Jump to content

ཨཛར་བཡེ་ཇན

Wikipedia ལས།
ཨ་ཛར་བཡེ་ཇན་གྱི་ས་ཁྲ།

ས་ཆ་དང་རྒྱ་ཚད།

ཨ་ཛར་བཱའི་ཇཱན་འདི་ ཤར་ཕྱོགས་ཡུ་རོབ་དང་ནུབ་ཕྱོགས་ཨེ་ཤི་ཡ་གི་ མཐུད་མཚམས་ལུ་ཡོད་པའི་ ལྷོ་ཀའུ་ཀ་སཱས་ལུང་ཕྱོགས་ནང་ ཆགས་ཡོད་པའི་རྒྱལ་ཁབ་ཅིག་ཨིན། བྱང་ཁ་ཐུག་ལུ་ ར་ཤི་ཡ་དང་ བྱང་ནུབ་ཁ་ཐུག་ལུ་ ཇོརཇི་ཡ་ ནུབ་ཁ་ཐུག་ལུ་ ཨར་མེ་ནི་ཡ་ དེ་ལས་ ལྷོ་ཁ་ཐུག་ལུ་ ཨི་རཱན་དང་ ཤར་ཁ་ཐུག་ལུ་ ཀེསི་པི་ཡན་མཚོ་བདའ་སྟེ་ མཚོའི་མཐའམ་ཡོདཔ་ཨིན། སའི་རྒྱ་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་མ་༨༦,༦༠༠ ཡོདཔ་ཨིན། ཨ་ཛར་བཱའི་ཇཱན་འདི་ རི་དང་ས་ཆ་དམའ་ཤོས་ དེ་ལས་ ཀེསི་པི་ཡན་མཚོ་འགྲམ་ཚུ་ཡོད་པའི་ ས་ཆའི་ཆགས་ཚུལ་མ་འདྲཝ་ཡོད་པའི་རྒྱལ་ཁབ་ཅིག་ཨིན།

རྒྱལ་ས་ལྟེ་བ་ བཱ་ཀུ།

ཨ་ཛར་བྷེ་ཇཱན་གྱི་རྒྱལ་ས་ལྟེ་བ་ བཱ་ཀུ་འདི་ ཀེསི་པི་ཡཱན་རྒྱ་མཚོའི་ནུབ་ཕྱོགས་ཀྱི་ མཚོ་འགྲམ་ལུ་ཆགས་ཡོདཔ་ཨིན། རྒྱ་ཁྱོན་ཧ་ལམ་ཀོ་ལོ་མི་ཊར་གྲུ་བཞི་༢༡༤༠ དང་ སྤྱི་ལོ་ ༢༠༢༤ ལུ་ མི་རློབས་ས་ཡ་ ༢.༣ དེ་ཅིག་ཡོད་ཨིན། བཱ་ཀུ་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན།

བཱ་ཀུ་གི་གནམ་གཤིས་འདི་ རློན་གཤེར་རན་ཏོག་ཏོ་སྦེ་ མཚོ་མཐའ་མ་གི་ས་ཁོངས་འབད་ནི་དེ་གིས་ བྱཱར་ལུ་ཚ་དྲོད་ཡོདཔ་དང་ དགུན་ལུ་བསིལ་སུ་ཅིག་སྦེ་ཡོདཔ་ཨིན། ཧེ་མའི་ལོ་རྒྱུས་ལྟར་དུ་འབདན་ བཱ་ཀུ་འདི་ ཚོང་འབྲེལ་དང་ལམ་སྲོལ་གྱི་ མཐུད་མཚམས་ཅིག་ཨིནམ་ལས་ པར་ཤི་ཡ་དང་ ར་ཤི་ཡ་ དེ་ལས་ ཊར་ཀི་ཚུ་གི་ ལམ་སྲོལ་དར་ནི་དང་ ཤན་ཞུགས་འབད་དེ་ཡོདཔ་ཨིན། ཁྲོམ་གྱི་མི་རློབས་འདི་ མི་རིགས་མ་འདྲཝ་ཡོདཔ་ལས་ ཨ་ཛར་བཱའི་ཇཱན་གྱི་མི་རིགས་མང་ཤོས་ཅིག་དང་ ར་ཤི་ཡ་གི་ཁ་སླབ་མི་ཉུང་ཤོས་ཅིག་ཡོདཔ་ཨིན།

ཨ་ཛར་བཱའི་ཇཱན་འདི་ མང་ཤོས་ཅིག་ ཁ་ཆེ་གི་ཆོས་ལུགས་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ བཱ་ཀུ་གི་ ཁ་ཆེའི་ལྷ་ཁང་རྩིས་ཏེ་ ཁ་ཆེའི་ལྷ་ཁང་ལེ་ཤ་ཡོདཔ་དང་ ཡེ་ཤུ་དང་ ཇེའུ་གི་མི་སྡེ་ཚུ་ཡང་ ཡོདཔ་ཨིན་པས། བཱ་ཀུ་གི་སྒྱུ་རྩལ་ཚུ་ ཡོངས་གྲགས་ཅན་ཅིག་ཨིནམ་དང་ དེང་སང་གི་སྒྱུ་རྩལ་ཚུ་དང་གཅིག་ཁར་ སྔར་སྲོལ་གྱི་སྙན་ཆ་དང་ཞབས་ཁྲ་ དེ་ལས་ སྒྱུ་རྩལ་ཚུ་ཡང་ བརྩི་སྲུང་འབད་དོ་ཡོདཔ་ཨིན།

བཱ་ཀུ་འདི་ཡང་ མར་ཁུ་དང་རང་བཞིན་མེ་རླུང་ཕྱིར་ཚོང་གིས་ དཔལ་འབྱོར་སྟོབས་ཤུགས་ཅན་སྦེ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་པས། ཁྲོམ་སྡེ་འདི་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གིས་ ཨ་ཛར་བཱའི་ཇཱན་གི་རྒྱལ་ཡོངས་དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་སྦེ་རང་བྱུང་དོ་ཡོདཔ་ཨིན་པས། བཟོ་གྲྭ་གཙོ་བོ་ཚུ་ཡང་ རྡོ་སྣུམ་རྫས་སྦྱོར་དང་ གྲུ་ཆེན་སྐྱེལ་འདྲེན་ནི་ དེ་ལས་ བཟོ་སྐྲུན་ཚུ་ཨིན། བཱ་ཀུ་ལུ་ ལྟ་བཤལ་གྱི་ལཱ་འདི་ ཡར་འཕར་འགྱོ་དོ་ཡོདཔ་ད་ དེ་ཡང་ མེའི་ཀ་ཁྱིམ་དང་ ཀེསི་པི་ཡན་མཚོའི་མཐའ་མ་ དེ་ལས་ ཡུ་ནིསི་ཀོ་གི་ཐོ་ནང་ཚུད་པའི་ ཁྲོམ་རྙིངམ་ཚུ་ བལྟ་ནིའི་སྤྲོ་བ་ལུ་ འོང་དོ་ཡོདཔ་ཨིན་པས།

གནམ་གཤིས།

གནམ་གཤིས་འདི་ མང་ཤོས་ཅིག་རང་རློན་གཤེར་ཉུང་དྲགས་དང་ བྱཱར་འབདན་ཚ་དྲོད་ཡོདཔ་དང་ དགུན་འདིབསིལ་སུ་ཅིག་སྦེ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ གནམ་གཤིས་མ་འདྲཝ་མྱོང་དོ་ཡོདཔ་དང་ དེ་ཡང་ ཤར་ལྷོ་ཁ་ཐུག་ལུ་ གནམ་གཤིས་ཚ་དྲོད་ཆེ་བའི་ས་ཁོངས་ལས་ རི་ཁ་ཐོ་ས་ཚུ་ནང་ གནམ་གཤིས་བསིལ་དྲགས་སྦེ་ཡོདཔ་་ཨིན་པས།

བྱུང་རབས།

ཨ་ཛར་བཱའི་ཇཱན་འདི་ མི་སྡེའི་གོང་འཕེལ་གྱི་སྒྱུར་བ་ལེ་ཤ་ཅིག་གི་ འཐོན་སའི་ས་ཁོངས་ཅིག་ཨིན། དེ་ཡང་ སྔོན་མའི་ པར་ཤི་ཡ་རྒྱལ་ཁབ་དང་ ཨ་རབ་ དེ་ལས་ ཨོ་ཊོ་མཱན་རྒྱལ་ཁབ་ཚུ་གིས་ དབང་འཛིན་འབད་ཡོདཔ་ཨིན་པས། དུས་རབས་ ༡༩ པའི་ནང་ ར་ཤི་ཡའི་རྒྱལ་ཁམས་དབང་དུ་བསྡུ་བའི་ཤུལ་ལུ་ ཨ་ཛར་བཱའི་ཇཱན་གྱིས་ ༡༩༡༨ ལུ་ རང་དབང་རང་བཙན་གྱི་གསལ་བསྒྲགས་འབད་ཡོད་རུང་ ༡༩༢༠ ལུ་ སོ་ཝེཏ་ཡུ་ནིའོན་ནང་ མཉམ་འབྲེལ་འབད་ནུག། སྤྱི་ལོ་ ༡༩༩༡ ཟླ་ ༡༠ ཚེས་ ༡༨ ལུ་ ཨ་ཛར་བྷེ་ཇཱན་གྱིས་ ཡུ་ཨེས་ཨེས་ཨར་རྩ་མེད་འགྱོཝ་དང་འབྲེལ་ རང་དབང་ཐོབ་ཡོདཔ་ཨིན།

མི་རློབས་དང་མི་རིགས།

ཨ་ཛར་བཱའི་ཇཱན་གི་མི་རློབས་འདི་ སྤྱི་ལོ་༢༠༢༤ ལུ་ ཧ་ལམ་ས་ཡ་༡༠.༣ ཡོདཔ་ཨིན། མི་རིགས་ལས་འབདན་ ཨ་ཛར་བཱའི་ཇཱན་གྱི་མི་རློབས་མང་ཤོས་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་མི་རིགས་གཞན་ ལེཛ་གིན་དང་ ཏ་ལི་ཤི་ དེ་ལས་ ར་ཤི་ཡ་ཚུ་ཡོདཔ་དང་ ཁོང་ཚུ་མི་གྲངས་ཉུང་བའི་རིགས་ཨིན་པས།

ཁ་སྐད་དང་ཆོས་ལུགས།

ཨ་ཛར་བཱའི་ཇཱན་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ད་ མི་རློབས་ལ་ལུ་ཅིག་གིས་ ར་ཤི་ཡའི་ཁ་འདི་སླབ་དོ་ཡོདཔ་ཨིན། ཨ་ཛར་བཱའི་ཇཱན་གི་ལམ་སྲོལ་ནང་ལུ་ ཆོས་ལུགས་ཀྱིས་ ཁག་ཆེ་བའི་འགན་ཁུར་འབག་དོ་ཡོདཔ་ད་ མི་རློབས་བརྒྱ་ཆ་༩༥ དེ་ཅིག་ ཁ་ཆེའི་ཆོས་ལུགས་སྟོན་དོ་ཡོདཔ་དང་འདི་ནང་ མང་ཤོས་ཅིག་ ཤི་ཡཨེཊ་ཨིན་རུང་ སུ་ནཱི་སྟོན་མི་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན་མས། ཨ་ཛར་བཱའི་ཇཱན་ལུ་ ཆོས་ལུགས་གཞན་ལུ་གུས་ཞབས་འབད་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ ཡེ་ཤུ་དང་ཇིའུ་གི་ཆོས་ལུགས་འབད་མི་ཡང་སྡོད་དོ་ཡོདཔ་ཨིན་པས།

ལམ་སྲོལ་དང་གྱོན་ཆས།

ཨ་ཛར་བཱའི་ཇཱན་གྱི་ལམ་སྲོལ་འདི་ ཊར་ཀི་གི་སྲོལ་རྒྱུན་དང་ པར་ཤི་ཡ་གི་གོམས་གཤིས་ དེ་ལས་ ར་ཤི་ཡའི་སྲོལ་ཁྱུན་དར་ཁྱབ་ཀྱིས་ ཤུགས་སྦེ་རང་ སྒྱུར་བཅོས་དང་ཤན་ཞུགས་འབད་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ སྙན་ཆ་ (མུ་གྷམ་ཟེར་བའི་ ཨ་ཛར་བཱའི་ཇཱན་གྱི་སྔར་སྲོལ་སྙན་ཆ་གི་རྣམ་པ་) ཞབས་ཁྲ་དང་ སྒྱུ་རྩལ་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། རྒྱལ་ཡོངས་གྱོན་ཆས་འདི་ ཚོས་གཞི་མ་འདྲཝ་སྦེ་ཡོདཔ་ད་ ཨམ་སྲུ་ཚུ་གིས་ མགོ་ལས་རྐངམ་ཚུན་གྱོན་ཆས་རིངམོ་འབད་མི་ གྱོནམ་ཨིནམ་ད་ ཕོ་སྐྱེས་ཚུ་གིས་ པུས་མོ་ཚུན་གྱི་གྱོན་ཆས་དང་ ཞྭམོ་ཚུ་གྱོནམ་ཨིན་མས།

རྩེད་རིགས།

རྩེད་རིགས་ལུ་ སྤྲོ་བ་སྦོམ་ཡོདཔ་དང་ དམིགས་བསལ་གྱིས་ སྐེད་བཤེད་དང་རྐང་རྩེད་ དེ་ལས་ དམག་རྩེད་ཚུ་ཡོངས་གྲགས་ཅན་ཅིག་ཨིན། རྒྱལ་ཁབ་ནང་ སྐེད་བཤེད་དང་ མཛོག་ཁྱད་རྩེདམོ་ཚུ་ནང་ མཐར་འཁྱོལ་བྱུང་ཡོདཔ་ལས་ དུས་རྒྱུན་དུ་ རྒྱལ་སྤྱིའི་འགྲན་བསྡུར་ཚུ་ནང་ རྟགས་མ་ཚུ་ ཐོབ་དོ་ཡོདཔ་ཨིན་པས།

གཞུང་སྐྱོང་།

ཨ་ཛར་བཱའི་ཇཱན་འདི་ སྲིད་འཛིན་གྱི་སྐྱོང་པའི་ སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་དང་ གཞུང་ལྟེ་བ་འདི་ སྒྲིང་སྒྲིང་ཡོདཔ་ཨིན། སྲིད་འཛིན་ ཨིལ་ཧམ་ཨ་ལི་ཡེབ་ཀྱིས་ སྤྱི་ལོ་༢༠༠༣ ལས་ དབང་ཚད་བཟུང་ཡོདཔ་ཨིན་པས། རྒྱལ་ཁབ་འདི་དཔལ་འབྱོར་གྱི་ལུང་ཕྱོགས་༡༠ ལུ་ཁ་དབྱེ་སྟེ་ཡོདཔ་ད་ རྒྱལ་ས་ལྟེ་བ་ བཱ་ཀུ་འདི་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་ལས་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ བརྩི་དོ་ཕྱག་ཞུ་དོ་ཡོདཔ་ཨིན།

དཔལ་འབྱོར།

ཨ་ཛར་བཱའི་ཇཱན་ལུ་ མར་ཁུ་དང་རང་འབྱུང་མེ་རླུང་ཕྱིར་ཚོང་ལུ་ ཤུགས་སྦེ་ར་བརྟེན་སྡོད་མི་ གཞུང་དབང་མེན་པར་ སྒེར་ཚོང་ཤུགས་བཏོན་དཔལ་འབྱོར་ཡོདཔ་ཨིན་པས། སྤྱི་ལོ་༢༠༢༣ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཡུ་ཨེས་ཌོ་ལར་ཐེར་འབུམ་༩༡ དེ་ཅིག་ཡོདཔ་ད་ ཁོང་གི་དངུལ་ལོར་འདི་ ཨ་ཛར་བཱའི་ཇཱན་ནི་ མ་ནཱཊ་(AZN) འདི་ཨིན། རྒྱལ་ཁབ་ནང་ བཟོ་གྲྭ་གོང་འཕེལ་ནང་ དམིགས་བསལ་གྱིས་ པེ་ཊོ་ཀེ་མི་ཀཱལ་ཚུ་ནང་ གོང་འཕེལ་འགྱོ་སྟེ་ཡོད་རུང་ ལཱ་གཡོག་དང་ དཔར་འབྱོར་སྣ་མང་བཟོ་ནི་ནང་ གདོང་ལེན་ཚུ་ ད་ལྟོ་ཡང་ ཡོདཔ་ཨིན་པས།

ཕྱི་འབྲེལ་མཐུན་ལམ།

ཕྱི་འབྲེལ་མཐུན་ལམ་འདི་ ར་ཤི་ཡ་དང་ ཊར་ཀི་ དེ་ལས་ ཨི་རཱན་ཚུ་དང་གཅིག་ཁར་ མཐུན་ལམ་འདྲ་མཉམ་བཟོ་ནི་ལུ་ གཙོ་བོར་སྟོན་དོ་ཡོདཔ་ད་ ཨ་ཛར་བཱའི་ཇཱན་འདི་ འཛམ་གླིང་སྤྱི་ཚོགས་དང་ རང་དབང་ཅན་གྱི་རྒྱལ་ཁབ་ཚུ་བཟུམ་གྱི་ ལས་སྡེ་ཚུ་གི་འཐུས་མི་ཅིག་ཡང་ཨིན་མས།

ལྟ་བཤལ།

ལྟ་བཤལ་འདི་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཀེསི་པི་ཡན་མཚོའི་མཐའ་མ་དང་ སྔོན་ལུགས་ཀྱི་དྲན་རྟེན་ དེ་ལས་ གོ་བུ་སི་ཊན་གྱི་རྡོ་བརྐོས་ཚུ་གིས་ ལྟ་བཤལཔ་ཚུ་ འོང་ནི་ནང་སྤྲོ་བ་བསྐྱེད་བཅུག་དོ་ཡོདཔ་ཨིན། ཨིན་རུང་ ཨ་ཛར་བཱའི་ཇཱན་གྱིས་ ན་གོར་ནོ་ཀ་ར་བཱཀ་གི་སའི་དོན་ལས་ ཨར་མེ་ནི་ཡ་དང་གཅིག་ཁར་ འཁྲུག་རྩོད་བྱུང་མི་ལུ་བརྟེན་ ལུང་ཕྱོགས་ལ་ལུ་ཅིག་ནང་ ལྟ་བཤལ་ལུ་ ཐོ་ཕོག་ཡོདཔ་ཨིན་པས།

མཐའ་མཇུག།

མཐའ་མཇུག་ལུ་ ཨ་ཛར་བཱའི་ཇཱན་འདི་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་ རང་བཞིན་ཐོན་སྐྱེད་ཚུ་ནང་ ཕྱུགཔོ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། སྲིད་དོན་དང་དཔལ་འབྱོར་གྱི་ཐད་ཁར་ ཡར་རྒྱས་འགྱོ་དོ་ཡོད་རུང་ ཤར་དང་ནུབ་གཉིས་སླ་བསྲེ་རྐྱབ་སྟེ་ གཞན་དང་མ་འདྲ་བའི་ངོ་རྟགས་འདི་ བདག་འཛིན་འཐབ་སྟེ་ཡོདཔ་ཨིན།

རྒྱབ་རྟེན།

https://en.wikipedia.org/wiki/Azerbaijan


ཡོ་རོབ་གླིང་
བེ་ལ་རུ་སུ་ | གིརིསི་ | ཇཱར་མ་ནི་ | ཡུ་ནའི་ཊེཊ་ཀིང་ཌམ་ | ཨྀཊ་ལི་ | ཕརཱནསི་ | སིཔཱེན་ | པོར་ཅུ་གལ་ | སུའི་ཌན་ | ནོ་ཝེ་ | ནེ་དར་ལེནཌསི་ | བེལ་ཇིཡམ་ | ཌེན་མཱཀ་ | ཕིན་ལེནཌ་ | ཨའིསི་ལེནཌ་ | ཀོ་སོ་བྷོ། | ཨས་ཊི་ཡ་ | ཨའིརི་ལེནཌ | ཨིསི་ཊོ་ནི་ཡ་ | ཨཱལ་བེ་ནི་ཡ། | སུའིཊ་ཛར་ལེན་ | ཅེཀ་རི་པབ་ལིཀ་ | སི་ལོ་པ་ཀེ་ | ལི་ཐུ་ནི་ཡ། | ཀུརོ་ཤི་ཡ | བ་ཊི་ཀཱན་ | ལེཊི་བི་ཡ | སི་ལོ་ཝེ་ཉི་ཡ | ཨའིརི་ལེནཌ་ | ཨས་ཊི་ཡ | བཱུལ་གཱ་རི་ཡ།
ཕཱ་རོ་གླིང་ཕྲན།


"https://dz.wikipedia.org/w/index.php?title=ཨཛར་བཡེ་ཇན&oldid=38950" ལས་ སླར་འདྲེན་འབད་ཡོདཔ།