས་ཨེབ་བཞག་པའི་སྐབས་ པུས་མོ་གཡས་པ་གུར་སྤ་རོ་སྐྱིད་ཅུ་ལྷ་ཁང་དང་གཡོན་པ་གུར་བུམ་ཐང་བྱམས་པ་ལྷ་ཁང་བཞེངས་ཡོད་པའི་རྒྱུས་འདུག། ལྷ་ཁང་འདི་ ཤུལ་ལས་དུས་རབས་ ༡༤ པའི་ནང་ གཏེར་སྟོན་རྒྱལ་པོ་ལྔའི་ནང་གསེས་ གཏེར་སྟོན་རྡོ་རྗེ་གླིང་པ་མཆོག་གིས་ ཉམས་གསོ་མཛད་ཡོདཔ་ཨིན་པས།
ལྷ་ཁང་འདི་ ལྕམ་མཁར་ཆུ་གི་ལྟག་ལུ་ཐང་ཉམས་དགའ་ཏོག་ཏོ་ཅིག་ནང་ག་ནི་བ་ཇམས་དགའ་་ཏོག་ཏོ་སྦེ་མཇལ་ནི་ཡོདཔ་ཨིན། ལྷ་ཁང་འདི་ཐོག་གཅིགམ་ཨིན་རུང་ རང་ལུགས་བཟོ་རིག་བཅུ་གསུམ་གྱི་བཟོ་རིག་ཚུ་གཡོག་བཀོལ་ཏེ་རྐྱབ་ཡོདཔ་དང་ ནང་རྟེན་ཚུ་ཡང་ ག་ར་རྒྱལ་རབ་དང་མཐུན་པའི་ནང་རྟེན་བྱིན་ཅན་ཙང་ཙ་ར་ཡོདཔ་ཨིན། ལྷ་ཁང་ནང་ལུ་ ནང་རྟེན་ཁག་ཆེ་ཏོག་ཏོ་ལེ་ཤ་ཡོད་ས་ལས་ ཅིག་འདི་ བསྐལ་པའི་རྡོ་ཐེམ་འདི་ཨིན་པས། རྡོ་ཐེམ་དང་པ་སའི་ནང་འཛོལ་ཏེ་མཉམ་པ་སྦེ་ཨེན་ཏགིས་སྤུབས་ཡོད་མི་འདི་གིས་འདས་པའི་བསྐལ་པ་མཚོནམ་དང་ རྡོ་ཐེམ་གཉིས་པ་ལྷ་ཁང་གིས་ཐོག་ཚད་དང་དྲན་འདྲ་ཡོད་མི་འདི་གིས་ད་ལྟོ་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྐལ་པ་འདི་མཚོནམ་ཨིན་པས། རྡོ་ཐེམ་གསུམ་པ་མཐོ་སུ་མཚམས་ཅིག་སྦེ་ཡོད་མི་འདི་གིས་ མ་འོངས་པའི་སངས་རྒྱས་ཇོ་བོ་བྱམས་པའི་བསྐལ་པ་མཚོནམ་ཨིནམ་དང་ས་ རྡོ་ཐེམ་འདི་ ནུབ་སྟེ་ས་དང་དྲན་འདྲ་འགྱོ་བའི་ཚེ་ འཛམ་བུ་གླིང་འདི་ཚར་གཅིག་བསྐལ་པ་ནུབ་ནི་ཨིན་ཟེར་ཡིད་ཆེ་བསྐྱེདཔ་ཨིན། ལྷ་ཁང་གི་མཚན་བྱམས་པ་ལྷ་ཁང་ཟེར་ཞུ་དགོ་མི་དེ་ཡང་ དེ་ནང་ནང་རྟེན་གཙོ་བོ་མ་འོངས་པའི་སངས་རྒྱས་ཇོ་བོ་བྱམས་པ་བཞུགས་ཡོད་མི་ལུ་བརྟེན་ཏེ་ དེ་སྦེ་གསོལ་བའི་ལོ་རྒྱུས་འདུག། སྐུ་འདྲ་འདི་བཙོང་བཙན་སྒམ་པོ་ཁོ་ར་གིས་བཙུགས་གནང་ཡོདཔ་སྦེ་ཡིད་ཆེ་བསྐྱེད་དོ་ཡོདཔ་དང་ དེའི་གཡས་གཡོན་ལུ་བྱང་ཆུབ་སེམས་པ་བཞི་གིས་སྐོར་ཏེ་ཡོདཔ་ཨིན། དེ་གི་གཡས་ཁ་ཐུག་ལུ་དུས་འཁོར་གྱི་ལྷ་ཁང་ཡོད་མི་འདི་ དུས་རབ་ ༡༩ པའི་མཇུག་ཁམས་ལུ་མི་དབང་རྒྱུད་འཛིན་དང་པ་ གོང་ས་ཨོ་རྒྱན་དབང་ཕྱུག་གིས་བཞེངསཡོདཔ་ཨིན་པས། (Bhutan Soul Tour & Travel, 2021) དེའི་མཐའ་མར་ མགོན་ཁང་གཅིག་ཡོད་མི་འདི་མི་དམང་ལུ་མཇལ་ཁ་མེདཔ་ཨིན་དང་དེ་གི་ཟུར་ཁ་ལས་བྱང་ཕྱོགས་ལུ་ མཆོད་རྟེན་ལྷ་ཁང་ཡོད་མི་འདི་ དུས་རབ་ ༢༠ པའི་ནང་ ཨ་ཞེ་དབང་མོ་གིས་བཞེངས་གནང་གནངམ་ཨིན་པས། ལྷ་ཁང་གཙོ་བོ་གི་གཡོན་ཕྱོགས་ལུ་ གུ་རུའི་ལྷ་ཁང་འདི་ཡོདཔ་ཨིན། ལྷ་ཁང་འདི་དུས་རབ་ ༡༩ པའི་ནང་ བྱ་དཀར་རྫོང་དཔོན་བརྩུན་འགྲུས་རྒྱལ་མཚན་གྱིས་བཞེངས་གནང་ཡོདཔ་ཨིན། (cultural atlas,2013). དེ་ནང་རྟེན་གཙོ་བོ་གུ་རུ་རིན་པོ་ཆེའི་སྐུ་འདྲ་དང་ གཞན་སྤྱན་རས་གཟིགས་དང་འོད་དཔག་མེད་ཀྱི་སྐུ་འདྲ་ དེ་ལས་གཡས་ཕྱོགས་ལུ་སྒྲོལ་མ་ཉི་ཤུ་རྩ་གཅིག་གསྡེབ་རིས་ ཕྱག་སྟོང་སྤྱན་སྟོང་ཀྱི་སྡེབ་རིས། ནུབ་སྣང་བ་མཐའ་ཡས་ཀྱི་སྡེབ་རིས་ཚུ་དང་ གཏེར་སྟོན་པདྨ་གླིང་པ་གིས་བྲིས་གནང་བའི་མགོན་པོ་མ་ནིང་གི་སྡེབ་རིས་ཚུ་ཡོདཔ་ཨིན་པས། དེ་ལས་ ལྷ་ཁང་གཙོ་བོའི་བྱང་ཕྱོགས་ལུ་སགས་རྒྱས་ཀྱི་ལྷ་ཁང་ཡོད་མི་དེ་མི་དབང་ཞིང་ཕེབས་གཉིས་པ་འཇིགས་མེད་དབང་ཕྱུག་གིས་བཞེངས་ཡོདཔ་ཨིན། དེའི་ནང་ ནང་རྟེན་གཙོ་བོ་སངས་རྒྱས་རབས་བདུན། གུ་རུ་རིན་པོ་ཆེ་དང་སངས་རྒྱས་སྨན་བླ་དེ་ལས་སྤྱན་རས་གཟིགས་ཚུ་གི་སྡེབ་རིས་ཚུ་ཡོདཔ་ཨིན།
ཨིན་རུང་ དད་པའི་ས་བོན། (༢༠༡༣) ནང་ལུ་ཨིན་པ་ཅིན་ བུམ་ཐང་རྫོང་ཁག་གི་སྲོལ་འཛིན་འགོ་དཔོན་སངས་རྒྱས་དབང་ཕྱུག་གིས་ཞིས་ཞིབ་འཚོལ་འབད་མི་དང་འཁྲིལ་ཏེ་ཨིན་ཟེར་ གུ་རུ་ལྷ་ཁང་འདི་ སྤྱི་ལོ་ ༡༨༧༢ ལུ་ བྱ་དཀར་རྫོང་དཔོན་ འཆི་མེད་རྡོ་རྗེ་གིས་བཞེངས་ཡོདཔ་དང་ དུས་འའཁོར་ལྷ་ཁང་འདི་ ཆོས་རྩེ་དཔོན་སློབ་འཇིགས་མེད་རྣམ་རྒྱལ་མཆོག་གིས་བཞེངས་ཡོདཔ་སྦེ་བཀོད་ཡོདཔ་དང་། མདུན་ཕྱོགས་ཀྱི་སངས་རྒྱས་རབ་བདུན་གྱི་ལྷ་ཁང་འདི་ དུས་རབས་ ༡༩ པའི་ནང་ བྱ་དཀར་དཔོན་སློབ་པདྨ་བསྟན་འཛིན་གྱིས་བཞེངས་ཡོདཔ་སྦེ་བཀོད་དེ་འདུག།
ལྷ་ཁང་གི་ཕྱོགས་བཞི་ལུ་ ལྷ་ཁང་དང་དུས་མཉམ་བཞེངས་པའི་ དཀར་ སེར་ དམར་ ལྗང་གི་མཆོད་རྟེན་བཞི་མཇལ་ནི་ཡོད་མི་འདི་ཡང་ ཞི་རྒྱས་དབང་དྲག་གི་ལས་བཞི་སྒྲུབ་མི་ རྒྱལ་ཆེན་བཞི་གི་རྟེན་སྦེ་བཞེངས་ཡོདཔ་ཨིན་པས། བྱམས་པ་ལྷ་ཁང་འདི་ ཕྱི་རྒྱལ་ཁབ་ཀྱི་ལྟ་བཤལ་པ་ཚུ་གི་སེམས་བརྐུ་ཚུགས་པའི་ཁྱད་ཆོས་དང་ལྡནམ་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་གནས་སྐོརཔ་ཚུ་གིས་དད་པ་དང་ཡིད་ཆེ་སྐྱེད་སའི་གནས་ཁྱད་འཕགས་ཅན་དང་ ས་གནས་འདི་ཁ་གི་མི་ཚུ་གི་ཕྱག་མཆོད་ཕུལ་སའི་ཡུལ་ངོ་མ་ཅིག་ཡང་ཨིན། དུས་རབས་ ༡༤ པའི་ནང་ གཏེར་སྟོན་རྡོ་རྗེ་གླིང་པ་མཆོག་གིས་གཞི་བཙུགས་གནང་མི་སྒྲུབ་ཆེན་འདི་ ད་རེས་ནངས་པ་ཡང་ལོ་བསྟར་བཞིན་དུ་ ལྕགས་མཁར་བླམ་གི་འགོ་འདྲེན་ཐོག་ རང་ཟླ་ ༩ པའི་ ཚེས་ ༡༥ གི་ཕྱི་རུ་ལས་འགོ་བཙུགས་ཏེ་ ཚེས་ ༡༨ ཚུན་ གཏེར་འཆམ་དང་གར་འཆམ་གཞན་ཚུ་མཇལ་ཁ་གནང་སྟེ་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན། དེ་འབདཝ་ལས་བརྟེན་ས་གནས་དེ་ཁར་ འདད་ཅན་གི་འབྲུག་ནང་འཁོད་ཀྱི་མི་སེར་དང་ ཕྱིའི་ལྟ་བཤལཔ་ཡང་ལེ་ཤ་འཛོམས་མི་འདི་གིས་་མི་སྡེ་གོང་འཕེལ་ལུ་ཕན་ཐོགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་ འབྲུག་རྒྱལ་ཁབ་ནང་ལུ་ལྷ་ཁང་རྙིང་ཤོས་ཅིག་ཨིན་པའི་མིང་གཏམ་ཁྱབས་ལས་ ལོ་སྟར་བཞིན་དུ་མཇལ་བར་འོང་མི་ལྟ་བཤལ་པའི་རྒྱང་ཁ་ཡར་སེང་སོང་སྟེ་ར་ཡོདཔ་ཨིན།
རྒྱབ་བརྟེན་དཔེ་ཆ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེ། ༢༠༡༣) དད་པའི་ས་བོན། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། ཐིམ་ཕུག།
Bhutan Cultural Atlas. (2013) Jampa Lhakhang. https://bhutanculturalatlas.clcs.edu.bt/431/culture/sites+ structures/monasteries temples/jampajampey-lhakhang/431/
Bhutan Soul Tour & Travel. (2021) Jamba Lhakhang. Bumthang-central Bhutan. https://bhutansoul.com/jamba-lhakhang-bumthang-central-bhutan/
Lonely planet. (2022) Jampey Lhakhang Buddhist temple in Chokhor valley. https://web.archive.org/web/20151013102929/http://www.lonelyplanet.com/bhutan/chokhor-valley bumthang/attractions/jampey-lhakhang/a/poi-sig/1371068/1335542
སྐྱིད་ཆུ་ལྷ་ཁང་།
༉ ཡོངས་གྲགས་ཅན་གྱི་སྤ་རོ་སྐྱིད་ཆུ་ལྷ་ཁང་འདི་ སྤ་རོ་ལམ་གོང་རྒེད་འོག་གི་འོག་ལུ་ཆགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་ སྤ་རོ་ཚོང་འདུས་ལས་འབྲུག་རྒྱལ་རྫོང་ལུ་འགྱོ་སའི་སྣུམ་འཁོར་གཞུང་ལམ་གྱི་གཡོན་ཧོངས་ལུ་ཆགས་ཏེ་ཡོདཔ་དང་སྤ་རོ་ཁྲོམ་ཁ་ལས་འབད་བ་ཅིན་ ཀི་ལོ་མི་ཀྲར་ ༢ དེ་ཅིག་གི་ས་ཁར་ཨིན་པས། (དད་པའི་ས་བོན། ༢༠༠༨ །) ལྷ་ཁང་དེ་གི་མིང་གཞན་ཡང་ སྐྱེར་ཆུ་ལྷ་ཁང་དང་ལྷོ་སྐྱེར་ཆུ་ ཟེར་ཡང་སླབ་སྲོལ་ཡོདཔ་དང་ ལྷ་ཁང་འདི་ འབྲུག་རྒྱལ་ཁབ་ནང་གི་ལྷ་ཁང་རྙིང་ཤོས་ཚུ་གི་གྲས་ལས་ཅིག་ཨིན། ལྷ་ཁང་འདི་ ་དུས་རབས་ ༧ པའི་ནང་ལུ་ བོད་ཀྱི་རྒྱལཔོ་སྲོང་བཙན་སྒམ་པོ་གིས་ ཉིནམ་གཅིག་ནང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་ བཞེངས་གནང་མའི་གྲས་ལས་ ང་བཅས་ཀྱི་རྒྱལ་ཁབ་ནང་གཉིས་ཡོད་ས་ལས་གཅིག་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ བོད་ཀྱི་རྒྱལཔོ་སྲོང་བཙན་སྒོམ་པོ་གིས་ གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས་དགོ་པའི་རྒྱུ་མཚན་ གཙོ་བོ་ར་ དེ་བསྒང་སངས་རྒྱས་བསྟན་པའི་དགྲ་བགེགས་བདུད་ཚུ་གིས་ ལུས་ཅན་གྱི་གཟུགས་ལུ་སྤྲུལ་ཏེ་བར་ཆད་རྐྱབ་དོ་ཡོདཔ་ལས་ དེའི་ཁ་གནོན་གྱི་དོན་ལུ་ བཞེངས་ཡོདཔ་སྦེ་ཨིན་པས། ལྷ་ཁང་འདི་ནང་ ཤུལ་ལས་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ ཞབས་ཀྱིས་བཅགས་ཏེ་གཏེར་ཁ་མ་འདྲཝ་ལེ་ཤ་ར་སྦས་ཏེ་བཞག་ཡོདཔ་སྦེ་ཨིན་པས།
སྐྱིད་ཆུ་ལྷ་ཁང་ངོ་མ་འདི་ ད་ལྟོ་ཇོ་བོའི་སྐུ་ཡོད་སའི་ལྷ་ཁང་གྲུ་བཞིམ་རྐྱངམ་གཅིག་ཨིན་རུང་ ཤུལ་ལས་ རྗེ་མཁན་ཁྲི་རབས་ ༢༥ པ་ཤེས་རབ་རྒྱལ་མཚན་གྱིས་ཕྱི་གི་ཚོགས་ཁང་ཚུ་བཞེངས་ཏེ་ཡོདཔ་དང་ རྗེ་ཁོ་ར་གིས་མཛད་དེ་ཡོད་པའི་གཙུག་ལག་ཁང་གི་དཀར་ཆག་ནང་ལས་འཐོན་མི་དང་འཁྲིལ་བ་ཅིན་ དུས་རབས་ ༡༢ པའི་ནང་ལུ་ བླ་མ་ལྷ་པ་ཚུ་གིས་བདག་འཛིན་འབད་དེ་ཡོདཔ་དང་ དུས་རབས་ ༡༣ པ་ནང་ལུ་ བླམ་ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྲས་ཉི་མའི་བརྒྱུད་པ་འཛིན་མི་ཚུ་་ལུ་ རྩིས་ཕུལ་ཡོདཔ་སྦེ་ཨིན་མས། (ཀུན་བཟང་འཕྲིན་ལས། ༢༠༠༨)
བདུད་མཇོམས་ཆོས་འབྱུང་ནང་ལུ་ སྐྱིད་ཆུ་ལྷ་ཁང་འདི་མཇལ་ནི་ར་མེད་པར་ཡར་སོངཔ་ཨིན་རུང་ གཏེར་སྟོན་རྒྱལ་པོ་ལྔའི་ནང་གསེས་ གཏེར་སྟོན་པདྨ་གླིང་པ་གིས་ སྔར་ག་ཨིནམ་སྦེ་ཉམས་གསོ་མཛད་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་ ༡༦༤༤ ལུ་ཞབས་དྲུང་རིན་པོ་ཆེ་གི་ཕྱག་ལུ་ཚུད་དེ་་བདག་འཛིན་མཛད་ཡོདཔ་དང་ སྤྱི་ལོ་ ༡༨༣༦ ལས་ ༡༨༣༨ ཚུན་ལུ་ རྗེ་མཁན་ཁྲི་རབས་ ༢༥ པ་ཤེས་རབ་རྒྱལ་མཚན་གྱིས་ ཉམས་གསོ་དང་ལེགས་བཅོས་ཚུ་མཛད་དེ་ རབ་གནས་ཚུ་ཡང་གནང་ཡོདཔ་ཨིན་མས། དེ་ལས་ སྤྱི་ལོ་ ༡༩༧༡ ལུ་ མི་དབང་རྒྱལ་ཡུམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ལྷ་ཁང་འདི་སྔར་ལས་ལྷག་སྟེ་ ཕྱི་ནང་གཉིས་ཆ་ར་ཉམས་བཅོས་འབད་ཡོདཔ་དང་ ཇོ་བོའི་ལྷ་ཁང་གི་གཡོན་ཁ་ཐུག་ལུ་ གུ་རུ་ལྷ་ཁང་གཅིག་ཡང་གསར་བཞེངས་གནང་ཏེ་ དཔལ་ཆེན་འདུས་པ་ ཕུར་པ་དང་རྡོར་སེམས་ཀྱི་ལོ་བསྟར་སྒྲུབ་ཆེན་ཡང་གཞི་བཙུགས་གནང་སྟེ་ཡོདཔ་ཨིན།
ལྷ་ཁང་འདི་ནང་ནང་རྟེན་གཙོ་བོ་ར་ སྨོན་ལམ་གང་བཏབ་ཐེབས་པའི་ཇོ་བོ་ཤཱཀྱ་མུ་ནི་གི་སྐུ་འདྲ་སྦོམ་གཅིག་དང་ སྤྱན་རས་གཟིགས་སྐུ་བྱིན་ཅན་གཅིག་ཡོདཔ་ཨིན་པས། ལྷ་ཁང་ནང་ནའི་འཐིང་གཞི་ ཨེན་ཏ་འདི་ གཡུ་དང་བྱུ་རུ་མུ་ཏིག་ཚུ་གིས་ མཛེས་ཏོག་ཏོ་སྦེ་བརྒྱན་ཏེ་ཡོདཔ་ཨིན། གནས་དེ་རྩ་ཅན་ཅིག་ཨིན་པའི་ཁར་ ཁུ་སིམ་སི་སྦེ་སྐྱིད་ཏོང་ཏོ་ཡོདཔ་ལས་ ཨ་རྒས་ཨང་རྒས་ཚུ་་ དུས་རྒྱུན་སྐོར་ར་རྐྱབ་སྟེ་སྡོད་སར་མཐོངམ་ཨིན། དེ་ལས་ རྡོ་ཆལ་ནང་གི་འཛུལ་སྒོའི་གྱང་གུར་ གླིང་གེ་སར་རྒྱལ་པོའི་ལྡེབས་རིས་ཡོདཔ་དང་། ལྷ་ཁང་གི་འཛུལ་སྒོ་འདི་ གསེར་སྒྲོན་ཏེ་གཟི་བརྗིད་ཆེ་ཏོག་ཏོ་སྦེ་ཡོདཔ་ཨིན། གཞན་ཡང་ ལྷ་ཁང་གི་མཐའ་འཁོར་ལུ་ དགེ་སློང་ཚུ་བཞུགས་སའི་ཉལ་ཁང་དང་ མ་ནི་གདུང་འཁོར་དང་ལག་འཁོར་མ་ཎི་ཚུ་བཙུགས་ཏེ་ ག་ནི་བ་ཉམས་དགའ་ཏོག་ཏོ་སྦེ་ཡོདཔ་ཨིན།
སྐྱིད་ཆུ་ལྷ་ཁང་འདི་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་གི་ལྷ་ཁང་རྙིང་ཤོས་ཅིག་ཨིན་པའི་ཁར་ ལམ་སྲོལ་དང་རྒྱལ་རབས་ལུ་དང་ཡང་འབྲེལ་བ་སྦོམ་ཡོདཔ་ལས་ ད་རེས་ནངས་པ་གཞུང་གྲྭ་ཚང་གིས་དུས་ཨརྟག་ར་བདག་འཛིན་འཐབ་སྟེ་ཡོདཔ་ཨིན། དེ་འབདཝ་ལས་བརྟེན་ གནས་དེ་ཁར་དད་ཅན་གྱི་འབྲུག་པའི་མི་ཤེར་དང་ ཕྱིའི་ལྟ་བཤལཔ་ཚུ་ལྷ་ཁང་མཇལ་བར་རྒྱུན་མ་ཆན་པར་འོང་ནི་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༠༨) དད་པའི་ས་བོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་བསྐྲུན་ཁང་།
སྤ་རོ་རྫོང་ཁག་བདག་སྐྱོང་། (༢༠༢༡) སྐྱིད་ཆུ་ལྷ་ཁང་། http://www.paro.gov.bt/dz/node/322 ནང་ལས་ཕབ་ལེན་འབད་ཡོད།
Drukasia.com. (n.d). Kyichu Lhakhang. Retrieved from: https://www.drukasia.com/bhutan/paro/kyichu-lhakhang/
En.wikipedia.com. (n.d). Kyichu Lhakhang. Retrieved from: https://en.wikipedia.org/wiki/Kyichu_Lhakhang
ཀུན་དགའ་རབ་བརྟན་ཕོ་བྲང་།
ཀུན་དགའ་རབ་བརྟན་ཕོ་བྲང་འདི་ ཀྲོང་གསར་ཆ་འོག་བྲག་སྟེང་རྒེད་འོག་གཡུས་ཀུན་དགའ་རབ་བརྟན་ལུ་ ཀྲོང་གསར་དང་གསར་སྤང་གི་གཞུང་ལམ་གྱི་འོག་ལུ་ ཉམས་དགའ་ཏོག་ཏོ་སྦེ་ཆགས་ཏེ་ཡོདཔ་ཨིན།ཕོ་བྲང་འདི་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༡༦༠༠ དེ་ཅིག་ལུ་ཆགས་ཏེ་ཡོདཔ་ཨིན། Sangay Thinley (2014) ཀྱིས་འབད་བ་ཅིན་ ཧེ་མ་དུས་རབ་ ༡༩ པའི་ནང་ འབྲུག་རྒྱལ་ཁབ་འདི་ སྡེ་སྲིད་དང་དཔོན་སློབ་ཚུ་གིས་སྐྱོང་སྟེ་སྡོད་པའི་སྐབས་ ཀྲོང་གསར་དཔོན་སློབ་དུང་དཀར་རྒྱལ་མཚན་དང་ བྱ་དཀར་དཔོན་སློབ་པདྨ་བསྟན་འཛིན་གཉིས་ ཀྲོང་གསར་དཔོན་སློབ་གི་གོ་གནས་ཀྱི་སྐོར་ལས་ སྒྲིག་མ་ཚུགས་པ་དམག་འཁྲུག་བྱུང་ཡོད་ནང་།ལོ་གསུམ་གྱི་ཤུལ་ལས་ བྱ་དཀར་དཔོན་སློབ་པདྨ་བསྟན་འཛིན་གྱིས་དུང་དཀར་རྒྱལ་མཚན་ལས་རྒྱལ་ཁ་ཐོབ་སྟེ་ ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་བཞེས་ཡོདཔ་སྦེ་ཨིན་མས། དེ་ལས་ ཁོ་གིས་བུམ་ཐང་བྱ་དཀར་རྫོང་གི་འོག་ལུ་ ས་གནས་གཏེར་དཀར་གཞོང་ཟེར་ས་ལུ་ གནམ་བྱཱར་གྱི་གདན་ས་བཞེངས་གནང་ཡོདཔ་དང་ གནམ་དགུན་གྱི་གདན་ས་འདི་ཀྲོང་གསར་ལུ་ སྟེགས་མཁར་ཟེར་ད་རེས་ཀུན་དགའ་རབ་བརྟན་ཕོ་བྲང་ཡོད་སར་བཞེངས་གནང་ཡོདཔ་སྦེ་ཨིན་པས།
དད་པའི་ས་བོན་ (གནམ་ལོ་མེད། ༢༠༡༥ ཤོག་གྲངས་ ༡༣༡-༡༣༢) ལས “རྫོང་འདི་འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་གཉིས་པ་ དཔལ་མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་ རང་ལུགས་རབ་བྱུང་བཅུ་དྲུག་པའི་གནམ་ལོ་ས་མོ་སྦྲུལ་ལམ་སྤྱི་ལོ་ ༡༩༢༩ ལོར་ གནམ་དགུན་གྱི་བཞུགས་གནས་སྦེ་གསར་བཞེངས་གནང་ནུག།” ཟེར་ཨིན་པས། དེ་སྦེ་ཕོ་བྲང་འདི་ ས་གནས་དེ་ནང་བཞེངས་དགོ་པའི་རྒྱུ་མཚན་ཡང་ ས་གནས་དེ་ཀྲོང་གསར་རྫོང་དང་ཁོ་རའི་ཡབ་མེས་ཀྱི་གདན་ས་གཡུང་དྲུང་ཆོས་གླིང་གཉིས་ཀྱི་བར་ན་ཚུད་ནི་དེ་གིས་ ཕྱག་ལཱ་མཛད་ནི་ལུ་བྱ་སྟབས་བདེ་ནི་ལུ་དམིགས་ཏེ་ཨིན་པས། མི་དབང་འབྲུག་རྒྱལ་གཉིས་པ་ཁོ་ར་སྤྱི་ལོ་ ༡༩༥༢ ལུའམ་རང་ལུགས་རབ་བྱུང་ ༡༦ པའི་གནམ་ལོ་ཆུ་ཕོ་འབྲུག་ཟླཝ་ ༡ པའི་ཚེས་ ༡༠ ལུ་དགོངས་པ་ཡང་ས་གནས་དེ་ཁར་རྫོགས་ཡོདཔ་ཨིན་པས།
Sangay Thinley (2014) འབད་བ་ཅིན་ ཕོ་བྲང་འདི་ འབྲུག་པའི་ལུགས་སྲོལ་སྦེ་རྩིགཔ་དང་ཤིང་གི་སྦེ་བཞེངས་ཡོདཔ་དང་ སྲུང་རྒྱབ་ཚུ་གིས་བྱ་བལྟ་ནི་གི་དོན་ལུ་དོང་ཡང་ཡོདཔ་སྦེ་ བཞེངས་གནང་སྟེ་ཡོད་ཟེར་ཨིན་མས། ཧེ་མ་འབད་བ་ཅིན་ འོག་ཐོག་ལུ་འབྲུ་ཁང་དང་ཐོག་དང་པམ་ནང་འབད་བ་ཅིན་ སྲུང་སྐྱོབ་དམག་མི་ཚུ་བཞག་སྲོལ་ཡོདཔ་ཨིན་རུང་ ད་རེས་འོག་ཐོག་སྟོངམ་སྦེ་ལུས་ཡོདཔ་དང་ ཐོག་དང་པམ་ནང་ལུ་དགེ་སློང་ཚུ་ཆོས་བལྟ་ནི་གི་དོན་ལུ་ སློབ་ཁང་སྦེ་བཟོ་སྟེ་ཡོདཔ་ཨིན། དེ་ལས་ ཐོག་གཉིས་པམ་ནང་ལུ་ སངས་རྒྱས་ལྷ་ཁང་ཡོདཔ་དངའདི་ནང་ ནང་རྟེན་གཙོ་བོ་སངས་རྒྱས་ཤཱཀྱ་ཐུབ་པ་དང་སྒྲོལ་མ་ཉི་ཤུ་རྩ་གཅིག་ དེ་ལས་ མི་དབང་འབྲུག་རྒྱལ་གཉིས་པ་བལ་ཡུལ་ལུ་གཟིགས་སྐོར་གནང་པའི་སྐབས་ བལ་ཡུལ་གྱི་མི་ཚུ་གིས་ཕྱག་མཇལ་སྦེ་གནང་ཡོད་པའི་ མཆོད་རྟེན་གསེར་སྒྲོན་མ་ཚུ་མཇལ་ནི་ཡོདཔ་ཨིན། ལྷ་ཁང་ནང་གྱི་ལྡེབ་རིས་ཚུ་ཡང་ སྤྱན་རིས་གཟིགས་དང་ཨོ་རྒྱན་གུ་རུ་རིན་པོ་ཆེའི་ཞིང་ཁམས་ཟངས་མདོག་དཔལ་རི་ཚུ་ཡོདཔ་ཨིན།
ད་རེས་ནངས་པ་ ཕོ་བྲང་འདི་ནང་ རྒྱལ་ཡོངས་དཔེ་མཛོད་ཀྱི་ཡན་ལག་ཅིག་བཙུགས་ཏེ་ཡོདཔ་དང་ ཀྲོང་གསར་རབ་སྡེ་གིས་བདག་འཛིན་མཛད་དེ་ དགེ་སློང་གི་སློབ་གྲྭ་གཞི་བཙུགས་མཛད་གནང་ཡོདཔ་ཨིན།
རྒྱབ་རྟེན།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༥) དད་པའི་ས་བོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
Thinley. S (2014) Kuenga Rabten Palace. Retrived from:
རིགས་གསུམ་དགོན་པ།
སྔོན་བྱོན་རྒྱལ་བ་གོང་མ་ཚུ་གིས་ རང་བཙན་གྱི་རྒྱལ་ཁབ་འབྲུག་ཡུལ་འདི་ནང་ དུས་གསུམ་གྱི་གནོད་པ་ཚུ་བཟློག་ནིའི་དོན་ལུ་ ལུང་བསྟན་གཟིགསཔ་བཞིན་དུ་ བཞེངས་གནང་མི་ལྷ་ཁང་དང་དགོན་སྡེ་ལེ་ཤ་ཅིག་ཡོདཔ་ཨིན། དེའི་ནང་ལས་ ཤར་ཕྱོགས་བཀྲིས་གཡང་རྩེ་རྫོང་ཁག་ འབུམ་སྡེ་གླིང་རྒེད་འོག་ནང་ལུ་ཡོད་པའི་རིག་གསུམ་དགོན་པ་ལྷ་ཁང་འདི་དུས་རབས་ ༡༨ པའི་ནང་ རྗེ་མཁན་ཁྲི་རབས་དགུ་པ་རྒྱལ་བ་ཤཱཀྱ་རིན་ཆེན་གྱི་སློབ་མ་ བླམ་ཚེ་རིང་རྒྱ་མཚོ་གིས་གདན་ས་བཅགས་གནང་ནུག། ཤར་སྟོད་རིགས་གསུམ་དགོན་པའི་གནས་དེ་ཁར་འགྱོ་དགོ་པ་ཅིན་ གཡང་རྩེ་རྫོང་ཁག་འབུམ་སྡེ་གླིང་རྒེད་འོག་ལྟེ་བ་ལས་ རྐང་ཐང་སྦེ་དུས་ཡུན་ཆུ་ཚོད་ ༤ དེ་ཅིག་ཁ་ཡར་བལྟ་སྟེ་འགྱོ་དགོཔ་ཨིན་པས།
བླམ་ཚེ་རིང་རྒྱ་མཚོ་མཆོག་ལུ་ གུ་རུ་རིན་པོ་ཆེའི་སྦས་གནས་རྩ་ཅན་ཚུ་གི་གནས་སྒོ་ཕྱེ་ནིའི་ལུང་བསྟན་ཡོདཔ་ལས་ སྤུ་ན་ཁ་གྲྭ་ཚང་ལས་བྱོན་ཏེ་ བཀྲིས་གཡང་རྩེའི་བྱང་ཁ་ཐུག་གི་གནས་པདྨ་གླིང་ཟེར་ས་ལུ་ཕེབས་ད་ རིགས་གསུམ་དགོན་པོ་ འཇམ་དཔལ་དབྱངས་དང་ཕྱག་ན་རྡོ་རྗེ་ སྤྱན་རས་གཟིགས་གསུམ་གྱི་སྐུ་རྗེས་ཡོད་མི་བྱག་ཕུག་ཅིག་མཇལ་ཏེ་ དེ་ཁར་སྒོམ་སྒྲུབ་གནང་ནིའི་དོན་ལུ་ ལྷ་ཁང་ཆུང་ཀུ་ཅིག་བཞེངས་ཡོད་ཨིན་མས། བླམ་ཁོ་ར་ཞིང་ལུ་གཤེགས་པའི་ཤུལ་ལུ་ ཁོ་རའི་ཚ་བོ་དང་བླ་བརྒྱུད་འཛིན་མི་བྱང་ཆུབ་རྒྱལ་མཚན་གྱིས་ ཐུགས་འགན་ཧྲིལ་བུམ་བཞེས་ཏེ་ད་ལྟོ་ཡོད་པའི་ལྷ་ཁང་འོག་མ་ཟེར་མི་ལྷ་ཁང་བཞེངས་ཡོདཔ་དང་ ལྡེབས་རིས་དཔག་བསམ་འཁྲི་ཤིང་ཡང་བཞེངས་ཡོད་མི་དེ་ ད་ལྟོའི་བར་ན་ཡང་མཇལ་ནི་ཡོདཔ་ཨིན་པས། དེ་གིས་སྦེ་ ལྷ་ཁང་གི་མཚན་ཡང་རིགས་གསུམ་དགོན་པ་ཟེར་བཏགས་གནང་ཡོདཔ་སྦེ་ཨིན་པས། སངས་རྒྱས་དོན་གྲུབ། (གནམ་ལོ་མེད། ༢༠༡༣།) གཞན་ཡང་ ལྷ་ཁང་འདི་ལས་ཉིན་ལམ་གཉིས་ཀྱི་ས་ཁར་ དཔལ་རི་རྩེ་སྤུན་གསུམ་ གངས་རི་སྤུན་གསུམ་དང་ ལྷ་ཁང་གི་ཉེ་འདབས་ལུ་ཡང་ སྐུ་རྗེས་གསུམ་ བྱག་ཕུག་གསུམ་ ལ་སོགས་པག་རགསུམ་གསུམ་སྦེ་ཡོདཔ་ལས་ རིགས་གསུམ་དགོན་པ་ཟེར་སླབ་ཡོདཔ་སྦེ་ཡང་ཨིན་པས།
བླམ་བྱང་ཆུབ་རྒྱལ་ཚན་དེ་གཤགས་པའི་ཤུལ་ལུ་ ཁོ་རའི་ཚ་བོ་བླམ་ངག་དབང་བློ་གྲོས་འདི་ རྗེ་མཁན་ཁྲི་རབས་ ༡༣ པ་རྗེ་ཡོན་ཏན་མཐའ་ཡས་མཆོག་ ཙ་རི་རོང་སྐོར་ལུ་བྱོན་པའི་སྐབས་ རིགས་གསུམ་དགོན་པའི་བླམ་གསུམ་པ་སྦེ་བསྐོས་གནང་ནུག། བླ་མ་དེ་གིས་ གནས་དེ་ཁར་ལྷ་ཁང་སྦོམ་གཅིག་བཞེངས་ཞིནམ་ལས་ འགྲོ་བ་སེམས་ཅན་ཚུ་ལུ་དགོངས་ཏེ་སྐུ་གསུང་ཐུགས་རྟེན་ཚུ་ལེ་ཤ་བཙུགས་གནང་ནུག། དེ་ཚུ་ཡང་ རིན་ཐང་ཅན་གྱི་ཇོ་བོ་ཤཱཀྱ་མུ་ནི་སྐུ་དང་ རྒྱལ་བའི་གསུང་བཀའ་འགྱུར་བསྟནའགྱུར་ དེ་ལས་བདེ་གཤེགས་མཆོད་རྟེན་བརྒྱད་ཚུ་ཨིན་པས། རིགས་གསུམ་དགོན་པའི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་འདྲ་པཉྩ་དེ་ཝ་གི་ཕྱག་བཟོ་འདི་ བླམ་ངག་དབང་བློ་གྲོས་ཀྱིས་སྤུ་ན་ཁ་རྫོང་ལས་ཞུ་ཞུཝ་ཨིནམ་དང་ བླ་རབས་ལྔ་པ་བླམ་ཤཱཀྱ་རྒྱལ་པོ་གི་སྐབས་ལུ་གསུང་བྱོན་ཡོད་པའི་ལོ་རྒྱུས་ཡང་ཡོདཔ་ཨིན།
རྒྱབ་རྟེན་དཔེ་དེབ།
སངས་རྒྱས་དོན་གྲུབ། (གནམ་ལོ་མེད། ༢༠༡༣།) གནས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།
Bletour.com (n.d) Rigsum Goenpa Retrieved from: https://www.bletour.com/location/rigsum-goenpa/
རྟ་མཆོག་སྒང་ལྷ་ཁང་།
༉ ཡོངས་གྲགས་ཅན་གྱི་རྟ་མཆོག་སྒང་ལྷ་ཁང་འདི་ སྤ་རོ་ལས་ཐིམ་ཕུག་གྱོ་སའི་གཞུང་ལམ་གྱི་གཡོན་ཁ་ཐུག་ ཆུ་འཛོམས་ལུ་ཨ་ཙི་མ་ལྷོདཔ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། གཞུང་ལམ་ལས་ལྷ་ཁང་ལུ་འགྱོ་དགོ་པ་ཅིན་ རྐང་ཐང་སྦེ་སྐར་མ་ ༥ དེམ་ཅིག་འགོར་ནི་ཨིན་པས། ལྷ་ཁང་འདི་ དུས་རབས་ ༡༤ པའི་ནང་ལུ་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གིས་གདན་ས་བཅགས་གནང་ནུག། ལྷ་ཁང་དེ་ཁར་བཞེངས་དགོ་མི་འདི་ཡང་ ཧེ་མ་གྲུབ་ཐོབ་ཐང་སྟོང་རིན་པོ་ཆེ་མཆོག་ འཕུར་རྡོ་དགོན་པ་ལས་མར་གཟིགསཔ་ད་ ད་རེས་ལྷ་ཁང་ཆགས་ཏེ་ཡོད་སའི་ལྷ་ཁང་འདི་ སྟེང་གནམ་གྲུ་གསུམ་དང་ འོག་ས་གྲུ་གསུམ་ དྲག་པོ་ཁྲོ་བོའི་དཀྱིལ་འཁོར་བྱུང་སྦེ་གཟིགས་པཡོདཔ་སྦེ་ཨིན་པས། ཉིནམ་གཅིག་འབདཝ་ད་རིན་པོ་ཆེའི་གཟིགས་སྣང་ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་རྟ་མཆོག་ རྟ་མཆོག་བྷ་ལ་ཧའི་གུར་ཆིབས་ཏེ་ ད་ལྟོ་ལྷ་ཁང་ཡོད་སའི་སྒང་ཏོ་གུར་ཆགས་ཆགསཔ་གཟིགས་ཏེ་ དེ་ཁར་གདན་ས་བཅགས་པ་ཅིན་ ཆོས་བརྒྱུད་དང་མི་རྒྱུད་གཉིས་ཆ་་ར་ལུ་ལེགས་ཤོམ་འོང་ནི་གི་ལུང་བསྟན་ཡང་གནང་ཡོདཔ་སྦེ་ཨིན་པས།(སྤ་རོ་རྫོང་ཁག། ༢༠༢༡།)
ཤུལ་ལས་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་མཆོག་གིས་ ཨྱོན་གུ་རུ་རིན་པོ་ཆེའི་ལུང་བསྟན་དང་འཁྲིལ་ཏེ་ གཙུག་ལག་ཁང་བཞེངས་གནང་ཞིནམ་ལས་ ཁོ་རའི་སྲས་མོན་པ་བདེ་བ་བཟང་པོ་གིས་བདག་འཛིན་མཛད་དེ་ རྟ་མཆོག་ཆོས་རྗེ་རིམ་བྱོན་གྱི་བཞུགས་གནས་སྦེ་བཟོ་སྟེ ད་ལྟོའི་བར་ན་ཡང་ཆོས་རྗེ་རིམ་བྱོན་གྱི་སྒེར་དབང་གཙུག་ལག་ཁང་སྦེ་མ་ཉམས་པར་ཡོདཔ་ཨིན།
གནས་དེ་ཁར་ གྲུབ་ཐོབ་རིན་པོ་ཆེ་ཏིང་ངེ་འཛིན་གྱི་ངང་ལུ་བཞུགས་སའི་རྡོའི་ཁྲི་དང་ རྟ་མཆོག་བྷ་ལ་ཧའི་ཞབས་རྗེས་གུར་བཞེངས་པའི་ཁང་བཟང་མཆོད་རྟེན་ཡང་ཡ་མཚན་ཆེ་ཏོག་ཏོ་ཚུ་མཇལ་ནི་ཡོདཔ་ཨིན། ལྷ་ཁང་དེ་ཁར་འགྱོ་བའི་ལམ་ཁར་ སྤ་ཆུ་གི་གུ་ལས་ གྲུབ་ཐོབ་མཆོག་གིས་བཞེངས་ཡོད་པའི་ལྕགས་ཟམ་གཅིག་ཡང་མཇལ་ནི་ཡོད། ལྷ་ཁང་འདི་ ཐོག་གསུམ་སྦེ་བཞེངས་ཏེ་ཡོདཔ་ལས་ ཐོག་དང་པའི་ནང་ སྤྲུལ་སྐུ་འཛིང་གི་ཕྱག་བཟོ་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་སྨན་འཇིམ་ལས་གྲུབ་མི་ གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ སྨོན་ལམ་གང་བཏབ་ཐེབས་མི་གཅིག་ཡོདཔ་དང་། བར་ཐོག་ལུ་མགོན་པོ་ཕྱག་དྲུག་པ་དང་ མ་གཟའ་དམ་གསུམ་གྱི་མགོན་ཁང་ཚུ་ཡོདཔ་ཨིན་པས།ཐོག་གསུམ་པའི་ནང་ལུ་ དགེ་སློང་མ་དཔལ་མོའི་ལུགས་ཀྱི་བཅུ་གཅིག་ཞལ་དང་ རྒྱལ་པོའི་ལུགས་ཀྱི་བཅུ་གཅིག་ཞལ། རྗེ་གྲུབ་ཐོབ་དང་སྲས་བདེ་བ་བཟང་པོའི་སྐུ་འདྲ་ གྲུབ་ཐོབ་ཀྱི་ཕྱག་བཟོ་ལྕགས་འཐག་དང་ཕྱག་མཁར། དེ་ལས་ རྗེ་ཡོན་ཏན་མཐའ་ཡས་ཙཱ་རི་གནས་བསྐོར་བའི་སྐབས་ཀྱི་ཕྱག་མཁར་ཚུ་མཇལ་ནི་ཡོདཔ་ཨིན་པས། (སྤ་རོ་རྫོང་ཁག། ༢༠༢༡།)
ལྷ་ཁང་འདི་ནང་ ལོ་བལྟར་བཞིན་སངས་རྒྱས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཚུ་ལྷག་དོ་ཡོདཔ་དང་ ལོ་བལྟར་གྱི་ཚེས་བཅུ་ཡང་ཡོདཔ་ཨིན་མས། དེ་ཁའི་ཚེས་བཅུའི་འཆམ་གྱི་ལེའུ་ཚུ་ཡང་ གཞན་དང་མ་འདྲཝ་སྦེ་ཡོདཔ་མ་ཚད་ བྱིན་རླབས་ཅན་ཡོད་ཟེར་སླབ་དོ་ཡོདཔ་ཨིན། གཞན་ཡང་ ཉིནམ་གཅིག་ལུ་ སྨད་སྤ་གྲོ་རྟ་མཆོག་གི་ཇོ་བོ་དང་བར་སྐྱིད་ཆུ་ལྷ་ཁང་གི་ཇོ་བོ་ སྟོད་ལྷ་ལྡིང་གི་ཇོ་བོ་གསུམ་མཇལ་ཚུགས་པ་ཅིན་ ཚེ་ཕྱི་མ་ངན་སོང་གསུམ་ནང་མི་སྐྱེ་ཟེར་ཡིད་ཆེས་བསྐྱེདཔ་ཨིན།ལྷ་ཁང་འདི་ ས་གནས་ཉམས་དགའ་ཏོག་ཏོ་ཅིག་གུར་ཆགས་ཏེ་ཡོདཔ་མ་ཚད་ ལྷ་ཁང་འོག་གི་སྤ་ཆུ་ནང་ པཱན་གྲུ་གཏང་སའི་ས་གོ་ཡང་ཡོདཔ་ལས་ ཕྱི་ལྟ་བཤལཔ་ཚུ་གི་དོན་ལུ་ཡང་ ས་ཉམས་སྐྱོང་ས་དང་པར་བཏབ་ནི་གི་ས་གོ་དགའ་ཤོས་ཅིག་ཨིན།
རྒྱབ་རྟེན་དཔེ་ཐོ།
ཕན་བདེ་ལེགས་བཤད་དབང་ཕྱུག། (༢༠༡༥) གནས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།
སྤ་རོ་རྫོང་ཁག། (གནམ་ལོ་མེད། ༢༠༢༡) རྟ་མཆོག་སྒང་ལྷ་ཁང་། http://www.paro.gov.bt/dz/node/312 ལས་ཕབ་ལེན་འབད་ཡོད།
Drukasia.com. (n.d). Tachogang Lhakhang. Retrieved from: https://www.drukasia.com/bhutan/paro/tachogang-lhakhang/
སྤ་རོ་སྟག་ཚང་གི་སྐོར།
༉ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ སངས་རྒྱས་གཉིས་པ་ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ སྦས་ཡུལ་སྦེ་བྱིན་གྱིས་རླབས་ཏེ་ཡོད་པའི་གནས་ལེ་ཤ་ཡོད་པའི་གྲས་ལས་ ཡོངས་གྲགས་ཅན་དང་བྱིན་རླབས་ཅན་གྱི་སྤ་རོ་སྟག་ཚང་འདི་ སྤ་རོ་རྫོང་ཁག་བཙན་ཏོག་རྒེད་འོག་ནང་ བྱག་སྦོམ་ཅིག་གི་རྐེད་པར་ རྒྱ་མཚོ་ལས་མཐོ་ཚད་མི་ཊར་ ༣༡༢༠ གི་ས་ཁར་ ཡ་མཚན་ཆེ་ཏོག་ཏོ་སྦེ་ཆགས་ཏེ་ཡོདཔ་ཨིན། གནས་དེ་ཁར་འགྱོ་དགོ་པ་ཅིན་ “སྤ་རོ་ས་མཚམས་མཆོད་རྟེན་ལས་ སྣུམ་འཁོར་ནང་ལས་ཐོན་ཞིན་ན་ རྐང་སྟོང་སྦེ་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་ ༢ ལྷགཔ་ཅིག་ལུ་ལྷོད་ཚུགས” (དད་པའི་ས་བོན། གནམ་ལོ་མེད་ ༢༠༠༨ ཤོག་གྲངས་ ༡༣༠།) ཟེར་བཀོད་དེ་འདུག།
དེ་ཡང་ དུས་རབས་ ༨ པའི་ནང་ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ རྡོ་རྗེ་གྲོ་ལོད་ཀྱི་རྣམ་པ་ལུ་སྐུར་བཞེངས་པའི་སྐབས་ལུ་ མོན་མོ་བཀྲིས་ཁེའུ་སྒྲོན་ཡང་ སྐུ་ལུས་འདོད་རྒུར་སྒྱུརཝ་ལས་ སྟག་མོའི་ཚུལ་ལུ་སྤྲུལ་ཏེ་ཆིབས་ཀྱི་རྣམ་པ་སྦེ་མཛད་དེ་ ད་ལྟོ་ཆགས་ཏེ་ཡོད་པའི་གནས་དེ་ཁར་བྱོན་ཞིནམ་ལས་ བྱག་ཕུག་དེ་ནང་ལོ་གསུམ། ཟླཝ་གསུམ། བདུན་ཕྲག་གསུམ་དང་ ཉིནམ་གསུམ་གྱི་རིང་ལུ སྒྲུབ་པ་གནང་ཡོདཔ་ཨིན། སྤ་རོ་རྫོང་ཁག་ (གནམ་ལོ་མེད། 2021 །) ས་གནས་འདི་ སྟག་མོ་གནས་སའི་ཚང་ཅིག་འབདཝ་ལས་ མིང་ཡང་སྟག་ཚང་ཟེར་ཡོངས་གྲགས་སོང་ཡོདཔ་ཨིན།
ཨོ་རྒྱན་རིན་པོ་ཆེ་མཆོག་གི་གསོལ་འདེབས་ལེའུ་བདུན་མ་ལས། སྟག་ཚང་སེང་གེ་བསམ་གྲུབ་ཀེའུ་ཚང་དུ། །གདུག་པའི་མུ་སྟེགས་བདུད་དང་དམ་སྲི་བཏུལ། །གནས་ཆེན་གངས་བྲག་རྣམས་ལ་གཏེར་ཆེན་སྦས། །མ་འོངས་སྙིགས་མའི་སེམས་ཅན་ཐུགས་རྗེས་གཟིགས། །རྡོ་རྗེ་གྲོ་ལོད་ཞབས་ལ་ཕྱག་འཚལ་ལོ།། ཟེར་གསུངས་བཞག་ཡོདཔ་བཟུམ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ བྱག་ཕུག་འདི་ནང་འབྱོན་དགོ་མི་དོན་དག་འདི་ཡང་ གནས་འདི་ཁར་བདུད་སྲིན་གདུག་དྲགས་ཚུ་ དམ་བཏགས་པར་འབྱོན་ཡོདཔ་དང་ མ་འོངས་འདུལ་བྱ་སེམས་ཅན་ཚུ་གི་དོན་ལུ་ ཟབ་གཏེར་ཚུ་སྦ་བཞག་པར་བྱོན་ཡོདཔ་ཨིན་མས། སྟག་ཚང་གི་གནས་འདི་ ཨྱོན་གུ་རུ་རིན་པོ་ཆེ་ཁོ་ར་རྐྱངམ་གཅིག་སྒྲུབ་པ་གནང་སའི་ཕུག་མེན་པར་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་མོན་མོ་བཀྲིས་ཁེའུ་སྒྲོན་གཉིས་ཡང་སྒྲུབ་པ་གནང་སྟེ་ གྲོགས་གསུམ་བདེ་ཆེན་ཧེ་རུ་ཀ་དང་ རྩ་ཐིག་རླུང་གསུམ་གྱི་རང་དབང་འཐོབ་ཡོདཔ་དང་། འབྱུང་བ་ལྔ་དང་ལུས་ངག་ཡིད་གསུམ་གྱི་བདག་དབང་ཡང་ཐོབ་ཡོདཔ་ཨིན། གཞན་ཡང་ ཚེ་དཔག་མེད་ཀྱི་ལུང་བསྟན་དང་ དཀྱིལ་འཁོར་ག་རའི་གཙོ་མོ་ལུ་གྱུར་ཡོད་པའི་གྲུབ་རྟགས་ལེ་ཤ་ཅིག་སྟོན་གནང་ཡོད་པའི་ གནས་ཆེན་ཅིག་ཨིན།
དེ་མ་ཚད་ཤུལ་ལས་ སངས་རྒྱས་བསྟན་པའི་བདག་རྐྱེན་མཛད་མི་ རྗེ་བཙུན་མི་ལ་རས་པ། ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་ གུ་རུ་རིན་པོ་ཆེ་ཁོ་རའི་ཐུགས་སྲས་ རྗེ་འབངས་ཉེར་ལྔ་ལས་རླངས་ཆེན་དཔལ་གྱི་སེངྒེ་ཚུ་ཡང་ གནས་དེ་ནང་ སྒྲུབ་པ་གནང་སྟེ་བཞུགས་ཡོད་པའི་ལོ་རྒྱུས་འདུག། གནས་དེ་ཁར་ ད་རེས་ནངས་པབཟུམ་སྦེ་ གཙུག་ལག་ཁང་ཚུ་ག་ནི་ཡང་མེདཔ་ལས་ ཨྱོན་གུ་རུ་རིན་པོ་ཆེའི་ལུང་བསྟན་ལས། སྟག་ཚང་དང་པོ་དར་ཞིང་བར་དུ་རྒུད། །ཐ་མ་རྡོ་རྗེ་འཛིན་པ་གཅིག་གིས་བདག། ཟེར་གསུངས་ཡོདཔ་བཟུམ་ དུས་རབས་ ༡༧ པའི་ནང་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འབྲུག་ལུ་བསྟན་པའི་མཛད་འཕྲིན་སྤེལ་ཏེ་བཞུགས་པའི་སྐབས་ལུ་ སྟག་ཚང་གི་གནས་བདག་སེངྒེ་བསམ་གྲུབ་ཀྱིས་ གནས་འདི་ཞབས་དྲུང་རིན་པོ་ཆེ་མཆོག་ལུ་རྩིས་ཕུལ་ཞིནམ་ལས་ ཞབས་དྲུང་ཁོ་ར་ཡང་ སྤྱི་ལོ ༡༦༤༦ ལུ་ བླ་མ་རིག་འཛིན་སྙིང་པོ་ལས་དགོངས་འདུས་ཀྱི་ཆོས་འཁོར་ཡོངས་རྫོགས་གསན་གནང་ཡོད་མི་གི་སྒྲུབ་པ་གནང་བའི་སྐབས་ སྒྲུབ་པ་ལེགས་ཤོམ་སྦེ་ མཐར་ཕྱིན་པའི་བྱིན་རླབས་ཐོབ་སྟེ་ཐུགས་བརྙེསཔ་ལས་ གནས་དེ་ཁར་གཙུག་ལག་ཁང་ཅིག་བཞེངས་ནིའི་ ཐུགས་བཞེས་གནང་ནུག། ཨིན་རུང་ རྒྱལ་ཁབ་ནང་ལུ་ཆོས་སྲིད་ཀྱི་ཕྱག་འགན་མང་རབས་ཅིག་བཀྲམ་སྟེ་བཞག་ཡོདཔ་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ལུ་གཙུག་ལག་ཁང་ཅིག་བཞེངས་དགོ་པའི་བཀའ་གནང་ནུག། ཞབས་དྲུང་རིན་པོ་ཆེ་གི་བཀའ་དང་འཁྲིལ་ཏེ་ བྱག་གི་རྐེད་པར སྤྱི་ལོ་ ༡༦༩༢ ལུ་ལྷ་ཁང་བཞེངས་ནི་འགོ་བཙུགས་ཏེ་ སྤྱི་ལོ་ ༡༦༩༤ ལུ་ རང་ལུགས་བཟོ་བཀོད་ཀྱི་ཐོག་ལུ་ ཡ་མཚན་ཆེ་ཏོག་ཏོ་སྦེ་བཞེངས་ཚར་ནུག།
དེ་ནང་ ནང་རྟེན་ཡང་ དཔོན་སློབ་གྲགས་པ་རྒྱ་མཚོ་གིས་བལ་ཡུལ་ལས་ལྷ་བཟོཔ་པཉ་དེ་ཝ་གདན་དྲངས་ཏེ་ རྒྱུ་ཟངས་ལས་བསྒྲུབས་པའི་གུ་རུའི་སྐུ་འདྲ་སྦོམ་ཅིག་བཞེངས་ཏེ་ ལྷ་ཁང་དེ་ཁར་ཞུཝ་ད་ ལམ་གཟར་དྲགས་ཡོད་མི་ལས་ཕར་ཞུ་ནི་སྟབས་མ་བདེ་བར་ སྐུ་གཟུགས་སོ་སོར་འཕྱལ་་ཏེ་ཞུ་ནིའི་ཞལ་འཆམ་བྱུངམ་ད་ སྐུ་དེ་གིས་གསུང་བྱོན་ཏེ་ ཁོ་ཞུ་ཚུགས་མི་ཅིག་འཐོན་འོང་ཟེར་གསུངམ་བཞིན་དུ་ གནས་བདག་སེངྒེ་བསམ་གྲུབ་ཀྱིས་མི་ཅིག་ལུ་སྤྲུལ་ཏེ་ ཞུ་ཡོད་པའི་གུ་རུ་གསུང་འབྱོན་མའི་སྐུ་གཅིག་དང་། སྨོན་ལམ་གང་བཏབ་ཀྱི་མཆོད་རྟེན་རྩ་ཅན་གཅིག། གཞན་ཡང་ གུ་རུ་མཚན་བརྒྱད་དང་ཚེ་དཔག་མེད་ཀྱི་སྐུ་རྟེན་བྱིན་ཅན་ལེ་ཤ་ར་ཡོདཔ་ཨིན། གནས་དེ་ཁར་ གུ་རུ་གསུང་བྱོན་མའི་ལྷ་ཁང་། གྲོ་ལོད་སྒྲུབ་ཕུག། ཀུན་ར། དཔལ་ཕུག་མཆོད་རྟེན་ལྷ་ཁང་། མཚན་བརྒྱད་ལྷ་ཁང་། གྲོ་ལོད་ལྷ་ཁང་། རྣམ་སྲས་ལྷ་ཁང་། ཚེ་དཔག་མེད་ལྷ་ཁང་། གནས་ཁང་དང་ སྟོང་མཆོད་ལྷ་ཁང་ཚུ་ཡོདཔ་ཨིན། (དད་པའི་ས་བོན། གནམ་ལོ་མེད། ༢༠༠༨ །)
སྟག་ཚང་འདི་ སྤྱི་ལོ་ ༢༩༥༡ གི་ལོ་ལུ་ མེ་མཆོད་བཞེས་ཡོདཔ་དང་ ད་རུང་ཤུལ་ལས་ སྤྱི་ལོ་ ༡༩༩༨ ལུ་ མེ་མཆོད་ཐེངས་གཉིས་པ་བཞེས་ཡོད་རུང་ ནང་རྟེན་གུ་རུ་གསུང་བྱོནམ་དང་ ཕུར་པའི་ཨེ་ཁྲམ་ཚུ་ཉམས་ཆག་མ་ཤོར་བར་ ད་རེས་ནངས་པ་ཡང་ དད་ལྡན་བསོད་ནམས་ཅན་གྱི་དད་པའི་རྟེན་སྦེ་གནས་དེ་ཁར་བཞུགས་ཏེ་ཡོདཔ་ཨིན། གནས་དེ་མེ་མཆོད་བཞེས་ཡོད་རུང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རང་ལུགས་འབྲུག་པའི་བཟོ་བཀོད་ཀྱི་ཐོག་ལུ་ སྔར་བ་ལྷག་སྟེ་ཉམས་གསོ་མཛད་གནང་ཞིནམ་ལས་ སྤྱི་ལོ་ ༢༠༠༥ ལུ་འབྲུག་གི་རྗེ་མཁན་ཁྲི་རབས་ ༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་དང་ རྒྱལ་སྲིད་བསྟན་འཛིན་རབ་རྒྱས་ཀྱི་སྤྲུལ་ཀུ་རྣམས་གཉིས་ཀྱིས་རབ་གནས་རྒྱས་ཤིང་རྒྱསཔ་སྦེ་གནང་སྟེ་ ད་རེས་ནངས་པ་ ག་ནི་བ་དགའ་ཏོག་ཏོ་དང་གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོདཔ་ཨིན།ཚེ་འདི་ལུ་གནས་དེ་མཇལ་ཚུགས་པ་ཅིན་ གནས་སྐབས་ཚེ་འདིའི་བསམ་པའི་དོན་དག་ག་ར་འགྲུབ་ཚུགས་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་ནི་དང་བར་ཆད་ཚུ་བསལ་ཏེ་སྡིག་སྒྲིབ་བྱང་ཚུགསཔ་མ་ཚད། ཚེ་ཕྱི་མ་ཟངས་མདོག་དཔལ་རི་གི་ཞིང་ཁམས་ལུ་སྐྱེ་ནིའི་རྟེན་འབྲེལ་སྒྲིགཔ་ཨིནམ་ལས་ འབྲུག་མི་ཡོངས་ཀྱིས་མཇལ་ཚུགས་པ་ཅིན་ ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོདཔ་ཨིན། ལྷག་པར་དུ་ གནས་འདི་ཕྱི་མི་ལྟ་བཤལ་པ་ཚུ་ལུ་ཡང་ ཡོངས་གྲགས་ཡོད་པའི་གནས་རྩ་ཅན་ཅིག་ཨིན།
རྒྱབ་རྟེན།
དད་པའི་ས་བོན། (གནམ་ལོ་མེད། ༢༠༠༨) འབྲུག་རྒྱལ་ཁབ་ཀྱི་གནས་མགོན་གཙུག་ལག་ཁང་གི་ཆགས་རབས་གསལ་བའི་ལམ་སྟོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
སྤ་རོ་རྫོང་ཁག། (གནམ་ལོ་མེད། ༢༠༢༡) སྤ་རོ་སྟག་ཚང་། http://www.paro.gov.bt/dz/node/300
འབྲུག་བལྟ་བཤལ་ཚོགས་སྡེ། (ལོ་མེད) http://www.parotaktsang.org
འབྲུག་ཨེ་ཤི་ཡ། (གནམ་ལོ་མེད། ༢༠༢༡) སྟག་ཚང་གཙུག་ལག་ཁང་། https://www.drukasia.com/bhutan/paro/taktsang-monastery/
རྟ་ལང་ཁ་ལྷ་ཁང་།
༉ རྟ་ལང་ཁའི་ལྷ་ཁང་ཡང་ན་ རྟ་ལང་བཀྲ་ཤིས་འབྲུག་རྒྱལ་མགོན་པའི་ལྷ་ཁང་འདི་ ག་ནི་བ་ཉམས་དགའ་བའི་རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ཡོད་པའི་སེམས་རྟོགས་ཁའི་རི་མགོ་ལུ་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༣༢༠༠ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཡིན། ལྷ་ཁང་འདི་ཁར་ སེམས་རྟོགས་ཁ་གསང་སྔགས་ཟབ་དོན་ཕོ་བྲང་རྫོང་གི་ལྟག་ལས་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་ ༢ དེ་ཅིག་ནང་ལྷོད་ནི་དང་ ལྕམ་སྒང་ལས་སྦེ་ཤིང་དུམ་བཏོན་སའི་ལམ་བདའ་སྟེ་ སྣུམ་འཁོར་ནང་འགྱོ་བ་ཅིན་དུས་ཡུན་སྐར་ཆ་ ༣༠ དེ་ཅིག་ནང་ལྷོད་ཚུགསཔ་ཨིན་པས། དེ་བཟུམ་སྦེ་ར་ བར་པའི་ས་ལས་ མི་ལམ་བདའ་སྟེ་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་ ༡ དེ་ཅིག་ནང་ལྷོད་དོ་ཡོདཔ་ཨིན་པས།
དད་པའི་ས་བོན་ (གནམ་ལོ་མེད། ༢༠༠༨) ནང་ལུ་ ལྷ་ཁང་འདི་གི་སྐོར་ལས་ གནས་ཚུལ་བསྡུ་སྒྲིག་འབད་དེ་ཡོད་མི་དང་འཁྲིལ་བ་ཅིན་ རྟ་ལང་བཀྲ་ཤིས་འབྲུག་རྒྱལ་དགོན་པའི་ལྷ་ཁང་འདི་ སྲོལ་འཛིན་ལས་ཁུངས་ཀྱི་རྟེན་གསུམ་ཐོ་དེབ་ནང་ལུ་འབད་བ་ཅིན་ གདན་ས་བཅགས་མི་འདི་ ཨ་ཞེ་སྣང་ས་འོད་འབུམ་གྱི་རྩ་བའི་བླམ་ཤཱཀྱ་རྒྱལ་མཚན་ཨིན་ཟེར་བཀོད་དེ་འདུག། ཨིན་རུང་ ད་རེས་ནངས་པ་ མི་ཚུ་གི་ངག་རྒྱུནལུ་འབད་བ་ཅིན་ བླམ་ངག་དབང་ཆོས་རྒྱལ་གྱིས་གདན་ས་བཅགས་ཡོདཔ་དང་ ཤུལ་ལས་སྤྲུལ་སྐུ་ཤེས་རབ་རྒྱལ་མཚན་མཆོག་གིས་རྒྱ་བསྐྱེད་མཛད་གནང་ཡོདཔ་སྦེ་ཨིན་པས།
འབྲུག་རྒྱལ་ཁབ་ཀྱི་རྫོང་གཞིས་དང་ལྷ་ཁང་ཚུ་ནང་ལུ་ཡོད་པའི་ ནང་རྟེན་བྱིན་རླབས་ཅན་ཚུ་གི་སྐོར་ལས་ ཡ་མཚན་སྲུང་དང་གཏམ་རྒྱུད་ལེ་ཤ་བཤད་སྲོལ་ཡོདཔ་ཨིན། འདི་བཟུམ་སྦེ་ར་ རྟ་ལང་ཁའི་ལྷ་ཁང་གི་གསུང་རྟེན་བཀའ་འགྱུར་གྱི་སྐོར་ལས་ཡང་ གཏམ་རྒྱུད་ངོ་མཚར་ཆེ་ཏོག་ཏོ་ཅིག་བཤད་སྲོལ་ཡོདཔ་ཨིན། དེ་ཡང་ ད་རེས་ལྷ་ཁང་ནང་ཡོད་པའི་གསུང་རྟེན་བཀའ་འགྱུར་བྲིས་མི་ཤོག་ཀུ་འདི་ ལྷ་ཁང་གི་རྒྱབ་ཁའི་ནགས་ཚལ་ནང་ལས་གཏེར་སྦེ་བཞེས་ཡོདཔ་དང་ གཏེར་བཞེས་སའང་ས་གོ་འདི་ ད་རེས་ནངས་པ་ཡང་དད་པའི་ཡུལ་དུ་མཇལ་ནི་ཡོདཔ་ཨིན་པས། འདལ་ཤོག་བརྡུང་སའི་རྡོ་ལེབ་འདི་ ད་རེས་ལྷ་ཁང་གི་གདོང་ཁའི་རྩིག་པའི་སྟེགས་གུར་བཞག་སྟེ་ཡོདཔ་དང་ མི་ཚུ་གིས་ངག་རྒྱུན་བཤད་མི་དང་འཁྲིལ་བ་ཅིན་ རྡོ་འདི་འབག་སྟེ་ལྷ་ཁང་སྐོར་ར་རྐྱབ་པ་ཅིན་ ལས་སྒྲིབ་ཚུ་འདག་འོང་ཟེར་བཤད་སྲོལ་འདུག། དེ་ལས་གཞན་ཡང་ གསུང་རྟེན་བཀའ་འགྱུར་ཚུ་ཚར་ཅིག་ལྷག་པ་ཅིན་ ཚར་ལྔ་ལྷག་པའི་ཕན་ཡོན་ཡོད་ཟེར་སླབ་སྲོལ་ཡོདཔ་ཨིན།
ད་རེས་རྟ་ལང་ཁ་ བཀྲ་ཤིས་འབྲུག་རྒྱལ་དགོན་པ་འདི་ གཞུང་གྲྭ་ཚང་གིས་བདག་འཛིན་མཛད་གནང་དོ་ཡོདཔ་དང་ དེ་ནང་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་ཐབས་ཀྱི་སྲོག་ཤིང་་དགེ་འདུན་གྱི་སློབ་གྲྭ་གཞི་བཙུགས་མཛད་དེ་ སྔར་ལས་ལྷག་སྟེ་བདག་འཛིན་མཛད་བཞིན་པ་ཡོདཔ་ཨིན། ལྷ་ཁང་འདི་ རྒྱལ་ས་ལྟེ་བ་ལུ་བཞུགས་མི་ དད་ཅན་གྱི་འབྲུག་མི་ཚུ་གི་དད་པའི་རྟེན་དང་ཕྱག་མཆོད་ཕུལ་སའི་ས་གནས་ཅིག་འབདཝ་ལས་ ཚེས་བཟང་དུས་བཟང་ཚུ་གི་སྐབས་ལུ་ མཇལ་བར་འོང་མི་ཡང་ལེ་ཤ་ཡོདཔ་ཨིན་པས།
རྒྱབ་རྟེན།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
Orientalarchitecture.com. (n.d). Talakha Goempa. Retrieved from:
https://www.orientalarchitecture.com/sid/1551/bhutan/thimphu/talakha-goemba
རྟ་ལོག་གསང་སྔགས་ཆོས་གླིང་།
ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ བཀའ་དྲིན་ཅན་གྱི་དཔལ་ལྡན་འབྲུག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ འབྲུག་ཡུལ་ཐམས་ཅད་ཞབས་ཀྱིས་བཅགས་བྱིན་གྱིས་རླབས་ཏེ་ འབྲུག་ཡུལ་བདེ་བའི་ས་ལུ་བཀོད་དེ་ཡོདཔ་ཨིན། འདི་ནང་ ཨོ་རྒྱན་སངས་རྒྱས་གཉིས་པ་གིས་གཙོས་པའི་ ནང་པའི་སྐྱེས་ཆེན་དམ་པ་ རྣམས་ཀྱིས་བྱིན་གྱིས་རླབས་གནང་བའི་གནས་ཆེན་གནས་གྲངས་མེདཔ་ཅིག་ཡོད་པའི་གྲས་ལས་ ཡོངས་གྲགས་ཅན་ཅིག་རྟ་ལོག་གསང་སྔགས་ཆོས་གླིང་འདི་ཨིན། ལྷ་ཁང་འདི་ སྤུ་ན་ཁ་རྫོང་ཁག་རྟ་ལོག་རྒོད་འོག་ནང་ རྒྱ་མཚོ་མཐའ་མ་ལས་མཐོ་ཚད་མི་ཏར་ ༢༨༠༠ དེ་ཅིག་གི་ས་ཁར་ ག་ནི་བ་ཇམས་དགའ་ཏོག་ཏོ་སྦེ་ཆགས་ཏེ་ཡོདཔ་ཨིན། (heveanlybhutan, n.d)
ལྷ་ཁང་འདི་ཁར་མ་ལྷོད་པའི་ཧེ་མ་ ལ་བཙས་ཁ་གཡུས་ཚན་གྱི་སྦུག་ལུ་ ལ་བཙས་ཁ་བཀྲ་ཤིས་ཆོས་གླིང་ཟེར་ ཆོས་རྗེ་པད་དཀར་དོན་ལྡན་གྱི གདན་ས་བཅགས་གནང་པའི་ལྷ་ཁང་ཅིག་ཡང་མཇལ་ནི་འདུག། དེ་མ་ཚད་ རྟ་ལོག་འགྱོ་སའི་སྒོར་ལྟབ་གཡས་ཧོངས་ལུ་ རྗེ་་མཁན་ཁྲི་རབས་ ༩ པ་རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་གིས་ དུས་རབས་ ༡༨ པའི་ནང་གདན་ས་བཅགས་མི་ནོར་བུའི་གླིང་དང་དབྱེ་བ་མེད་པའི་ལྷ་ཁང་ ནོར་བུ་སྒང་ལྷ་ཁང་ཡང་མཇལ་ཚུགསཔ་ཨིན། གཞན་ཡང་ དཔལ་མི་དབང་འབྲུག་རྒྱལ་བཞི་པའི་རྒྱལ་བཙུན་རྣམས་ཀྱི་ གཟིམ་ཅུང་དང་ བྱིན་རླབས་ཅན་གྱི་གནས་མང་རབས་ཅིག་མཇལ་ཚུགསཔ་ཨིན། རྟ་ལོག་གསང་སྔགས་ཆོས་གླིང་གཙུག་ལག་ཁང་འདི་ “རབ་བྱུང་ ༡༢ པའི་ཆུ་ཁྱི་ལོའམ་དུས་རབས་ ༡༨ པར་སྐུ་འཁྲུངས་མི་ ཁྲི་སྤྲུལ་ ༢ པ་འཇིགས་མེད་སེང་གེ་གིས་གདན་ས་བཅགས་གནང་ནུག། ཤུལ་ལས་ རབ་བྱུང་ ༡༣ པའི་ལྕགས་ཕག་ལོའམ་ དུས་རབས་ ༡༨ པར་སྐུ་འཁྲུངས་མི་ ཞབས་དྲུང་ཐུགས་སྤྲུལ་ ༣ པ་འཇིགས་མེད་གྲགས་པ་གིས་རྒྱ་བསྐྱེད་མཛད་གནང་ནུག།” ( དད་པའི་ས་བོན། གནམ་ལོ་མེད། ༢༠༡༠ ཤོག་གྲངས་ ༧༩) དུས་དེ་ལས་འགོ་བཙུགས་ཏེ་ ལྷ་ཁང་འདི་ ཞབས་དྲུང་ཐུགས་སྤྲུལ་རིམ་བྱོན་གྱི་གདན་ས་སྦེ་ངོས་འཛིན་འབད་དེ རྒྱུན་སྐྱོང་མཛད་གནང་ནུག།
ལྷ་ཁང་འདི་གི བཟོ་བཀོད་དེ་ཡང་རང་ལུགས་སྔར་སྲོལ་ལམ་ལུགས་ལྟར་ཡོད་པའི་ཁར ས་ཆ་ཡང་ཙན་ལྡན་ཤིང་གིས་བསྐོར་ཏེ་ ཉམས་དགའ་ཏོག་ཏོ་སྦེ་ཡོདཔ་ཨིན། སྤྱི་ལོ་ ༢༠༠༠ ལས་ལྷ་ཁང་འདི་ནང་གཞུང་གྲྭ་ཚང་གིས་ གཞི་རིམ་བཤད་གྲྭ་ཅིག་གཞི་བཙུགས་མཛད་གནང་ཏེ་ཡོདཔ་ཨིན། རྟ་ལོག་གསང་སྔགས་ཆོས་གླིང་ལྷ་ཁང་ནང་ ལམ་སྲོལ་དང་འབྲེལ་བའི་བརྩི་སྲུང་རྣམ་པ་སྣ་ཚོགས་བརྩི་སྲོལ་ཡོད་པའི་ནང་ལས་གཙོ་བོ་ཅིག་འདི་ ལོ་བསྟར་བཞིན་དུ་རང་ཟླ་ ༢ པའི་ཚེས་ ༨ ལས ༡༠ ཚུན་ཉིན་ཞག་ ༣ གྱི་རིང་ལུ་ རྟ་ལོག་ཚེས་བཅུ་ཟེར་ བརྩི་སྲུང་ཞུ་སྲོལ་ཡོད་མི་འདི་ཨིན་པས། དེ་གི་སྐབས་ལུ་ རྟ་ལོག་གཡུས་ཚན་གྱི་འོག་ལུ་ཡོད་མི་མི་སེར་དང་ གཞན་དད་ཅན་གྱི་འབྲུག་མི་མང་རབས་ཅིག་ རང་སོའི་བཟའ་ཚང་ཉམས་ གཟུགས་ཁར་སྒོ་དང་དཀྱི་ར་རྡིག་རྡིགམ་ཚུ་གྱོན་ཏེ་ དགའ་དགའ་སྤྲོ་སྤྲོའི་ངང་ལུ་ཚེས་བཅུ་འདི་ བརྩི་སྲུང་ཞུ་བར་འོང་སྲོལ་ཡོདཔ་ཨིན། ལྷ་ཁང་དེ་ཁ་ལས་དུས་ཡུན་སྐརམ་ ༡༠ དེ་ཅིག་གྱེན་འཛེགས་ཏེ་འགྱོཝ་ད་སྒུ་མ་ཤིང་སྦོམ་ཅིག་གི་རྩ་བར་ ཞབས་དྲུང་ཐུགས་སྤྲུལ་གསུམ་པ་འཇིགས་མེད་གྲགས་པ་གིས་བཏོན་གནང་ཡོད་པའི་བླམ་ཞབས་དྲུང་གི་གྲུབ་ཆུ་ཟེར་ད་ལྟོ་ཡང་མཇལ་ཚུགསཔ་སྦེ་ཡོདཔ་ཨིན། འདི་གི་ལྟག་ལུ་སྤང་དཀར་པོ་ཟེར་མགོན་པ་ཅིག་ཡོད་མི་འདི་ དུས་རབས་ ༡༨ པར་སྐུ་འཁྲུངས་མི་ཞབས་དྲུང་ཐུགས་སྤྲུལ་ ༣ པའི་གཟིམ་ཅུང་གོང་མ་ཨིནམ་དང་ དེ་ཁར་ད་རེས་གཞུང་གྲྭ་ཚང་གིས་སྒྲུབ་སྡེ་ཅིག་ཡང་གསར་བཙུགས་གནང་སྟེ་ཡོདཔ་ཨིན། (དད་པའི་ས་བོན། ༢༠༡༠)
རྒྱབ་རྟེན་དཔ་ཐོ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༠) དད་པའི་ས་བོན། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། ཐིམ་ཕུག།
Heavenlybhutan (n.d). TALO MONASTRY Retrieved from:
གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།
བུམ་ཐང་རྫོང་ཁག་ཆོས་འཁོར་རྒེད་འོག་གི་མངའ་འོག་ལུ་ཆགས་ཏེ་ཡོད་པའི་གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་འདི་ དུས་རབ་ ༡༥ པའི་ནང་ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་ལུང་བསྟན་དང་བསྟུན་ སྐུ་འཁྲུངས་མི་ གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་གཏེར་བཏོན་པདྨ་གླིང་པ་མཆོག་གིས་ས་གནས་མང་རབ་ཅིག་ནང་ར་གདན་ས་མང་རབས་ཅིག་བཅགས་གནང་མི་ནང་ལས་གཙོ་བོ་ཅིགཨིན། གཙུག་ལག་ཁང་དེ་ རིག་འཛིན་གཏེར་སྟོན་པདྨ་གླིང་པ་མཆོག་གིས་ སྤྱི་ལོ་ ༡༥༠༡ རབ་བྱུང་བརྒྱད་པའི་ལྕགས་བྱ་དབྱུག་ཟླའི་ཚེས་ ༡༩ ལུ་གཙུག་ལག་ཁང་གི་འགྱམ་བཙུགས་གནང་སྟེ་ སྤྱི་ལོ་ ༡༥༠༥ ཤིང་གླང་མགོ་ཟླའི་ཚེས་ ༡༥ ལུ་ རབ་གནས་རྒྱས་ཤིང་རྒྱས་པ་གནང་སྟེ་ ཐོག་ཚད་གཉིས་འབད་མི་ལྷ་ཁང་དེ་བསྒྲུབས་ནུག། (དད་པའི་ས་བོན། ༢༠༡༣) ལྷ་ཁང་འདི་ བྱ་དཀར་ལས་ རིང་ཚད་ཀི་ལོ་མི་ཊར་ལྔ་གི་ས་ཁར་ སྐུ་རྗེ་རྡོ་རྗེ་བརྩེགས་པའི་བྱག་གི་གདོང་ཕྱོགས་ལྕམ་མཁར་ཆུ་གི་ཕར་ཁ་ལུ་ཆགས་ཏེ་ཡོདཔ་ཨིན།
གཙུག་ལག་ཁང་འདི་ཕྱི་ལས་བརྩིགཔ་རྐྱབ་སྟེ་ཡོདཔ་དང འཛུལ་སྒོ་ནང་ན་འཛུལཝ་ཅིག་ར་ ནང་གི་རྡོ་ཆལ་ནང་ལྷོདཔ་ཨིན་པས། རྡོ་ཆལ་འདི་སྦོམ་སྦེ་སྒོ་ཡངས་ཏོག་ཏོ་ཡོད་པའི་ཁར་ དེ་གི་གཡས་གཡོན་ལུ་ད་རེས་ནངས་པ་ དགེ་སློང་ཚུ་བཞུགས་སའི་གཟིམས་ཅུང་ཡོདཔ་ཨིན་རུང་ གཏེར་སྟོན་ཁོ་ར་ཞལ་བཞུགས་པའི་སྐབས་ལུ་དགེ་སློང་ཚུ་ཡོད་པའི་ལོ་རྒྱུས་མིན་འདུག། སྤྱི་ལོ་ ༡༩༥༩ ལུ་བོད་ལྷ་ལུང་ལས་ཐུགས་སྲས་སྐུ་ཕྲེང་བཅུ་པ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་དགེ་སློང་དག་པ་ཅིག་དང་གཅིག་ཁར་འཕེབས་ཞིནམ་ལས་ གཏམ་ཞིང་ཆོས་རྗེ་བླ་མ་རྡོ་རྗེ་གིས་གདན་ས་དེ་ཁར་འདྲེན་ཞུ་སྟེ་བཞུགས་བཅུག་ནུག། དེ་གི་ཤུལ་ལས་མི་དབང་འབྲུག་རྒྱལ་བཞི་པའི་ཞབས་ལས་འཚོ་བའི་མཐུན་རྐྱེན་གནང་སྟེ་བཞུགས་ཡོད་རུང་སྤྱི་ལོ་ ༢༠༡༠ ་ལུ་ཐུགས་སྲས་རིན་པོ་ཆེ་མཆོག་དགོངས་པ་ཆོས་ཀྱིས་དབྱིངས་སུ་ཐིམ་པའི་ཤུལ་ལས་ གདན་ས་དེ་ པད་གླིང་གསུངས་སྤྲུལ་བཅུ་གཅིག་པ་ འཇིགས་བྲལ་ཀུན་བཟང་པདྨ་རྡོ་རྗེ་མཆོག་གིས་པད་གླིང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་ བསྟན་སྤྱིའི་སྐུ་རིམ་འབུམ་སྡེ་ཚུ་དབུ་འདྲེན་མཛད་དེ་རྒྱུན་སྐྱོང་གནང་སྟེ་ཡོདཔ་ཨིན།
ལྷ་ཁང་དེ་གི་ནང་ན་གི་མཆོད་བསམ་གྱི་བཟོ་བཀོད་གཞན་དང་མ་འདྲཝ་སྦེ་ཡོད་པའི་ཁར་ དེ་ནང་གཏེར་སྟོན་རིན་པོ་ཆེ་པདྨ་གླིང་པ་ཁོ་རའི་སྐུ་གསུངས་ཐུགས་ཀྱི་སྤྲུལ་པ་ཚུ་གི་དོན་ལུ་སྦེ་བཞེངས་ཡོད་པའི་བཞུགས་ཁྲི་གསུམ་ཡང་མཇལ་ཚུགསཔ་ཨིན། དེ་ནང་གི་གྱང་གུར་ཡང་ གཏེར་སྟོན་ཁོ་ར་གིས་ཕྱག་བྲིས་གནང་ཡོད་པའི་ རིས་མོ་ཚུ་ཡོདཔ་ཨིན། ལྷ་ཁང་ཐོག་གཉིས་ཡོད་ས་ལས་ སྟེང་ཐོག་འདི་ཚེ་དཔག་མེད་ཀྱི་ལྷ་ཁང་ཨིནམ་དང་ འོག་ཐོག་འདི་གུ་རུ་ལྷ་ཁང་ཨིན་པས། འོག་ཐོག་གི་ནང་རྟེན་གཙོ་བོ་ གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་འདྲ་ཡོད་མི་འདི་ མཁའ་འགྲོ་མ་ཚུ་གིས་བཞེངས་བཞེངསམ་ཨིན་རུང་ དབུ་ཞྭ་མ་ཕུལཝ་ལས་ལོག་བྱོན་སོང་ནི་འདི་གིས་དབུ་ཞྭ་འདི་པདྨ་གླིང་པ་ཁོ་ར་གིས་ཕུལ་ཡོདཔ་སྦེ་ཨིན་པས། རྒྱུཕ་མཚན་དེ་འབདཝ་ལས་་ ད་རེས་ནངས་པ་ཡང་ གུ་རུ་རིན་པོ་རིན་པོ་ཆེ་གི་སྤྱན་གནམ་ཁར་གཟིགས་ཏེ་ཡོད་མི་འདི་ མཁའ་འགྲོམ་ཚུ་འཕུར་བྱོན་པའི་བྱོན་ལམ་གྱི་ཕྱོགས་སུ་གཟིགས་གཟིགསཔ་ཨིན་ཟེར་ཨིན་པས།(Book my tour n.d).
འོག་ཐོག་གུ་རུ་ལྷ་ཁང་ནང་ པད་གླིང་ཁོ་ར་གིས་ཉིནམ་གཅིག་ནང་བཟོ་གནང་བའི་ལྕགས་ཀྱི་དྲྭ་མིག་གོ་ལ་བཟུམ་སྦེ་བཀབ་བཏུབ་མི་ ལྗི་ཚད་ཀེ་ཇི་ ༢༥ འབད་མི་ཅིག་ཡང་མཇལ་ཚུགས་པས། དྲྭ་མིག་དེ་ བཀབ་སྟེ་ལྷ་ཁང་སྐོར་ར་ཚར་གསུམ་རྐྱབ་ཚུགས་པ་ཅིན་ མི་ཚེ་འཁོར་བ་ཐོག་མ་མེད་པ་ལས་བསགས་ཡོད་པའི་སྡིག་སྒྲིབ་ཚུ་དག་ཚུགས་པའི་ཡིད་ཆེ་བསྐྱེདཔ་ཨིན། པད་གླིང་ཁོ་རའི་སྐུ་འདྲ་ཡོད་སའི་་ལྷ་ཁང་གི་རྩིགཔ་འདི་མཁའ་འགྲོ་མ་ཚུ་གིས་བརྩིགས་བརྩིགསཔ་ཨིན་ཟེར་བཤད་ནི་ཡོདཔ་དང་ལྷ་ཁང་གཡས་ཧོངས་ལས་སྐོར་ར་རྐྱབ་འགྱོཝ་ད་ རྩིག་པའི་རྡོ་གུར་ ཞབས་རྗེས་དང་ཐོདཔ་ ཡི་གུ་ཨ་རང་བྱོན་གཉིས་ ཆིབས་ཕག་པའི་རྐང་རྗེས་ ཉི་ཟླ་ ཞབས་རྗེས་དང་དུང་དཀར་རང་བྱོན་ཚུ་མཇལ་ནི་ཡོདཔ་ཨིན་པས། (དད་པའི་ས་བོན། ༢༠༡༣) སྟེང་ཐོག་ལུ་ ཚེ་དཔག་མེད་ཀྱི་ལྷ་ཁང་དང་དགོན་ཁང་གཅིག་ཡོདཔ་ཨིན། དེ་ནང་གཏེར་སྟོན་ཁོ་ར་གི་ཕྱག་བཟོ་ ཤཝ་གི་ཞལ་འབགཔ་བྱིན་རླབས་ཅན་ཅིག་ཡང་ཡོདཔ་དང་ དེ་གི་རྭཝ་དེ་ ལྷ་ཁང་གི་རྒྱབ་ཧོངས་ལུ་ཡོད་པའི་རི་ རྭ་བ་ཕུག་ཟེར་ས་ལས་གཏེར་སྦེ་བཞེས་བཞེསཔ་ཨིན་པས། ལྷ་ཁང་འདི་ བཞེངས་ཏེ་ལོ་ངོ་ལྔ་བརྒྱ་དེ་ཅིག་སོང་ཡོདཔ་ལས་རྒྱལ་ཁབ་ནང་ལྷ་ཁང་རྙིང་ཤོས་ཅིག་ཨིནམ་མ་ཚད་ འགོ་ཐོག་གི་རབ་གནས་ཡང་ གཏེར་སྟོན་ཁོ་ར་དང་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་གྱིས་མཛད་གནང་མི་ལུ་རྟེན་ རྩ་ཆེ་ཤོས་ཅིག་ཨིན། ད་རེས་ནང་པ་ཡང་ལྷ་ཁང་འདི་ པད་གླིང་གི་གདན་ས་གཙོ་བོ་ཅིག་ཨིནམ་དང་ རྒྱལ་ཁབ་ཕྱི་ནང་གི་དད་ཅན་གྱི་མི་སེར་ཚུ་གི་ ཕྱག་མཆོད་ཕུལ་སའིརྟེན་གཙོ་བོ་ཅིག་ཨིན།
རྒྱབ་རྟེན་དཔེ་ཆ།
ཀུན་བཟང་འཕྲིན་ལས། (གནམ ལོ་མེད། ༢༠༡༣) དད་པའི་ས་བོན། འབྲུག། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྤྲུན་ཁང་།
Bookmytour (n.d). Tamshing lhakhang. Retrived from:
https://www.bookmytour.bt/attractions/tamshing-lhakhang
ཐ་བྲག་དགོན་པ།
༉ ཐ་བྲག་དགོན་པ་འདི་ ཐིམ་ཕུ་རྫོང་ཁག་ཅང་རྒེད་འོག་ ལུང་བསྟན་ཕུ་དམག་ཁང་གི་གུ་ལུ་ཆགས་ཡོདཔ་ཨིན་མས། དགོན་པ་འདི་ནང་ལུ་འགྱོ་སའི་ལམ་ཁག་གསུམ་དེ་ཅིག་ཡོདཔ་ཨིན་པས། དེ་ཡང་ ལུང་བསྟན་ཕུ་དམག་ཁང་ལས་ཡར་གཅིག་དང་ དབྱངས་ཅན་ཕུ་སློབ་གྲྭའི་ལྟག་ལས་ཡར་གཅིག་ཡོདཔ་ཨིན་པས། ག་ཏེ་ལས་འགྱོ་རུང་ དགོན་པ་དེ་ཁར་ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་ ༢ དེ་ཅིག་འགོར་དོ་ཡོདཔ་ཨིན་པས།ལམ་གསུམ་པ་འདི་ སྣུམ་འཁོར་ལམ་དགོན་པའི་ལྟག་ལུ་ཚུན་ལཡོདཔ་ལས་ ལྷུང་འཚོ་ལས་བསྐོར་ཏེ་འགྱོ་རུང་ལྷོད་ཚུགསཔ་ཨིན་པས།
༢ཐ་བྲག་རིག་འཛིན་དགའ་ཚལ་དགོན་པ་འདི་ གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོའི་སློབ་མ་ རྒྱ་མཚོ་རྣམ་དྲུག་ཏུ་གྲགས་པའི་ནང་ལས་ མཁས་གྲུབ་གསང་སྔགས་རྒྱ་མཚོའི་གདན་ས་ཨིན་མས། མཁས་གྲུབ་མཆོག་ཧེ་མ་ བོད་ལུ་བཞུགས་པའི་སྐབས་ ནུབ་གཅིག་འབདཝ་ད་ཁོ་རའི་མནལ་ལམ་ནང་ཨྱོན་གུ་རུ་རིན་པོ་ཆེ་གིས་ མ་འོངས་པ་ལུ་བྱག་ཕུར་པའི་དབྱིབས་དང་འདྲ་བའི་སྐེད་པ་ལུ་གདན་ས་བཅགས་གནང་ཞིནམ་ལས་ འགྲོ་བ་རིག་དྲུག་གི་སེམས་ཅན་དང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱལ་བའི་ ལུང་བསྟན་གནང་ཡོདཔ་ཨིན་མས། ལུང་བསྟན་འདི་དང་འཁྲིལ་ རབ་བྱུང་ ༡༡ པའི་ས་བྱ་ལོ་ སྤྱ་ལོ་ ༡༦༦༩ ལུ་ བྱག་ཕུར་པའི་དབྱིབས་དང་འདྲ་བ་ཕུར་པའི་རྒྱ་མདུད་གུར་གདན་ས་རིག་འཛིན་དགའ་ཚལ་འདི་བཅགས་གནང་ནུག། འབྲུག་རྒྱལ་ཁབ་ནང་ལུ་ ཕུར་པའི་དཀྱིལ་འཁོར་ འགོ་དང་པ་ལྷ་ཁང་འདི་ནང་ལུ་ མཁས་གྲུབ་གསང་སྔགས་རྒྱ་མཚོ་མཆོག་གིས་བཙུགས་གནང་གནང་སྟེ་ ལྷ་ཁང་འདི་གི་མིང་ཡང་དགའ་ལྡན་གཉིས་པ་ཟེར་བཏགས་གནང་ནུག། དེའི་ཤུལ་ལས་ རབ་བྱུང་ ༡༣ པའི་ཤིང་སྤྲེལ་ སྤྱ་ལོ་ ༡༧༦༤ ལུ་ མཁས་གྲུབ་གསང་སྔགས་རྒྱ་མཚོའི་ཡང་སྲིད་གཙུག་ལག་རྒྱ་མཚོ་གིས་ས་གོ་གསརཔ་ཅིག་ནང་ལོག་གསར་བཞེངས་གནང་སྟེ་ མིང་ཡང་ཐ་བྲག་དགོན་པ་ཟེར་བཏགས་གནང་ནུག།
དགོན་པ་འདིའི་ཕྱི་ཁ་ལུ་ བྱང་ཆུབ་མཆོད་རྟེན་གཅིག་མཇལ་ནི་ཡོདཔ་དང་ དགོན་པའི་ནང་གི་ནང་རྟེན་གཙོ་བོ་འདི་ འདས་པའི་སངས་རྒྱས་མར་མེ་མཛད་ ལྟའི་སངས་རྒྱས་ཤཀྱ་ཐུབ་པ་དང་ མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོ་བཅས་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་འདྲ་ཡོདཔ་ཨིན་མས། གཞན་ཡང་ མཁས་གྲུབ་གསང་སྔགས་རྒྱ་མཚོ་དང་ ཁོ་རའི་ཡང་སྲིད་གཙུག་ལག་རྒྱ་མཚོ་དང་ དེའི་ཡང་སློབ་རྗེ་ངག་དབང་ནོར་བུ་གི་སྐུ་འདྲ་ཚུ་ཨིན་མས།
ཐ་བྲག་རིག་འཛིན་དགའ་ཚལ་གཙུག་ལག་ཁང་གི་ལྟག་ལུ་ སྒྲུབ་ཁང་ཅིག་མཇལ་ནི་ཡོད་མི་འདི་ རྡོ་སྣ་སྒྲུབ་ཁང་འདི་ཨིནམ་དང་སྒྲུབ་ཁང་འདི་ གཙུག་ལག་རྒྱ་མཚོའི་ཡང་སློབ་རྗེ་ངག་དབང་ནོར་བུ་གིས་ རབ་བྱུང་ ༡༤ པའི་མེ་གླང་ སྤྱི་ལོ་ ༡༨༡༧ ལུ་ གདན་ས་བཏབ་གནང་གནངམ་ཨིན་པས། རུང་ ཤུལ་ལས་ རབ་བྱུང་ ༡༤ པའི་མེ་བྱ་ལོ་ སྤྱི་ལོ་ ༡༨༣༧ ལུ་ རྗེ་ངག་དབང་ནོར་བུའི་སློབ་མའི་གཙོ་བོ་ མཁས་གྲུབ་ཆོས་ཀྱི་བྱུང་གནས་ཀྱིས་ལྷ་ཁང་ཆུང་ཀུ་ཅིག་བཞེངས་ཏེ་ མཚན་ཡང་རྡོ་སྣ་ཨོ་རྒྱན་མཁའ་འགྲོ་གླིང་ཟེར་བཏགས་གནང་ཡོདཔ་སྦེ་ཨིན་པས། (དད་པའི་ས་བོན། གནམ་ལོ་མེད། ༢༠༠༨ །)
རྒྱབ་རྟེན།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༣) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
བསོད་ནམས་སྟོབས་རྒྱས། (གནམ་ལོ་མེད། ༢༠༡༤) གནས་ཡིག་ཀུན་ཕན་ལམ་སྟོན། ལམ་སྲོལ་རྒྱུ་དངོས་སྡེ་ཚན། སྲོལ་འཛིནལས་ཁུངས།ཀྲི་ཨེན་དཔར་བསྐྲུན་ཁང་།
མཐོ་བ་བྲག།
བུམ་ཐང་རྫོང་ཁག་ནང་ལུ་ གུ་རུ་རིན་པོ་ཆེ་གིས་བྱིན་གྱིས་རླབས་པའི་བྲག་བཞི་ཡོད་པའི་གྲས་ལས་ གནས་ཆེན་མཐོ་བ་བྲག་འདི་ སྟང་རྒེད་འོག་ནང་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༣༢༠༠ དེ་ཅིག་ཁར་ཆགས་ཏེ་ཡོདཔ་ཨིན། གནས་དེ་ཁར་འགྱོ་དགོ་པ་ཅིན་ ལྕམ་ཁར་ལས་སྟང་ཚུན་ ཀི་ལོ་མི་ཊར་ ༢༧ འགྱོ་ཞིནམ་ལས་ སྟང་གཡུས་ཚན་ལས་མཐོ་བ་བྲག་ཁ་ཐུག་ལུ་སྣུམ་འཁོར་ནང་ཀི་ལོ་མི་ཊར་ ༡༠ དེ་ཅིག་འགྱོ་བའི་ཤུལ་ལུ་ རྐང་སྟོང་སྦེ་ཆུ་ཚོད་གཉིས་དེ་ཅིག་ཁ་ཡར་བལྟ་འགྱོ་དགོ་དོ་ཡོདཔ་ཨིན། གནས་འདི་ སྦས་ཡུལ་མཁན་པ་ལྗོངས་གནས་ཀྱི་མཐའ་མ་ཡོདཔ་ལས་མཐའ་བྲག་དང་ བུམ་ཐང་གི་ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་གནས་ག་ར་ལས་ མཐོ་བ་བྲག་འདི་ས་མཐོ་སར་ཨིནམ་ལས་ མཐོ་བ་བྲག་ཟེར་སླབ་ཨིན་མས། ས་གནས་དེ་ཁར་ སྤྱི་ལོ་མ་ཐོན་པའི་ཧེ་མ་ ཀཤ་མིར་གྱི་རྒྱལ་པོའི་སྲས་མོ་ ལཀྵིཾ་ཀ་ར་ ཆོས་མིང་དགེ་སློང་མ་དཔལ་མོ་དང་ མོ་རའི་གཡོག་མོ་བསམ་འཕེལ་མ་གཉིས་ མཐོ་བ་བྲག་གི་དགོན་པ་བྱོན་ཡོདཔ་སྦེ་ཨིན་པས། (དད་པའི་ས་བོན། ༢༠༡༣ །) དགེ་སློང་མ་དཔལ་མོ་འདི་ སྐུ་གཟུགས་ལུ་མཛེ་ནད་ཟུན་ཏེ་ སྔོན་གྱི་ལུང་བསྟེན་ནང་འཁྲིལ་ མཐོ་བ་བྲག་ལུ་བྱོན་ཏེ་ ཡང་དག་པའི་སྒྲུབ་པ་མཛད་གནང་མི་ལུ་བརྟེན་ཏེ་ ནད་འདི་ལས་དྲག་ཡོདཔ་སྦེ་ཨིན་པས། དེ་མ་ཚད་ གནས་དེ་དུས་རབས་ ༨ པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་བུམ་ཐང་ལུ་ ཐེངས་གཉིས་པ་བྱོན་པའི་སྐབས་བྱིན་གྱིས་བརླབས་གནང་བའི་གནས་ཅིག་ཡང་ཨིན་པས། ཀྲོང་གསར་དཔན་སློབ་ ཆོས་རྒྱལ་མི་འགྱུར་བརྟན་པའི་སྐབས་ལུ་ལྷ་ཁང་འདི་ རྒྱ་བསྐྱེད་མཛད་གནང་ཡོད་དང་ དཀའ་བརྒྱུད་བླམ་ཤེས་རབ་མཚན་ཅན་གྱིས་ གུ་རུའི་སྐུ་འདྲ་འདི་མཐོ་བ་བྲག་གི་གནས་ཀྱི་ནང་རྟེན་གཙོ་བོ་སྦེ་བཙུགས་གནང་ནུག གནས་དེ་ཁར་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ རིག་འཛིན་འཇིགས་མེད་གླིང་པ་ གཏེར་སྟོན་པདྨ་གླིང་པ་དང་ ཝང་འཇིགས་མེད་ཀུན་གྲོལ་ལ་སོགས་པའི་མཚན་ཅན་གྱི་སྐྱེས་ཆེན་དམ་པ་ཚུ་ཡང་ སྒྲུབ་པ་གནང་སྟེ་བཞུགས་ཡོདཔ་སྦེ་ཨིན་པས།
གནས་དེ་ཁར་གནས་རིགས་མ་འདྲཝ་མཇལ་ནི་ཡོད་མི་ཚུ་ཡང་ ཡེ་ཤེས་མཁའ་འགྲོམ་ཚུ་གིས་རྡོན་ཁྲི། གུ་རུའི་ཞབས་པུས་གཉིས་དང་རྡོ་རྗེའི་རྗེས། གཏེར་བདག་རིན་ཆེན་མགོན་གཡག་གི་ཆིབས་ཀྱི་ཞབས་རྗེས། ཤར་ཕྱོགས་མའི་ནགས་ར་ཟེར་ ཧེ་མ་ཤར་ཕྱོགས་ཁ་ཐུག་གི་བུམོ་སྤུན་གཉིས་ གནས་ཆེན་མཐོ་བ་བྲག་གི་ལོ་རྒྱུས་གོཝ་ཅིག་ དད་པ་དང་མོས་གུས་བསྐྱེད་དེ་ གནས་མཇལ་བར་འོང་ཞིནམ་ལས་ ལོག་སྟེ་ས་གནས་འདི་ཁར་ལྷོདཔ་ད་ བུམོ་སྤུན་གཉིས་ གདོང་ཡར་བལྟ་བསྒོར་ཏེ་ ཚེ་ཤུལ་མ་གནས་འདི་ཁར་ མི་ལུས་མ་ཐོབ་རུང་ བྱ་དང་བྱི་ཅུང་ཅིག་ལུ་སྐྱེས་བཅུག་ ཟེར་སྨོན་ལམ་བཏབ་སའི་ གནས་ཚུ་ཡང་མཇལ་ཚུགས་པས། དེ་ལས་ ཕུར་པའི་དབལ་ཟུར་རང་བྱོན་ སྒྲུབ་སྡེཔ་ཚུ་གིས་ཁམས་སངས་གནང་སའི་ཁམས་སངས་ཕུག་ བུ་དང་བུ་མོའི་དངོས་གྲུབ་ཞུ་སའི་གནས་རྡོ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་དབུ་ཐོད་ཀྱི་པར་ སྤྲེའུ་བྱང་ཆུབ་སེམས་དཔའ་རང་བྱོན་ གནས་སྒོའི་ལྡེ་མིག་ རྡོ་གནམ་ལས་དཔྱངས་པ་ གནས་ཀྱི་ལས་ཡིག་གཏེར་སྦས་ས་ ཨྱོན་གུ་རུའི་རྡོ་རྗེ་རང་བྱོན་ ཕག་མོ་རང་བྱོན་ ཕག་མོ་རང་བྱོན་གུར་གུ་རུའི་ཕྱག་རྗེས་དང་ཕག་མོའི་བྷ་ག་རང་བྱོན་ དགེ་སློང་མ་དཔལ་མོའི་གསང་ལམ་ སྤྱན་རས་གཟིགས་ཀྱི་གྲུབ་ཆུ་ དགེ་སློང་མ་དཔལ་མོའི་གྲུབ་ཆུ་ གཏེར་ཚག་ གསེར་ཕྱེ་དངུལ་ཕྱེ་ཚུ་མཇལ་ཚུགས་པས།
གཞན་ཡང་ འཆི་མེད་བདུད་རྩི་ཕུག་ཟེར་གུ་རུ་རིན་པོ་ཆེ་གིས་བོད་བསམ་ཡས་ལུ་ ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ འཆི་མེད་ཚེའི་སྒྲུབ་པ་གནང་སྟེ་ བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལུ་ཚེའི་དངོས་གྲུབ་ཞུ་བར་ཤོག་ཟེར་འབོཔ་ད མི་སེར་དང་བློན་པོ་ཚུ་གིས་ ཁྱོད་མི་སེར་ཀུན་གྱི་རྒྱལ་པོ་ཨིན་ལས་ རྒྱལ་པོའི་དབུ་ལུ་མི་གཞན་གྱི་ལགཔ་བཀལ་མི་མཆོག་ཟེར་ཞུ་སྟེ་ རྒྱལཔོ་བྱོན་ནི་ལས་བཀག་བཞག་ནུག། དེ་གིས་སྦེ་ གུ་རུའི་བདུད་རྩི་ཞུ་བར་འོང་མི་ག་ཡང་མེད་པར་ གུ་རུ་ཐུགས་ཕམ་སྟེ་བདུད་རྩི་ས་ཁར་བླུགས་ རིལ་བུ་གནམ་ཁར་བཏོར་བཏངམ་ད་ རིལ་བུ་ཕུད་རྡོག་གཅིག་མཐོ་བ་བྲག་ཆགསཔ་ལས་ མཐོ་བ་བྲག་གི་མི་ཚུ་ལུ་བདུད་རྩི་དངོས་སུ་འབབ་དོ་བཟུམ་མའི་ཚོར་བ་བྱུང་ཡོད་མི་ཚུ་མཇལ་ཚུགས་པས། དེ་ལས་ ཁྱུང་རང་བྱོན་ ཨྱོན་གུ་རུའི་ཞབས་པུས་གཉིས་ཀྱི་པར་ དགེ་སློང་མ་དཔལ་མོའི་སྒྲུབ་ཕུག་ དགེ་སློང་མ་དཔལ་མོའི་གཡོག་མོ་བསམ་འཕེལ་མའི་སྒྲུབ་ཕུག་ ཨྱོན་རིན་པོ་ཆེའི་སྐུ་རྗེས་ གུ་རུའི་ཆེ་ཐོད་རྒལ་གནང་སའི་བཞུགས་ཁྲི་ ཆོས་ཨཱ་བལི་ཀཱ་ལི་བརྩེགས་པའི་བྱག་ མཁའ་འགྲོམ་གྱི་རྡོན་ཁྲི་ གུ་ར་རིན་པོ་ཆེ་གི་ཆོས་གནང་སའི་བཞུགས་ཁྲི་ བྱག་ཚེ་དཔག་མེད་རང་བྱོན་ ཚེ་དཔག་མེད་ཀྱི་སྒྲིབ་པ་བཤུབ་པའི་གསང་ལམ་ ཚེ་དཔག་མེད་ཀྱི་གྲུབ་ཆུ་ ཨྱོན་གུ་རུ་རིན་པོ་ཆེའི་ཞབས་རྗེས་ འོད་དཔག་མེད་རང་བྱོན་ མཁའ་འགྲོམ་ཚུ་སྐུ་ཁྲུས་གནང་སའི་ཨའི་གྲུབ་ཆུ་དང་ ལ་སོགས་པའི་གནས་མ་འདྲཝ་ལེ་ཤ་མཇལ་ནི་ཡོདཔ་ཨིན།
གནས་དེ་ཁར་འགྱོ་ནི་འདི་ ལམ་རིང་དྲགས་ནིའདི་གིས་ ཕྱི་ལྟ་བཤལཔ་གྱངས་ཁ་ཆདཔ་ཅིག་ལས་མ་འོངས་རུང་ འབྲུག་པའི་རྫོང་ཁག་ཁལ་གཅིག་གི་མི་སེར་ཚུ་གིས གནས་བསྐོར་ནང་འོངམ་འོང་སར་ཡོདཔ་ཨིན་པས། རང་གིས་གཟུགས་ཁར་ནད་རེ་ཟུན་པ་ཅིན་ གནས་ཆེན་མཐོ་བ་བྲག་འགྱོ་ཞིནམ་ལས་ ལུས་ངག་ཡིད་གསུམ་གུས་པའི་སྒོ་ལས་ ཡང་དག་པའི་སྒོམ་ཉམས་ལེན་འབད་ནི་དང་ ཡང་ན་ ཡང་དག་པའི་ཆོས་ཅིག་བསྒྲུབས་པ་ཅིན་ ནད་འདི་ཚུ་དྲག་ཚུགས་པའི་ནུས་ཤུགས་ཡོད་ཟེར་བཤད་སྲོལ་ཡང་འདུག།
རྒྱབ་རྟེན།
ཀུན་བཟང་ཕྲིན་ལས། (༢༠༡༠) དད་པའི་ས་བོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
སངས་རྒྱས་དོན་གྲུབ། (༢༠༡༢) གནས་ཡིག་ཀུན་ཕན་ལམ་སྟོན། ཐིམ་ཕུ། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།
སྟང་ཨྱོན་ཆོས་གླིང་།
༉ འབྲུག་ཙན་ལྡན་བཀོད་པའི་རྒྱལ་ཁབ་འདི་ སངས་རྒྱས་གཉིས་པ་ཨྱོན་རིན་པོ་ཆེ་དང་ དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གཉིས་ཀྱིས་ ས་ཆ་རྟ་རྨིག་ཙམཡང་མ་ལུས་པར་ཞབས་ཀྱིས་བཅགས་ཡོདཔ་དང་ དེའི་རྗེས་སུ་ མི་དབང་རིམ་བྱོན་རྣམས་ཀྱིས་རྒྱལ་ཁབ་དེ་ ཚུལ་བཞིན་སྐྱོང་ཡོདཔ་ལས་ དུས་ད་ལྟའི་བར་ཡང་རྒྱལ་བློན་འབངས་གསུམ་ཐུགས་མཐུན་ཁྲིམས་གཙང་གི་ཐོག་ལུ་གནས་ཏེ་ཡོདཔ་ཨིན། ལྷག་པར་དུ་ ཨྱོན་རིན་པོ་ཆེའི་སྦས་ཡུལ་བུམ་ཐང་འདི་ རྩ་ཆེ་བའི་་གནས་དང་ལྷ་ཁང་ཚུ་གིས་བསྐོར་ཏེ་ ག་ནི་བ་ཉམས་དགའ་ཏོང་ཏོ་སྦེ་ཡོདཔ་ཨིན། དེའི་ནང་ལས་ བུམ་ཐང་སྟང་རྒེད་འོག་ལུ་ཡོད་མི་ཨྱོན་ཆོས་གླིང་གདན་ས་འདི་ འགོ་ཐོག་ར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ དུས་རབས་ ༡༤ པའི་ནང་ཕྱག་བཏབ་གནང་པའི་ བྱིན་རླབས་ཅན་གྱི་ས་གནས་ཅིག་ཨིན་མས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག་ ད་ལྟོ་ཨྱོན་རྒྱན་ཆོས་གླིང་ལྷ་ཁང་ཡོད་སའི་ལྟག་ལུ་ བྱག་ཕུག་ཅིག་ནང་བཞུགས་པའི་སྐབས་ལུ་ འཁོར་སློབ་མ་ཚུ་གིས་གཙུག་ལག་ཁང་དེ་ ག་ཏེ་ལུ་གདན་ས་བཏབ་པ་ཅིན་དྲག་ག་ཟེར་ཞུ་བའི་སྐབས་ བླམ་གིས་གདན་ས་འདི་ བླམ་ཁོ་རའི་སྒྲུབ་ཕུག་གི་འོག་ལུ་ ད་རེས་ནངས་པ་གཏེར་སྤོང་ཟེར་སའི་འོག་ལུ་ ནོར་གཏེར་ལེ་ཤ་བཞུགས་ཡོད་པའི་ས་དབྱིབས་རིན་པོ་ཆེ་སྤུངས་སྤུངསམ་བཟུམ་ཡོད་མི་དེ་ཁ་ལས་ མདའ་རྒྱང་གང་ཙམ་གྱི་འོག་ལུ་ གླང་ཆེན་ཁ་མར་བལྟ་བརྒྱུགས་བརྒྱུགསཔ་བཟུམ་མའི་མགུ་ལུ་ སྲིན་པོ་གན་རྐྱལ་སྦེ་འགྱེལ་བའི་ མགུ་ཏོག་གུར་གདན་ས་བཏབ་པ་ཅིན་དྲག་ནི་མས་ཟེར་གསུངས་མི་ལྟར་དུ་ གདན་ས་བཏབ་གནང་ནུག།
ཨོ་རྒྱན་ཆོས་གླིང་གདན་ས་ལུ་ལྷ་ཁང་དང་གནས་ལེ་ཤ་ཡོད་པའི་ནང་ལས་ ཨོ་རྒྱན་ཆོས་གླིང་ལྷ་ཁང་འདི་ སྟང་གི་ལུང་ཤོང་ནང་ ག་ནི་བ་ཉམས་དགའ་བའི་སྒང་ཏོག་ཅིག་གུར་ཆགས་ཏེ་ཡོདཔ་ཨིན་མས།
ལྷ་ཁང་འདི་དུས་རབས་ ༡༤‑༡༥ རབ་བྱུང་བདུན་པ་དེམ་ཅིག་ཁར་ བཻ་རོ་ཙཱ་ནའི་རྣམ་སྤྲུལ་གཏེར་ཆེན་རྡོ་རྗེ་གླིང་པ་མཆོག་ འགྲོ་བ་སེམས་ཅན་ཚུ་གི་དོན་ལུ་ ཐུགས་བཞེས་རྒྱ་ཆེཝ་སྦེ་གནང་སྟེ་ ཡུལ་སོ་སོ་ལས་ཕར་ གདན་ས་མང་རབས་ཅིག་ བཅགས་གནང་པའི་གྲས་ལས་ཅིག་ཨིན་མས།(དད་པའི་ས་བོན། གནམ་ལོ་མེད། ༢༠༡༣) ད་ལྟོ་ཡོད་པའི་ལྷ་ཁང་འདི་ དུས་རབས་ ༡༩ པའི་ནང་ གཏེར་སྟོན་རྡོ་རྗེ་གླིང་པའི་གདུང་བརྒྱུད་ ཀྲོང་གསར་དཔོན་སློབ་ མཚོ་སྐྱིད་རྡོ་རྗེ་གིས་ བཞེངས་གནང་གནངམ་ཨིན་མས། ཨིན་རུང་ དེ་གི་ཤུལ་ལུ་ སྤྱི་ལོ་ ༡༩༩༨ ལུ་ རང་བཞིན་གྱི་རྐྱེན་ངན་ ས་གཡོམ་གྱིས་གནོད་པ་རྐྱབ་ཡོདཔ་ལས་ བྱ་དཀར་རྫོང་དཔོན་ཨོ་རྒྱན་རྡོ་རྗེ་གིས་ ཉམས་གསོ་ཞུ་བའི་ལོ་རྒྱུས་ཡང་འདུག། ལྷ་ཁང་འདི་གི་མིང་ལུ་ ཨྱོན་ཆོས་གླིང་ཆོས་རྗེའི་སྣག་ཚང་ཟེར་སླབ་ཨིན་པས། ལྷ་ཁང་འདི་གི་ཕྱི་ནང་གཉིས་ཀྱི་ བཀོད་པ་གི་སྐོར་ལས་ཞུ་བ་ཅིན་ ལྷ་ཁང་ཐོག་ཚད་གཉིས་མ་གཅིག་དང་ སྣག་ཚང་ཐོག་ཚད་བཞི་མ་འབད་མི་གཅིག་ཡོདཔ་ཨིན་མས།
ལྷ་ཁང་ཐོག་ཚད་གཉིས་འབད་མི་གི་ཐོག་གོང་མ་ལུ་ཇོ་བོ་ཤཱཀྱ་མུ་ནིའི་ལྷ་ཁང་དང་ འོག་ཐོག་ལུ་སྒྲོལ་མའི་ལྷ་ཁང་ཡོདཔ་ཨིན་མས། ལྷ་ཁང་འདི་གི་ཕྱིའི་བཀོད་པ་ཡང་ སྔར་སྲོལ་གྱི་ཁང་ཁྱིམ་བཟུམ་སྦེ་བཞེངས་ཡོདཔ་དང་ འོག་ཐོག་ལུ་ཡོད་པའི་སྒྲོལ་མ་ལྷ་ཁང་གི་ནང་རྟེན་གཙོ་བོ་འདི་ སྨན་སྐུ་རྗེ་བཙུན་སྒྲོལ་མ་དང་ རྒྱུ་དངུལ་ལས་གྲུབ་པའི་རྡོ་རྗེ་ཕག་མོའི་སྐི་་མི་ཚད་མ་གཅིག་ཡོདཔ་ཨིན་མས།
ཨོ་རྒྱན་ཆོས་གླིང་སྣག་ཚང་འདི་ ད་རེས་ནངས་པརཨོ་རྒྱན་ཆོས་གླིང་གི་ཨ་ཞེ་ ཀུན་བཟང་ཆོས་སྒྲོན་གྱིས་ འབྲུག་རྒྱལ་ཁབ་ཀྱི་ལམ་སྲོལ་བཟང་པོ་ཚུ་མི་ཉམས་གོང་འཕེལ་གྱི་དོན་ལུ་ ཧེ་མ་ལག་ལེན་འཐབ་སྲོལ་ཡོད་པའི་ཅ་ཆས་རྙིངམ་གི་རིགས་ཚུ་ བཙུགས་ཐོག་ལས་འགྲེམས་སྟོན་ཁང་བཟོ་སྟེ་ རྒྱུན་སྐྱོང་འབད་དེ་བཞག་སྟེ་འདུག། ལྷ་ཁང་འདི་ སྟང་རྒེད་འོག་གི་མི་སེར་ཚུ་གིས་ རྩ་ཆེས་ཤོས་ཅིག་སྦེ་བརྩིས་ཏེ་
དུས་བཟང་གིས་སྐབས་སུ་ སྤྱིར་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་དོན་ལུ་དང་ བྱེ་བྲག་རང་གི་རྒྱུད་ལུ་བསོད་ནམས་བསག་ནིའི་དོན་ལུ་ ཕྱག་དང་མཆོད་པ་ཚུ་ཕུལཝ་ཨིན་མས། དེ་མ་ཚད་ ཕྱི་རྒྱལ་ཁབ་ནང་ལས་འོང་མི་ལྟ་བཤལ་པ་ཚུ་ཡང་ ཨོ་རྒྱན་ཆོས་གླིང་གདན་ས་ལུ་ཡོད་པའི་རྩ་ཆེ་བའི་་གནས་ཚུ་མཇལ་བར་འོང་པའི་སྐབས་ ཨྱོན་ཆོས་གླིང་ལྷ་ཁང་དང་སྣག་ཚང་ཡང་ མཇལཝཨིན་མས། ཨྱོན་ཆོས་གླིང་ལྷ་ཁང་ འདི་ བཻ་རོ་ཙཱ་ནའི་རྣམ་སྤྲུལ་གཏེར་ཆེན་རྡོ་རྗེ་གླིང་པ་མཆོག་གིས་ ཡུལ་སོ་སོ་ལས་ཕར་གདན་ས་མང་རབས་ཅིག་ བཅགས་གནང་པའི་གྲས་ལས་གཅིག་ཨིནམ་ལས་མི་ཚུ་གིས་གནམ་མེད་ས་མེད་རྩ་ཆེ་དྲག་སྦེ་རྩིཝ་ཨིན་མས།
རྒྱབ་རྟེན།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༣ ) དད་པའི་ས་བོན། འབྲུག། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྤྲུན་ཁང་།
ཕན་བདེ་ལེགས་བཤད་དབང་ཕྱུག། (གནམ་ལོ་མེད། ༢༠༡༢) གནས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན།སྲོལ་འཛིན་སྡེ་ཚན།
ཨོ་རྒྱན་གུ་རུ་ལྷ་ཁང་།
༉ ཡོངས་གྲགས་ཅན་གྱི་ཨོ་རྒྱན་གུ་རུ་ལྷ་ཁང་འདི་ སྤ་རོ་རྫོང་ཁག་ལུང་གཉིས་རྒེད་འོག་གི་འོག་ལུ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཀྲར་ ༤༠༠༠ གི་ས་ཁར་ཆགས་ཏེ་འདུག། ལྷ་ཁང་འདི་ སྤ་རོ་འབངས་སྡེ་ཟམ་པ་ལས་ཡར་ སྣུམ་འཁོར་གསེབ་ལམ་བདའ་སྟེ་ ཀི་ལོ་མི་ཊར་ ༡༩ ལྷགཔ་ཅིག་འགྱོཝ་ད་ལྷོད་ཚུགསཔ་ཨིན་མས། (དད་པའི་ས་བོན། ས་ཕོ་ཁྱི་ལོ། ༢༠༠༨།) ལྷ་ཁང་འདི་ དུས་རབས་ ༡༤ པའི་ནང་ལུ་ གཏེར་སྟོན་ཤེས་རབ་མེ་འབར་གྱི་གདན་ས་བཅགས་གནང་ཡོདཔ་དང་ ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ གཙུག་ལག་ཁང་འདི་བཞེངས་ཚར་ཏེ་ ལྷ་ཁང་ནང་ན་ལུ་ཨྱོན་གུ་རུའི་སྐུ་འདྲ་གཅིག་ བླ་མ་བསྟན་འཛིན་དབང་པོ་ཟེར་ཞུ་མི་འདི་གིས་ བཞེངས་ནི་འགོ་བཙུགས་ཏེ་ སྐུ་འདྲ་འདི་ཧ་ལམ་བཞེངས་ཚར་ཏེ་མཐའན་མཇུག་ལུ་ སྐུ་འདི་གི་དབུ་འདི་ ཚད་གཞི་དང་ལྡན་ཏོག་ཏོ་སྦེ་བཞེངས་མ་ཚུགས་པར་ལུས་ཡོདཔ་ཨིན་མས།
སྐུ་བཞེངས་མི་འདི་གིས་ག་དེ་སྦེ་བཞེངས་ཏེ་འབད་རུང་ སྐུ་དེ་གི་སྐུ་གཟུགས་དང་བསྟུན་པའི་དབུ་བཞེངས་མ་ཚུགས་པར་ ག་དེ་སྦེ་འབད་ནི་ཨིན་ན་མ་ཤེས་པར་སྡོད་པའི་སྐབས་ལུ་ ཉིནམ་ཅིག་འབདཝ་ད་ ལྷ་ཁང་འདི་གི་ཕྱི་ཁར་སྐུ་ཚོང་རྐྱབ་མི་བུམོ་འཇའ་རིསམོ་གཉིས་འོངས་ཏེ་གུ་རུ་རིན་པོ་ཆེའི་དབུའི་སྐུ་འདྲ་གཅིག་འབག་སྟེ་འོང་འོངམ་ཨིན་མས། དེ་ལས་སྐུ་བཞེངས་མི་འདི་གིས་དབུའི་སྐུ་འདྲ་འདི་འབག་སྟེ་ སྐུའི་སྐུ་གཟུགས་གུར་ཚད་གཞི་བཏུབ་མ་བཏུབ་བལྟ་བའི་སྐབས་ དབུ་འདི་ཀྲིག་ཀྲི་ཚད་གཞི་དང་ལྡན་ཏོག་ཏོ་སྦེ་སྒྲིག་བཏུབ་ལས་ ལོག་སྟེ་ཕྱི་ཁར་སྐུའི་དབུ་འདི་ཁོ་གིས་ཏི་རུ་ག་དེམ་ཅིག་སྦེ་བཙོང་ཏེ་འབད་རུང་ ཉོ་ནི་སྦེ་སླབ་ཏེ་ཕྱི་ཁར་འགྱོ་བའི་སྐབས་ བུམོ་གཉིས་ག་སོང་གུ་སོང་མེད་པར་ཡར་སོངམ་ཨིན་མས། ཤུལ་ལས་ སྐུ་ཚོང་རྐྱབ་པར་འོང་མི་བུམོ་གཉིསཔ་འདི་ གུ་རུ་རིན་པོ་ཆེའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ མནྡ་ར་ཝ་གཉིས་ཨིནམ་སྦེ་ ཤེས་ནུག། སྐུ་བཞེངས་མི་བླམ་བསྟན་འཛིན་དབང་པོ་མཆོག་གིས་དབུ་འདི་སྐུའི་སྐུ་གཟུགས་གུར་ལེགས་ཤོམ་སྦེ་མ་བཀལ་བའི་ཧེ་མ་ དབུ་ལུ་ནང་རྟེན་ག་ནི་ཡང་མེདཔ་ལས་ནང་རྟེན་གཅིག་བཙུགས་ནི་འབདཝ་ད་ དབུ་འདི་གིས་གསུང་བྱོན་ཏེ་ ང་ལུ་ནང་རྟེན་ག་ནི་ཡང་ བཙུགས་མི་དགོ་ཟེར་གསུངས་གསུངམ་ཨིན་མས། འདི་འབདཝ་ལས་ལྷ་ཁང་འདི་གི་མིང་ཡང་ ཨྱོན་གུ་རུ་ལྷ་ཁང་ཟེར་དར་ཁྱབ་སོང་ནུག།
ལྷ་ཁང་འདི་ནང་ ནང་རྟེན་གཙོ་བོ་ར་ གཏེར་སྟོན་ཤེས་རབ་ཁོ་རའི་སྐུ་གདུང་དབུ་ཐོད་ཡོདཔ་དང་ བུམ་ཐང་མེ་འབར་མཚོ་ལས་བཏོན་ཡོད་ པའི་རྗེ་བཙུན་སྒྲོལ་མའི་སྐུ་འདྲ། དེ་ལས་ རྩ་ཆེ་ཤོས་ཅིགཔ་འདི་ གོང་ལུ་བཀོད་པའི་གུ་རུ་རིན་པོ་ཆེ་གསུང་བྱོན་བའི་སྐུ་འདྲ་ཚུ་ཡོདཔ་ཨིན་པས། དེ་ལས་ ད་རུང་ཧེ་མ་འབད་བ་ཅིན་ གཏེར་སྟོན་མཆོག་གིས་ཧཱ་ནུབ་མཚོ་ནག་པ་ཏྲ་ལས་བཞེས་པའི་རོལ་མོ་ཡོད་རུང་ ད་རེས་ནངས་པ་སྤ་རོ་རིན་སྤུངས་རྫོང་ནང་ཡོདཔ་ཨིན་པས། དེ་ཡང་ སྔོན་མ་གཏེར་བཏོན་ཤེས་རབ་མེ་འབར་མཆོག་བོད་ལས་ཧཱ་ལུ་བྱོན་པའི་བྱོན་ལམ་ཁར་ ཧཱ་ལུ་ཡོད་པའི་ནུབ་མཚོ་ནག་པ་ཏྲ་ནང་ལས་ དུང་ རྔ་དང་རོལམོ་ཆ་གཅིག་མཚོ་ནང་ལས་བཏོན་ནུག། དེ་དང་གཅིག་ཁར་ གཏེར་སྟོན་མཆོག་གིས་གསེར་གྱི་ཀཝ་གཅིག་ཡང་ཡོདཔ་གཟིགས་ཏེ་ སྤ་རོ་རྫོང་ལུ་ཕུལ་དགོ་པས་ཟེར་བའི་ཐུགས་བཞེས་གནང་ཏེ་ ཁོའི་རྫུ་འཕྲུལ་གྱིས་མཚོའི་ཆུ་ཚུ་ག་ར་ གཏེར་སྟོན་ཁོ་རའི་ཞལ་ནང་བཙུགས་ཏེ་བཞག་ཞིནམ་ལས་ ཤིང་བཟོ་བོ་ཚུ་ལུ་གསེར་གྱི་ཀཝ་འདི་བཏོག་སྟེ་གནང་ བཀྲིན་དགའ་ཚོར་གྱི་ཚུལ་ལུ་ཀཝ་གི་ཞོགས་ཀོ་ཚུ་འབག་ཟེར་གསུངས་ནུག། འདི་ལུ་ བཟོ་བོ་ཚུ་སེམས་མ་དགའ་བར་ གསེར་གྱི་ཀཝ་འདི་ག་ར་དྲ་དུམ་སྦེ་བཏོག་ནི་འགོ་བཙུགས་ཚེ་ གཏེར་སྟོན་མཆོག་གིས་ཁོང་ཚུ་གིས་དེ་སྦེ་མཛད་མ་ད་ཟེར་ལག་བརྡ་འབད་རུང་ བཟོ་བོ་ཚུ་གིས་ཉན་མ་བཏུབ་ལས་ ཞལ་ལས་མཚོའི་ཆུ་ཡང་ག་ར་གཏང་དགོཔ་ཐོན་ཏེ་ བཟོ་བོ་ཚུ་ ག་ར་མཚོ་ནང་ཐིམ་སོངམ་ཨིན་མས།
གཏེར་སྟོན་མཆོག་གིས་ མཚོའི་ཆུ་འདི་ཞལ་ལས་གཏངམ་ཅིག་ མཚོའི་གནས་བདག་གིས་གཏེར་སྟོན་མཆོག་བདའ་འོངམ་ད་ གཏེར་སྟོན་གྱིས་ རྔ་དང་རྔས་ཏོག་ཚུ་རིམ་པ་བཞི་ན་བཀོ་གཏངམ་ལས་ འདི་ཚུ་ཡང་ག་ར་མཚོ་གྱུར་ཏེ་ཡོདཔ་ཨིན་པས། མཐའ་མཇུག་ལུ་ལྷོདཔ་ད་ རོལམོ་གཅིག་རྐྱངམ་གཅིག་ལུས་ཡོདཔ་ཨིནམ་དང་ གཏེར་སྟོན་མཆོག་བྱོག་བྱོན་པའི་ལམ་གྱི་བར་ན་ ཨཔ་ཁྱུང་བདུད་མཉམ་ཅིག་ཕྱད་དེ་ གཏེར་སྟོན་དང་མཚོའི་གནས་བདག་གཉིས་ཀྱི་བར་ཁ་འཆམ་ཁ་བཟོ་སྟེ་ གཏེལ་སྟོན་མཆོག་ཧཱ་གི་ས་གོ་ནང་རྐངམ་ར་བཀལ་མ་ཆོགཔ་དང་ མཚོའི་གནས་བདག་འདི་ཡང་ལ་རྩེ་ལས་ཚུར་འོང་མ་ཆོག་པའི་ཁ་ཚིག་བཟོ་སྟེ་བྱིན་ཡོདཔ་ཨིན་མས། དེའི་ཤུལ་ལས་ གཏེར་སྟོན་མཆོག་ སྤ་རོ་སྤང་སྦིས་ས་ལུ་ ལྷོད་དེ་རྡོ་གཅིག་གུར་བཞུགས་ཏེ་བསྒོམ་གནང་བཞུགས་ཡོདཔ་ཨིནམ་དང་ རྡོ་འདི་ད་རེས་གུ་རུ་ལྷ་ཁང་ནང་གི་སྐུ་རྟེན་གཙོ་བོ་གུ་རུ་གསུང་བྱོནམ་བཞུགས་ས་ཨིནམ་སྦེ་བཤད་སྲོལ་འདུག།
རྒྱབ་རྟེན་དཔེ་ཐོ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད།༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་བསྐྲུན་ཁང་།
Asian Historical Architecture. (n.d.). Ugyen Guru Lhakhang, Paro, Bhutan. Retrieved from https://www.orientalarchitecture.com/index
Bayuel. (n.d.). Pangbisa Ugyen Guru Lhakhang. Retrieved from https://bayuel.com/attractions/pangbisa-ugyen-guru-lhakhang
Footlooseinme. (2018). Tale of Ugyen Guru Lhakhang in Pangbisa. Retrieved from https://footloosein.me/2018/06/21/ugyen-guru-lhakhang/
དབང་འདུས་རྩེ་ལྷ་ཁང་།
དབང་འདུས་རྩེ་ལྷ་ཁང་འདི་ འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཆབ་སྲིད་འཁོར་ལོ་བསྒྱར་བའི་ རྒྱལ་ས་ལྟེ་བ་ཐིམ་ཕུག་གི་མངའ་འོག་ལུ་ཡོད་པའི་ ཀ་ཝང་རྒེད་འོག་ནང་ལུ་ཆགས་ཏེ་ཡོདཔ་ཨིན། ཡ་མཚན་ཆེ་བའི་ལྷ་ཁང་འདི་མཇལ་ནིའི་དོན་ལུ་ དད་འདོད་ཅན་གྱི་མེ་སེར་ཕོ་མོ་ཚུ་གིས་ བདེ་ཆེན་ཕོ་བྲང་ལས་ཡར་གྱེན་འཛེགས་ཏེ་ དུས་ཡུན་སྐར་མ་ ༣༠ དེ་ཅིག་འགྱོཝ་ད་ ལྷ་ཁང་ལུ་ལྷོད་ཚུགསཔ་ཨིན། དེ་མ་ཚད་ ས་གནས་གཞན་ཁ་ལས་འགྱོ་ནིའི་དང་འདོད་ཡོད་རུང་ གཟི་ལུང་ཁ་དང་སངས་རྒྱས་སྒང་ཚུ་ལས་ཡང་ འགྱོ་སའི་ལམ་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ལྷ་ཁང་དང་རྫོང་གཞིས་ཚུ་མང་ཤོས་ར་སྔོན་བྱོན་དགེ་བ་གོངམ་ཚུ་གིས་ ལུང་བསྟན་དང་བསྟུན་ཏེ་བཞེངས་གནང་མི་ཙང་ཙ་ཨིན་མས། དེ་བཟུམ་སྦེ་དབང་འདུས་རྩེ་ལྷ་ཁང་ཡང་དད་པའི་ས་བོན་ (གནམ་ལོ་མེད་ ༢༠༡༣ ཤོག་གྲངས་ ༢༡༧) དང་འཁྲིལ་བ་ཅིན་ "ཟབ་དོན་ལྷུན་གྲུབ་རྩེའམ་དབང་འདུས་རྩེ་ལྷ་ཁང་འདི་ སྤྱ་ལོ་ ༡༧༡༥ ལུའམ་རབ་བྱུང་ ༡༢ པའི་ཤིང་ལུག་ལོར་ སྡེ་སྲིད་ཁྲི་རབས་བརྒྱད་པ་སྡེ་པ་རྒྱ་བོའམ་འབྲུག་རབ་རྒྱས་ཀྱི་དབུ་བླ་ མཁས་གྲུབ་བསྟན་འཛིན་དོན་གྲུབ་ཀྱིས་བཞེངས་གནང་ནུག།" ཟེར་ཨིན་པས། ཨིན་རུང་ ལྷ་ཁང་གི་ཁྱིམ་ཐོག་དང་ལྡེབས་རིས་ དེ་ལས་ཐང་ཀ་ཚུ་ སྤྱི་ལོ་ ༡༩༩༥ གི་ལོ་ལུ་ རླུང་འཚུབ་ཀྱི་གནོད་སྐྱེན་བཀལ་ཡོདཔ་པའི་ཤུལ་ མཇུག་ར་ ༢༠༢༠ གི་ལོ་ལུ་ ལོག་ཉམས་བཅོས་འབད་གནང་ཏེ་ཡོདཔ་ཨིན་མས།
ཤུལ་ལས་ དབང་འདུས་རྩེ་ལྷ་ཁང་འདི་ ཐིམ་ཕུག་རྫོང་དཔོན་ཚུ་དང་སྡེ་སྲིད་ཚུ་གིས་བཞུགས་གནས་ལུ་གྱུར་ཡོདཔ་མ་ཚད་ ཞབས་དྲུང་སྤྲུལ་སྐུ་གི་བཞུགས་གནས་ལུ་ཡང་གྱུར་ཏེ་ཡོདཔ་ཨིན། དེ་ཡང་ ཞབས་དྲུང་ཐུགས་སྤྲུལ་དང་པ་ འཇིགས་མེད་གྲགས་པ་མཆོག་ ཞིང་ལུ་མ་གཤེགས་པའི་ཧེ་མ་དབང་འདུས་རྩེ་ལུ་བཞུགས་ཡོདཔ་སྦེ་ཨིན་པས། དེ་གི་ཤུལ་ལས་ འབྲུག་གི་སྡེ་སྲིད་ཁྲི་རབས་ ༣༢ པ་དང་ ༣༦ པའི་ཁྲི་ཐོག་ལུ་བྱོན་མི་ སྡེ་སྲིད་ཆོས་སྐྱིད་རྒྱ་མཚོ་ཡང་དབང་འདུས་རྩེ་ལུ་བཞུགས་ཏེ་གཤགས་ཡོདཔ་མ་ཚད་ ཐིམ་ཕུག་རྫོང་དཔོན་ཀུན་བཟང་འཕྲིན་ལས་ཀྱི་སྒེར་གྱི་བཞུགས་གནས་སྦེ་ཡང་སྡོད་ཡོདཔ་སྦེ་ཨིན་པས།
དབང་འདུས་རྩེ་ལྷ་ཁང་འདི་ནང་ལུ་ དད་ཅན་གྱི་མི་སེར་ཚུ་གིས་སྐྱབས་འཚོལ་སའི་ནང་རྟེན་ཚུ་ཡང་ སྤྱིར་བཏང་ ལྷ་ཁང་དང་རྫོང་གཞིས་ཚུ་ནང་ལུ་ གདན་ས་བཅགས་གནང་མི་དང་ལུང་བསྟན་གནང་མི་ དེ་ལས་ས་གནས་འདི་ཁའི་གནས་བདག་ཚུ་གི་སྐུ་འདྲ་ཚུ་བཙུགས་སྲོལ་ཡོདཔ་བཟུམ་སྦེ ལྷ་ཁང་གི་འོག་ཐོག་ལུ་ནང་རྟེན་གཙོ་བོ་ སངས་རྒྱས་ཤཱཀྱ་ཐུབ་པ་དང་ དེའི་གཡས་ཧོངས་ལས་འཇམ་དཔལ་དབྱངས་དང་ གཡོན་ལས་སྤྱན་རས་གཟིགས་ཀྱི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་ཨིན། དེ་མ་ཚད་ ཚེ་རིང་མ་དང་དཔལ་ལྡན་ལྷ་མོ་ དེ་ལས་དཔལ་ཡེ་ཤེས་མགོན་པོའི་སྐུ་འདྲ་ཚུ་ཡང་མཇལ་ནི་ཡོདཔ་ཨིན་མས། ལྷ་ཁང་གི་སྟེང་ཐོག་ལུ་ཡོད་པའི་མགོན་ཁང་འདི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ ༢༠ ག་ཆོས་སྲུང་ག་ར་ཡོདཔ་ལས་བརྟེན་ཏེ་ འདི་གིས་འབྲུག་རྒྱལ་ཁབ་འདི་ ཕྱོགས་ལས་རྣམ་པར་རྒྱལ་ཏེ་ཡོད་པའི་བརྡ་མཚོན་སྟོནམ་ཨིན་མས།
ལྷ་ཁང་འདི་ནང་ལུ་ རང་ཟླ་ ༦ པའི་ཚེས་ ༢༢ ལས་འགོ་བཟུང་སྟེ་ཉིན་གྲངས་ ༩ གི་རིང་ལུ་ཁག་ཆེ་བའི་རིམ་གྲོ་ཚུ་གཏང་སྲོལ་ཡོདཔ་མ་ཚད་ རྒྱལ་པོའི་བསྟན་མདོས། ལྷ་མོའི་བསྟན་མདོས། ཚེ་རིང་མའི་བསྟན་མདོས་དང་ གནས་རྟེན་བཅུ་དྲུག་གི་མཆོག་ག་ཚུ་གནང་སྲོལ་ཡོདཔ་ཨིན་མས། མདོར་བསྡུས་བ་ཅིན་ དབང་འདུས་རྩེ་འདི་འབྲུག་གི་ཆོས་སྲུང་ཡོངས་རྫོགས་བཞུགས་ཏེ་ཡོད་སའི་ལྷ་ཁང་གཅིག་འབདཝ་ལས་ རྩ་ཅན་ཅིག་ཨིན་པས།
རྒྱབ་རྟེན།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༣) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
Orientalarchitecture.com. (n.d) Wangditse Lhakhang. Retrived from:
https://www.orientalarchitecture.com/sid/1565/bhutan/thimphu/wangditse-lhakhang
( to be continue with hyperlinking)